Sunday, March 8, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དཀར་མཛེས་ཡུལ་གྱི་དགོན་སྡེ་ལྷ་ཁང་འགའ་ཞིག་གི་ ངོ་སྤྲོད་རིན་ཆེན་དང་པོའི་དོ་ཤལ།

གཙང་ཁ་བ་བསོད་ནམས་རྡོ་རྗེ

April 2, 2022
in དཔྱད་རྩོམ།
0

བོད་བཙན་པའི་སྐབས་ཀྱི་ཏྲེའི་ཀ་བྲག་ཇོ་བོ།

དཀར་མཛེས་ཡུལ་གྱི་ནང་པའི་ལྷ་རྟེན་ཐོག་མ་ཏྲེའི་ཀ་བྲག་ཇོ་བོ། ཇོ་བོ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒོམ་པོས་རྒྱ་བཟའ་ཁབ་ཏུ་བཞེས་ནས་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བ་འདི་མནན་དགོས་པར་གཟིགས་ནས། དཔུང་པ་གཡས་ལ་སྐ་ཚལ(བཀའ་ཚལ)། གཡོན་ལ་ཁྲ་འབྲུག །རྐང་པ་གཡས་ལ་གཙང་འགྲམ། གཡོན་ལ་གྲོམ་པ་རྒྱང་སྟེ། རུ་བཞིའི་གཙུག་ལག་ཁང་བཞི། གྲུ་མོ་གཡས་ལ་ཀོང་པོ་བུ་ཆུང་། གཡོན་ལ་ལྷོ་བྲག་ཁོམ་མཐིང་། པུས་མོ་གཡས་ལ་སྐ་བྲག(ཀ་བྲག)། གཡོན་ལ་པྲ་དུམ་རྩེ་(སྤྲ་བདུན་རྩེ་)སྟེ་མཐའ་འདུལ་བཞི། ལག་མཐིལ་གཡས་ལ་བྱང་ཚུལ་གྱི་རླུང་གནོན། གཡོན་ལ་ཁམས་ཀྱི་འདན་ཀློང་ཐང་སྒྲོལ་མ། རྐང་མཐིལ་གཡས་ལ་མང་ཡུལ་བྱམས་སྤྲིན། གཡོན་ལ་མོན་ཡུལ་བུམ་ཐང་སྤ་གྲོ་སྐྱིར་ལ་སོགས་པ་གཙུག་ལག་ཁང་མང་པོ་བཞེངས་ནས། གདོད་འོ་ཟང་མཚོ་ལ་རྡོ་མཁར་རྩིགས། ཤིང་གིས་ཕུབ། ཀླུའི་འདམ་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བསྐྱལ་ནས་བདལ་ཏེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས་པའི་ནང་གི་ལྷ་ཁང་།  པུས་མོ་གཡས་པར་བཞེངས་པའི་ཀ་བྲག་ཅེས་པ་དེ་རེད། ( )།  ཆོས་རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་(༡༥༦༡)གིས་ཁྲི་རལ་གྱིས་བཞེངས་པའི་ཀྲེ་ཀ་བྲག་གི་གཙུག་ལག་ཁང་སོགས་ཀྱི་གནས་མཇལ་དུ་ཕེབས། ཞེས་གསུངས་()འདུག་ཀྱང་ཁོང་གིས་ཁུངས་གང་ལ་བཏུགས་པ་མ་ཤེས་སོ། ། 

རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་དུས་དཀར་མཛེས་ས་གནས་འདིར་ཀཿ བྲག་ཇོ་བོ་ཙམ་མིན་པར་རྫ་ལྷ་ཆེ་ཡང་བཞེངས་འདུག་པ་ནི། དེ་ཡང་ཆོས་སྡེ་འདི་ཡི་གནས་གཞི་ནི། །སྒྲོལ་མའི་རྣམ་སྤྲུལ་ལྷ་གཅིག་ཀོང་ཇོ་ཡིས། །ཞབས་ཀྱིས་བཅགས་ཤིང་ལྷ་ཆེན་ཞེས་གྲགས་པའི། །དུས་གསུམ་སངས་རྒྱས་ཉེ་བའི་སྲས་ཆེན་བརྒྱད། །ཁྲོ་རྒྱལ་མི་གཡོ་མགོན་དང་རྟ་མགྲིན་གྱི། །སྣང་བརྙན་ཡེ་ཤེས་སེམས་དཔའ་མངོན་སུམ་དུ། །ཞུགས་པའི་བྱིན་རླབས་གཟི་འོད་རབ་འབར་བ། །ཀླུ་འཇིམ་ལས་གྲུབ་གསར་དུ་བསྐྲུན་མཛད་ནས། །ཕྱོགས་འདིར་རྒྱལ་བསྟན་དར་ཞིང་རྒྱས་གྱུར་པ། །བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་སྨོན་ལམ་མཛད()། །ཞེས་གསུངས། 

ཀཿ བྲག་གི་གནས་འདིར་(རབ་བྱུང་བཅུ་གཉིས་པ་ཕྱི་ལོ་༡༡༠༠ཡི་འགོ་སྟོད་ཙམ་ནས་)ཀཿ བྲག་རྡོ་རྗེ་གདན་ཞེས་ཇོ་བོ་བཀའ་གདམས་པའི་དགོན་ཆེན་ཞིག་ཆགས་ནས་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་(༡༡༡༠/༡༡༩༣)དགུང་ལོ་བཅུ་དྲུག་བཞེས་པའིི་(༡༡༢༥)ཚེ་ཆོས་བསྐོར་ཆེན་པོའི་བཀའ་(ཀཿ )བྲག་ཏུ་རྔོག་ལོ་ཙྪ་བའི་སློབ་མ་མཆོག་གི་བླ་མས་མཁན་པོ་མཛད། ཕྱག་སེང་གེ་གྲག་གིས་སློབ་དཔོན་མཛད། རབ་ཏུ་བྱུང་ནས་དཔལ་ཆོས་ཀྱི་གྲགས་པ་ཞེས་བྱ་བར་མཚན་གསོལ། ལོ་གཉིས་སུ་དགེ་འདུན་གྱི་བྱ་བ་དང་། གནས་གཞི་འཇུག་པའི་ཕྱག་ལེན་མཛད་དོ། །ཇོ་བོ་རྗེའི་སློབ་མ་ཡོལ་སྟོན་ཆོས་དབང་དང་། དེའི་སློབ་མ་དགེ་བཤེས་ཀྲ་ར་བ་མཆེད་གཉིས་ལ་ཇོ་བོའི་ལུགས་ཀྱི་དཔལ་བདེ་མཆོག་འཁོར་ལོའི་དབང་དང་། གསང་སྔགས་ཀྱི་གྲུབ་མཐའ་མང་པོ་དང་། མི་གཡོ་བ་ལ་སོགས་ཀྱི་བཀའ་གདམས་ཀྱི་ཆོས་རྣམས་གསན་ཞིང་། བསྒྲུབ་པར་མཛད་པས་གྲུབ་རྟགས་རང་རང་སོ་སོའི་གཞུང་ལྟར་བྱུང་ངོ་། །ཞེས་()གསུངས།

འོན་ཏེ། རབ་བྱུང་བདུན་པ་ཡས་མས་ནས་ཀཿ བྲག་རྡོ་རྗེ་གདན་འདིར་ཉམས་ཆག་ཅུང་བྱུང་ཚད། རབ་བྱུང་བརྒྱད་པའི་ཆུ་བྱར་འཁྲུངས་པའི་ཞྭ་དམར་ཆོས་གྲགས་ཡེ་ཤེས་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཀརྨ་པ་དབང་ཕྱུག་རྡོ་རྗེ་སོགས་དཀར་མཛེས་ས་གནས་འདིར་འཁྲུངས་ཤིང་ཁང་དམར་དགོན་དུ་ཞུགས་ཚུལ་སོགས་ཡོད་ཀྱང་། ཀཿ བྲག་རྡོ་རྗེ་གདན་གྱི་སྐོར་ཅི་ཡང་མི་གསལ་བས་སྐབས་དེ་དུས་ནས་ཉམས་ཆག་ཤོར་ཟིན་པར་མངོན་ནོ། །

ས་སྐྱའི་དུས་རབས་ནང་བྱུང་བའི་ཏྲེ་ཧོར་ཁང་དམར་དགོན།

ཁང་དམར་དགོན་ནི་ཆོས་རྗེ་ཀརྨ་པ་ཀུན་གསུམ་མཁྱེན་པའི་རྟོགས་པའི་བཀའ་བབས་ཀྱི་ཐུགས་སྲས་དབྲ་སྒོམ་པ་ཡེ་དགེ་ཆོས་བརྩོན་()གྱིས་ཆོས་རྗེ་ཀརྨ་པ་དུས་གསུམ་ཐམས་ཅད་མཁྱེན་པ་དཔལ་ཆོས་ཀྱི་གྲགས་པ་མཆོག་གི་དགོངས་རྫོགས་སུ་དམིགས་ནས་སྟོན་པ་གཙོ་འཁོར་གསུམ་བཞེངས་དགོས་དགོངས་ནས། རང་གི་ཡབ་རྗེ་དབྲ་བ་བསོད་ནམས་སེང་གེར་ཞུས། ཡབ་རྗེས་རང་གི་འབངས་རྣམས་ལ་དགེ་བསྐུལ་མཛད་ཅིང་། དབྲ་དཔོན་རང་ཉིད་ཀྱིས་གཙོ་བོ་བྱས་པའི་རྒྱུད་གཡག་མཁར་ཚང་དང་། སེང་ཐོག་ཚང་། ཝ་སྒང་ཚང་། འཇང་རི་ཚང་སོཊ་ཀྱིས་གསེར་དངུལ་གྱིས་ཐོག་དྲངས་ནས་ཟངས་རགས་མང་པོ་འབུལ་བ་དང་། གྲོ་ནས་སྲན་གསུམ་ཁལ་སྟོང་ལྷག་ཉིན་གཅིག་རང་ལ་བྱུང་ཞིང་། གཞནཡང་རིམ་གྱིས་བྱུང་བའི་དངོས་རྫས་རྣམས་ཀྱིས་སྟ་གོན་ལེགས་པར་གྲུབ།() 

དེ་ནས་རབ་བྱུང་གསུམ་པའི་བགྲང་བྱ་ཞེ་བརྒྱད་པ་ཤིང་སྟག་(ཕྱི་ལོ་༡༡༩༤) ལོར་ཁང་དམར་དགོན་པ་ཕྱག་བཏབ་བྱས།  རབ་བྱུང་བཞི་བའི་ཤིང་སྟག་(ཕྱི་ལོ་༡༢༥༤) ལོར། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་ཧོར་གོང་མའི་དྲུང་དུ་ཕེབས་སྐབས་གནས་འདིར་ཕེབས་ནས་བཀའ་སློབ་ལམ་སྟོན་གནང་འདུག །དེ་ནས་ཀརྨ་པ་རང་བྱུང་རྡོ་རྗེ་(༢༢༨༤/ ༡༣༣༩)དང་། རོལ་པའི་རྡོ་རྗེ(༡༣༤༠/ ༡༣༨༣)། དེ་བཞིན་གཤེགས་པ(༡༣༨༤/ ༡༤༡༥)། མཐོང་བ་དོན་ལྡན(༡༤༡༦/ ༡༤༥༣)། ཆོས་གྲགས་རྒྱ་མཚོ(༡༤༥༤/ ༡༥༠༦)། མི་བསྐྱོད་རྡོ་རྗེ(༡༤༡༦/ ༡༤༥༣)། དབང་ཕྱུག་རྡོ་རྗེ་(༡༥༥༦་༡༦༠༣)བར་སྐུ་ཕྲེང་སྔ་ཕྱི་དང་། ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་གྲགས་ཡེ་ཤེས་དཔལ་བཟང་(༡༤༥༣/ ༡༥༢༤)སོགས་ཕེབས་ནས་རྟེན་དང་བརྟེན་པར་ཉམས་གསོ་དང་བཤད་སྒྲུབ་འཆད་ཉན་རྒྱ་ཆེར་གནང་འདུག །()དེ་དག་ལ་བརྟེན་ནས་ཁང་དམར་དགོན་འདི་བཀའ་བརྒྱུད་པའི་དགོན་པ་ཆེན་པོ་ཞིག་རེད་ཟེར་ཡང་། 

ཁང་དམར་དབུ་རྩེའི་ལྷ་ཁང་ནང་གི་ཞལ་ཐང་རྙིང་པ་ཞིག་གི་རྒྱབ་ཡིག་ཏུ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་སློབ་མ་བྱང་སེམས་ཐར་པ་རྒྱལ་མཚན་གྱིས་མཛད་པ་སོགས་གསལ་ཞིང་། ནང་གི་འབུར་སྐུ་བཅུ་དང་སྟེང་གི་ཐོག་ལ་བྲིས་པའི་དཀྱིལ་འཁོར་འདི་རྣམས་བྱང་སེམས་ཐར་པ་རྒྱལ་མཚན་གྱིས་བཞེངས་པ་ལ་ཡིད་ཆེས་པའི་གནས་སོ། །ཞེས་ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཧོར་དཔོན་པོའི་གདུང་བརྒྱུད་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་དུ་གསལ་ལ། དེ་ཙམ་དུ་མ་ཟད། བཀའ་གདམས་ཆོས་འབྱུང་ལས། ཆོས་སྡེ་འདི(སེ་ར)་ལ་གྲྭ་ཚང་ལྔ་བྱུང་བའི་རྒྱ་གྲྭ་ཚང་དང་། འབྲོམ་སྟེངས་གྲྭ་ཚང་གཉིས་ནི་ཕྱིས་སྟོད་པ་ཉིད་འདྲིལ་བ་ཡིན་སྣང་། གྲྭ་ཚང་སྟོད་དུ་དང་པོར་ཆེན་པོ་ཤེར་རྒྱམ་པས་འཆད་ཉན་མཛད། དེ་རྗེས་གུང་རུ་ཆོས་བློ་དང་། དེ་ནས་སློབ་དཔོན་ཤཱཀྱ་བཟང་བ་སྟེ་འདིས་འཕྲིན་ལས་བསྐྱབས་པའི་མཐར་འབྲོམ་སྟེངས་དགོན་པར་གདམས་པ་ཐུགས་ཉམས་སུ་བཞེས་པས་ཉམས་མྱོང་ཁྱད་པར་ཅན་འཁྲུངས་པར་སྣང་། དེའི་རྗེས་སུ་སློབ་དཔོན་ཀྲེ་རིངས་བློ་གྲོས་རིན་ཆེན་གྱིས་བཤད་ཉན་མཛད། ཕྱིས་ཁམས་སུ་བྱོན་ནས་ཀྲེ་ཁང་དམར་གྱི་གདན་ས་མཛད་པ་ལ། སྤྲུལ་བའི་སྐུ་ཞྭ་དམར་ཅོད་པན་འཛིན་པར་རབ་བྱུང་ཞུས། ཞེས་གསུངས། ཞྭ་དམར་ཅོད་པན་འཛིན་པ་ནི་རབ་བྱུང་བརྒྱད་པའི་ཆུ་བྱ་(ཕྱི་ལོ་༡༤༥༣)ལོར་ཕེབས་པའི་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་དཔལ་བཟང་ལགས་རེད། ཁོང་གིས་དགུང་ལོ་བརྒྱད་པར་(༡༤༦༠)རྗེ་འདིས་གཙུག་ཕུད་བཞེས་འདུག །སྨོན་ལམ་ཚིག་མཛད་དུ། དགུང་ལོ་བརྒྱད་པར་རྗེ་ཆོས་གྲགས་རྒྱ་མཚོས་གཙུག་ཕུད་བཞེས་ཞེས་བྲིས་འདུག་ཀྱང་། དེ་ནི་ཞ་བོ་ལོང་བའི་རྗེས་སུ་འབྲང་པ་ལྟ་བུ་ཡིན་ཏེ། ཆོས་གྲགས་རྒྱ་མཚོ་ནི་ཀརྨ་པ་སྐུ་འཕྲེང་བདུན་པ་རྗེ་ཆོས་གྲགས་རྒྱ་མཚོ་ཡིན་ལ། ཁོང་ནི་རྗེ་འདི་ལས་དགུང་ལོ་གཅིག་གིས་ཆུང་བས་གཙུག་ཕུད་ཇི་ལྟར་བཞེས་སམ། རྗེ་ཞྭ་དམར་པའི་གཙུག་ཕུད་བཞེས་མཁན་ནི་ཀྲེ་རེངས་པ་བློ་གྲོས་རིན་ཆེ་མཆོག་ཡིན་པར་གོར་མ་ཆག་གོ །དེ་ཚོར་ལྟོས་ན་ཁང་དམར་དགོན་འདི་ནི་དགེ་ལུགས་པའི་དགོན་སྡེ་རྐྱང་བ་མ་ཡིན་ཡང་། འདིའི་ནང་དགེ་ལུགས་པའི་མཁས་པ་མང་པོ་ཞིག་བཞུགས་པ་མངོན་པས་རིས་མེད་ཀྱི་དགོན་སྡེ་ཆེན་པོ་ཡིན་ངེས་སྙམ། 

དགོན་པ་གཞི་རྒྱ་ཧ་ཅང་ཆེ་བས་ཚོགས་འཚོག་དུས་ཕྱོགས་བཞི་ནས་དུས་མཉམ་དུ་མཁར་རྔ་དང་ཚོགས་དུང་མ་གཏོང་ན་མི་གོ་བའི་ཚད་དུ་ལུས་འདུག །དགེ་འདུན་ཞལ་གྲངས་ཀྱང་སུམ་ཁྲི་དྲུག་སྟོང་བརྒལ་བ་ཡོད་པས་དགོན་པའི་མཚན་ལའང་སུམ་ཁྲི་དྲུག་སྟོང་དགོན་ཞེས་ཐོགས་ཚུལ་དང་།  ཆབ་མདོ་དང་། མཚོ་སྔོན། ཀན་སུའུ་། ཨ་མདོ། ཡུལ་ཤུལ། འཇང་ཐང་སོགས་ནས་སློབ་གཉེར་བ་མང་པོ་ཕེབས་ཤིང་། བཞུགས་ཁང་མེད་དུས་སྦྲ་ཕུད་ནས་བཞུགས་ཚུལ་སོགས་རྒན་ཁོ་ཁོ་ཡིས་བྲིས་འདུག །() དུས་རྒྱུན་ལ་ཡང་ཁང་དམར་དགོན་འདི་སྔོན་མར་འདུས་ཚོགས་ཆེ་ཞིང་བཤད་སྒྲུབ་སློབ་གཉེར་ཧ་ཅང་དར་བས་མདོ་སྨད་ཕྱོགས་ཀྱི་གྲྭ་རྒྱུན་མང་པོ་ཞིག་གདན་སར་དགའ་བྱང་སོགས་སུ་མ་ཕེབས་བར་གནས་འདིར་ཕེབས་ནས་སློབ་གཉེར་གནང་སྲོལ་ཡོད་ཚུལ་ཡང་གོ །གང་ལྟར་རབ་བྱུང་གསུམ་པ་ནས་བཅུ་པའི་བར་ཧ་ཅང་དར་རྒྱས་བྱུང་བར་མངོན་ནོ། །

ས་སྐྱའི་དུས་རབས་ནང་བྱུང་བའི་ཏྲེའི་སྡེ་མགོན་པོ།

སྡེ་མགོན་པོ་ཞེས་བྱིན་རླབས་ཀྱི་ཚོན་ཁ་འབར་བའི་མགོན་པོ་འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བཀས་བསྐུལ་བ་བཞིན་ཡོན་རྒྱལ་རབས་ཀྱི་སྐབས། བོད་རབ་བྱུང་ལྔ་བའི་ཤིང་སྤྲེལ་(ཕྱི་ལོ་༡༢༨༤)ལོར་ཧོར་རྒྱལ་པོ་སེར་ཆེན་གྱིས་རྒྱབ་སྐྱོར་འོག །ཝང་གི་གོ་གནས་ཡོད་པའི་རྒྱལ་སྲས་ཀྲང་ཅིན་དང་སྒ་ཨ་གཉན་དམ་པ་()གཉིས་ས་གནས་སུ་ཕེབས་ནས་གསར་བཞེངས་གནང་བ་རེད()། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བྲིས་པའི་དཀར་ཆག་ལྟར་ན། ལྷ་བཟོ་སྒ་ཨ་གཉན(ཨ་གཉན་པག་ཤི་)དམ་པ་རང་གིས་བྱས་པར་བཤད།  དེ་ནས་བཟུང་སྟེ་མགོན་ཁང་འདི་ནི་ཧོར་ཚང་རིགས་བརྒྱུད་ཀྱིས་བདག་བཟུང་བྱས། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་ཧོར་གྱི་དགོན་སྡེ་བཅུ་གསུམ་བཏབ་རྗེས། ཧོར་ཚང་དགོན་སྡེ་ཁག་གི་སྨོན་ལམ་འཚོག་སར་བྱས་ཀྱང་རིམ་གྱིས་འགྱུར་བ་སོང་ནས་ཕྱི་ལོ་ང་དགུའི་སྔོན་དུ་དཀར་མཛེས་དགོན་པའི་སྨོན་ལམ་འཚོག་སར་གྱུར།  རིག་གནས་གསར་བརྗེའི་རྗེས་སུ་དཀར་མཛེས་དགོན་པས་སྨོན་ལམ་ཐེངས་འགར་ཚོགས་ཀྱང་། ཆབ་སྲིད་ཀྱི་འགྱུར་པས་ཕྱིས་མགོན་ཁང་དུ་སྨོན་ལམ་ཚོགས་རྒྱུ་བཀག་འགོག་ཐེབས་པ་རེད། མགོན་པོ་འདི་ནི་དཀར་མཛེས་ས་གནས་སུ་ནང་པའི་ལྷ་རྟེན་དང་པོའི་གྲས་རེད། དུས་རབས་བཅུ་དྲུག་པའི་མཐའ་དང་བཅུ་བདུན་པའི་གོང་དུ་སོག་པོས་དཔལ་འབྱོར་གྱི་རྒྱབ་སྐྱོར་འོག་ཡར་རྒྱུས་ཅུང་བཏང་འདུག །

མགོན་ཁང་འདི་ཉམས་གསོའི་དབང་དུ་བྱས་ན། བོད་ས་སྤྲེལ་(ཕྱི་ལོ་༡༦༦༨)ལོར་ཤིང་ཆ་ཆ་ཚང་བཟོ་བཅོས་བྱས་པར་མ་ཟད། ལྡེབས་རིས་ཀྱང་གསར་པ་དང་། ཐོག་བརྩེགས་གང་འོག་གཉིས་ནང་ཡོད་པའི་སྐུ་འདྲ་རྙིང་པ་སོགས་ཀྱང་བཟོ་བཅོས་གནང་འདུག །ཧོར་ནམ་མཁའ་བློ་བཟང་གིས་སངས་རྒྱས་རབས་བདུན་གྱི་ལྡེབས་རིས་དང་སྐུ་འདྲ་སོགས་བཟོ་བཅོས་བྱས། ཧོར་ནམ་མཁའ་རྒྱལ་མཚན་(༡༦༥༦ལོར་འདས།)དང་དཔོན་པོ་དར་རྒྱས་གཉིས་ཀྱིས་ཕྱི་ལོག་གི་ཚོགས་ཁང་དང་(མགོན་ཁང་རྙིང་པ་ནི་སྐོར་ལམ་ནང་མ་གང་དེ་རེད། ཕྱིས་ཧོར་ནམ་མཁའ་རྒྱལ་མཚན་གྱིས་གཙུག་ལག་ཁང་ཆེན་པོ་དེ་བཞེངས་པ་རེད།)། ནང་གི་སྐུ་འདྲ་བཞུགས་སའི་ཁྲི་བཅས་གསར་བཞེངས་བྱས་འདུག །རྒྱ་ནག་གོང་མ་ཆན་ལུང་(ཁྲི་བཞུགས་༡༧༣༦ནས་༡༧༩༥)དང་གོང་མ་རྐྱ་བར་(ཁྲི་ལོ་༡༨༥༡ནས་༡༨༦༡)གཉིས་ཀྱིས་དངུལ་བཏང་ནས་བཟོ་བཅོས་ཀྱང་བྱས་འདུག །གོང་མ་ཆན་ལུང་ཁྲི་རབས་ཞེ་གཉིས་པར་ཕྱི་ལོ་(༡༩༧༧)ལོར་ཟིན་ཁྲན་བཅའ་བསྡད་དམག་སྤྱི་ཧག་གིས་བཀའ་གཏན་བྱང་བུ་ཞིག་གནང་འདུག་བ་དེ་དེང་སྐབས་མགོན་ཁང་སྒོ་ལ་སྦྱར་ཡོད་ཚུལ་བྲིས་འདུག() བྱང་བདག་རིག་འཛིན་ངག་གི་དབང་པོས་ཀྱང་ཉམས་གསོ་བྱས་ཚུལ་ཡང་གསལ།() 

མགོན་པོའི་སྐོར་ལོ་རྒྱུས་ཀྱི་རྒྱུ་ཅུང་རྒྱས་པ་ཡོད་དེ། སྐབས་དོན་སྟོར་ཞིང་ཡིག་ཚོགས་མང་བར་དོགས་ནས་གནས་སྐབས་བཤད་རྒྱུ་མིན། གཞན་ཡང་སྒ་ཨ་གཉན་དམ་པས་རབ་བྱུང་བཅུ་བཞི་བའི་མེ་སྦྲུལ་(ཕྱི་ལོ་༡༢༥༧)ལོར་ཁ་ནོན་དགོན་པ་ཕྱག་བཏབ་པ་རེད་ཅེས་ཟེར་སྲོལ་འདུག་(འགྲོ་མགོན་འཕགས་པ་༡༢༥༢ལོར་རྒྱ་ནག་ཏུ་ཕེབས་ནས་༡༢༦༠ལོའི་བར་རྒྱ་ནག་ཏུ་བཞུགས་འདུག )གལ་སྲིད་ཡིན་ན། དེ་ནི་དཀར་མཛེས་ས་གནས་སུ་ས་སྐྱའི་དགོན་པ་ཐོག་མ་དེ་རེད། གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་ནི་དཔོན་པོ་བསོད་ནམས་སེང་གེས་ཕྱི་ལོ་(༡༥༨༢)ལོར་ཕྱག་བཏབ་པའི་དཔལ་ལྡན་ས་སྐྱའི་དགོན་པ་ཞིག་རེད།() 

དགའ་ལྡན་ཕོ་བྲང་གི་སྐབས་སུ་བྱུང་བའི་ཏྲེ་ཧོར་དཀར་མཛེས་དགོན།

ཧོར་ཡུལ་(དཀར་མཛེས་)ཕྱོགས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དགེ་ལུགས་པའི་བསྟན་པའི་རྩ་བ་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཧོར་གྱི་དགོན་སྡེ་བཅུ་གསུམ་(དང་པོ་དགོན་སྡེ་བཅུ་གསུམ་གྱི་མ་དགོན་དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་། གཉིས་པ་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་། གསུམ་པ་རྫ་དགའ་ལྡན་བསམ་འགྲུབ་གླིང་།བཞི་པ་བྲག་ལྕོག་དགོན་དགའ་ལྡན་འཕེལ་རྒྱས་གླིང་། ལྔ་པ་བཀྲ་ཤིས་དར་རྒྱས་ཕུན་ཚོགས་གླིང་། དྲུག་པ་ཁང་དམར་བསམ་འགྲུབ་དགོན། བདུན་པ་ཤིང་ཁོག་ལྕོག་རི་དགོན། བརྒྱད་པ་སྙི་མཁའ་གཉའ་དགོན། དགུ་པ་བྲག་འགོ་དགའ་ལྡན་རྣམ་རྒྱལ་གླིང་། བཅུ་པ་རྟའུ་གཉན་མཚོ་དགོན། བཅུ་གཅིག་པ་བོན་(བེ)རི་འགྲོ་ཕན་གླིང་།བཅུ་གཉིས་པ་རྩིས་ཚང་དགའ་ལྡན་ཆོས་འབྱོར་གླིང་། དགོན་སྡེ་གཅིག་ཙམ་ཞིག་རལ་སོང་བ་ཡིན་ནམ། འོན་ཏེ་བཅུ་གསུམ་མམ་བཅུ་གཉིས་()ཕྱག་བཏབ། དེའི་ཁུ་བོ་དཀའ་བཅུ་ནམ་མཁའ་འོད་ཟེར་གཉིས་ལ་ཐུག་འདུག་པས་བཀའ་དྲིན་ལྷག་པར་ཆེའོ། །དེ་བཞིན་དུ་བསྟན་པ་སྤྱི་དང་ཁྱད་པར་དགེ་ལུགས་པའི་སྦྱིན་བདག་གི་རྩ་བ་ནི་ཧོར་རིགས་དཔོན་པོ་གོང་མ་རྣམས་དང་། དེའི་ནང་ནས་ཀྱང་ཧོར་ཆོས་རྗེའི་ཡབ་ཧོར་ནམ་མཁའ་རྒྱལ་མཚན་ཞེས་པ་དེ་ལ་ཐུག་འདུག །རྒྱུ་མཚན་དེའི་ཕྱིར་ན་ཧོར་རིགས་དཔོན་པོ་རྣམས་དགེ་ལུགས་པའི་སྦྱིན་བདག་བཟང་པོར་གྱུར་ཅིང་།  ཧོར་གྱི་དགོན་པ་རྣམས་ཀྱང་བསྟན་འགྲོའི་ཕན་བདེ་རྒྱ་ཆེན་མོའི་དམིགས་རྐྱེན་དུ་གྱུར་པ་ཤིན་ཏུ་བཟང་། ཕྱིས་སུ་ཁང་གསར་དཔོན་རྡོ་རྗེ་རབ་བརྟན་གྱིས་ས་སྤྲེལ་(༡༧༢༨)ལོ་ལ་༸རྒྱལ་དབང་བློ་བཟང་བསྐལ་བཟང་རྒྱ་མཚོ་གོང་མ་རྒྱལ་པོའི་བཀས་མགར་ཐར་ཕྱོགས་སུ་སྤྱན་དྲངས་ནས་ལོ་བཞི་སོང་མཚམས་བོད་ཕྱོགས་སུ་ཆིབས་ཁ་སྒྱུར་སྐབས་ཡར་ལམ་ཁྲི་ཆེན་རྡོ་རྗེ་འཆང་ཡོངས་འཛིན་ངག་དབང་མཆོག་ལྡན་ཁང་གསར་དཔོན་རྡོ་རྗེ་རབ་བརྟན་གྱིས་ཡུལ་ཕྱོགས་འདིར་སྤྱན་དྲངས་པའི་དུས་ཚོད་དེར་བླ་མ་ཉིད་ཀྱི་ཞལ་ནས་དགོན་པ་འདི་ཆགས་ནས་ལོ་ཅི་ཙམ་སོང་ཞེས་བཀའ་ཕེབས། དགོན་པའི་ལས་སྣེ་རྣམས་ནས་ཞུ་བ་ཕུལ་རྒྱུ་མ་རྙེད་པའི་དེའི་སྐབས་བླ་རྒན་དགུང་ལོ་བདུན་ཅུ་དོན་གྲངས་ཡིན་པ་ཞིག་གིས་ཟླ་གྲོགས་རྣམས་ལ་ན་རེ། ང་ལོ་བཅུ་གཉིས་བཅུ་གསུམ་ཙམ་ལ་ཤུག་རིའི་དགོན་པ་འདི་གར་སྤོས་ནས་གསར་དུ་ཆགས་པ་ཡིན་ཟེར་གླེང་མོ་བྱས་སྐད་འདུག །དེའི་དབང་དུ་བྱས་ན་དུས་ཚོད་དེ་ཙམ་ལ་དཀར་མཛེས་དགོན་འདི་གར་ཆགས་ནས་ལོ་དྲུག་ཅུ་རེ་གཉིས་ཙམ་སོང་བ་འདྲ། འོན་ཀྱང་དཀར་མཛེས་དགོན་པ་འདི་གར་ཆགས་ནས་ད་ལོ་ཆུ་འབྲུག་(༡༧༧༢)ལོ་འདིའི་ཡན་ཆད་མི་ལོ་ཆིག་བརྒྱ་བདུན་ཅུ་དོན་ལྔ་ཙམ་སོང་འདུག །དེ་ཙམ་གྱི་དབང་དུ་བྱས་ན་དཀར་མཛེས་དགོན་འདི་མེ་བྱ་(༡༥༩༧)ལོ་ལ་ཆགས་བཏབ་པ་ཡིན་འདྲ་ཞིང་། མཁས་པ་རྣམས་ཀྱིས་དཔྱོད། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་དེ་ཉིད་ཀྱིས། མདོ་ཁམས་སྨད་ཕྱོགས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ཐུགས་ཁུར་ཆེར་བཞེས་ནས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་མཛད་འཕྲིན་འགྲན་ཟླ་དང་བྲལ་བ་ཕྱོགས་ཐམས་ཅད་དུ་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པ་དང་། བསྟན་པའི་རྒྱལ་མཚན་སྲིད་རྩེ་བར་བསྒྲེངས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དེའི་རྗེས་ཧོར་སྐུ་མདུན་ཟེར་བ་ཞིག་མཁར་དཀར་པོའི་ནང་ཧོར་ཆོས་རྗེའི་སྐུ་ཚབ་མཛད་སྐད་འདུག ། དེ་ནས་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་ཞུ་བ་དེས་མཁར་དཀར་པོའི་ནང་ཧོར་ཆོས་རྗེའི་སྐུ་ཚབ་མཛད་ནས་ལོ་ཁ་ཤས་ཀྱི་བར་བཞུགས། དགོན་པ་འཚོ་སྐྱོང་མཛད་པར་འདུག །ཅེས་ལམ་བྲག་བསྐལ་བཟང་རྣམ་རྒྱལ་མཆོག་གིས་མཛད་པའི་ཧོར་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་ནང་བྲིས་འདུག་ཀྱང་དུས་ཚིགས་ལ་ཅུང་ནོར་སྐྱོན་ཡོད་དེ།  ༸ རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཆང་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་ཐར་པ་མདོ་ཙམ་བརྗོད་པ་དཔག་བསམ་རིན་པོ་ཆེའི་སྙེ་མ། ཤོག་གྲངས།(༡༨༢) ནང་།  (ཕྱི་ལོ ༡༧༣༥)དེ་ནས་ཁང་གསར་དཔོན་རབ་བརྟན་གྱིས་རྟེན་གསར་བསྐྲུན་བྱས་པར་རབ་གནས་སོགས་འགྲོ་དོན་རྒྱ་ཆེན་པོ་མཛད་ཕྱིར་རྡོ་རྗེེ་འཆང་ཆེན་པོ་ཧོར་ཕྱོགས་སུ་ཕེབས་ནས་ལི་ཐང་དུ་མཇལ་འཛོམས་མཛད་རྒྱུར་ཐོན་ཕྱག་དང་། གཙོ་བོར་གོང་མ་ཆེན་པོས་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོམོན་ཧན་ཞེས་པའི་འཇའ་ས་ཐམ་ག་གནང་བར་ལེགས་འབུལ་ན་བཟའ་ཆ་ཚང་གིས་གཙོས་འབུལ་སྐྱེས་གྱ་ནོམ་པ་བཅས་གཟེངས་བསྟོད་མཛད། ཅེས་དང་། ཤོག་གྲངས། (༡༨༦) མཁན་ཆེན་རྡོ་རྗེ་འཆང་ནས་ཧོར་ཕྱོགས་ཀྱི་འགྲོ་དོན་རྣམས་ལེགས་པར་གྲུབ་སྟེ། མཇལ་འཛོམ་དང་བོད་འབངས་སོགས་སྨིན་གྲོལ་འགོད་པར་ལས་བརྩམས་པའི་གསུང་གླེང་ཞིབ་རྒྱས་མཛད། ཅེས་དང་། དགེ་ལྡན་ཁྲི་རིན་པོ་ཆེ་ཨ་ཆི་ཐུ་ནོ་མིན་ཧན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་མཁའ་སྤྱོད་འགྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེའི་ནང་ ། ཡོས་(ཤིང་ཡོས་༡༧༣༥)ལོའི་ཟླ་བ་བཞི་པར་གོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་རྒྱུའི་ཉིན་ཁ་ཤས་ཀྱི་སྔོན་ལ་ཧོར་ཕྱོགས་སུ་ཕྱག་བཏེག །ཕྱོགས་དེའི་དགོན་པ་དང་སྐྱེ་བོ་མང་པོ་ལ་བཀའ་དབང་དང་གསུང་ཆོས་སོགས་ཀྱི་བཀའ་དྲིན་བསྩལ། ལི་ཐང་དུ་སྒར་ཆེན་གྱི་རྗེས་ཟིན་པ་མཛད་དེ་ཡབ་སྲས་གཉིས་ལྷན་ཅིག་གདན་འཛོམ། ཞེས་ཁྲི་ཆེན་ངག་དབང་མཆོག་ལྡན་དཀར་མཛེས་སུ་ཕེབས་ལོ་(༡༧༣༥)ཡིན་པར་གསལ་བ་དང་། ཆུ་འབྲུག་(༡༧༧༢)ལོ་ནས་བརྩིས་པའི་མི་ལོ་བརྒྱ་དང་དོན་ལྔ་ནི་མེ་བྱ་(༡༥༩༧)ལོར་ཁེལ་འདུག  །དེ་ལྟར་ན་ལོ་རྒྱུས་ཕལ་མོ་ཆེས་དཀར་མཛེས་དགོན་པ་ཆུ་སྟག་(ཕྱི་ལོ་༡༦༦༢)ལོར་ཆགས་ཚུལ་བཤད་པར་ཁུངས་མེད་པར་བཟོས་འདུག །

དེ་བཞིན་༸རྒྱལ་དབང་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱལ་མཚོས་བརྩམས་པའི་བྱང་པ་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་ངོ་མཚར་བཀོད་པ་རྒྱ་མཚོ། ཤོག་གྲངས། ༥༨༢ ནང་། ཡབ་རིག་འཛིན་ཆེན་པོ་དབང་པོའི་སྡེ་ཉིད་དང་། ཡུམ་འཕྱོང་རྒྱས་ཟ་ཧོར་གྱི་གདུང་ལས་ལྕམ་ཡིད་འཛིན་དབང་མོ། ལེགས་སྦྱར་གྱི་སྐད་དུ་མནྡྷ་རེནྔྷ་འབོད་པ་དེའོ། །སྐུ་འཁྲུངས་པའི་ཡུལ་ནི་ཞང་ཡུལ་དུ་ཚ་སྐྱེ་མི་རུང་བའི་ཐུགས་དོགས་ཀྱིས་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས། དབུས་གཙང་རུ་བཞིར་གྲངས་པ་ལས་གཡོན་རུའི་སའི་ཆ།  གྲྭ་ཕྱིའི་ཕུ་ཆོས་ལྡིང་དགོན་པར་འཕགས་པའི་ཡུལ་དུ་བཱི་ར་ཞེས་པ་གནམ་གནོན་དུ་གྲགས་ཤིང་། བོད་ཡུལ་འདི་ལ་རྒྱ་ནག་གི་གཙུག་ལག་ལྟར་ལྕགས་ཕོ་འབྲུག་གི་ལོ་(༡༥༨༠ ལོར་བྱང་བདག་རིག་འཛིན་ངག་གི་དབང་པོ་འཁྲུངས། )ལ་ངོ་མཚར་བའི་ལྟོས་དང་བཅས་ཏེ་སྐུ་བལྟམས། ཁོང་ཀྲེ་བོ་ན་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་(༡༦༠༤ /༡༦༧༤)བཞུགས་ཡོད་འདུག་པ་མཇལ་བར་ཕེབས། རིམ་གྱིས་ཀྲེ་བོའི་ཆུ་བརྒལ། ཧོར་ཚང་གི་དགེ་ལུགས་ཀྱི་གམ་ཚེ་(དཀར་མཛེས་)དགོན་པའི་འདབས་སུ་སྒར་མཛད། ཟླ་བ་གཉིས་ཙམ་བཞུགས། ཀརྨ་པ་དང་མཇལ་འཕྲད་ཀྱི་དོན་དུ་ལྕགས་མོ་རུ་མི་སྣ་བཏང་ཡང་། ཡང་རི་དྲུང་པས་བཀག །ཅེས་དང་། དེ་ནས་རིམ་གྱིས་དབུས་སུ་ཕེབས་ཏེ་ས་རྟ་ཕྱི་ལོ་(༡༦༡༨ )འི་ལོ་སྡེ་གཟར་ཆེན་མོ་ལངས་ཏེ་གཙང་དཔུང་ལུམ་པར་འབྱོར། སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་མཇལ་འཕྲད་མཛད། ཅེས་གསུངས་ཚུལ་ལ་དཔྱད་ན། བྱང་པ་རིག་འཛིན་ངག་གི་དབང་པོ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཇལ་དུ་ཕེབས་ནས་ཧོར་ཚང་གི་དགེ་ལུགས་ཀྱི་གམ་ཚེ()དགོན་པའི་འདབས་སུ་ཟླ་བ་གཉིས་བཞུགས། དེ་ནས་དབུས་སུ་ཕེབས་ཏེ་ས་རྟ་(༡༦༡༨)ལོར་སྡེ་གཟར་ལོངས་ཞེས་གསུངས་པར་གཞིགས་ན་དཀར་མཛེས་སུ་ཕེབས་ལོ་ནི་(ཕྱི་ལོ་༡༦༡༧)ཡས་མས་ཡིན་ལ། དེ་ལྟར་ན་དཀར་མཛེས་དགོན་འདི་ཕྱི་ལོ་(༡༦༡༧)ནང་ཡོད་དགོས་ལ། དེ་ཙམ་དུ་མ་ཟད། བྱང་བདག་ངག་གི་དབང་པོ་མཆོག་རབ་བྱུང་བཅུ་གཅིག་པའི་ས་ཡོས་(ཕྱི་ལོ་༡༦༣༩)ལོར་གཤེགས་པས་མ་མཐར་བྱས་ཀྱང་དཀར་མཛེས་དགོན་འདི་ནི། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་(ཕྱི་ལོ་༡༦༦༢)ལོར་གསར་དུ་བཞེངས་པ་མིན་པ། རབ་བྱུང་བཅུ་གཅིག་པའི་ས་ཡོས་(ཕྱི་ལོ་༡༦༣༩)ལོའི་སྔོན་དུ་ཡོད་དགོས་སོ། །

མཁས་པ་སུ་ལའང་མངོན་པར་མ་ཞེན་པ། །

ལོ་རྒྱུས་བཀླགས་ཤིང་དཔྱད་བསྡུར་བྱས་པ་འདིས། །

རྒྱལ་བའི་བསྟན་དང་མདོ་སྔགས་གཞུང་ལུགས་ལ། །

ཕན་པར་འགྱུར་བསམ་རེ་བ་ང་ལ་མེད། །

རང་གི་རིགས་ལ་ཞེན་པ་དཀར་བ་འདིས། །

རང་ཡུལ་ཕྱོགས་ཀྱི་ལོ་རྒྱུས་གསེར་རྡོག་འགའ། །

རང་གིས་ནུས་པའི་སྲི་ཞུ་ཅུང་བསམ་ནས། །

རང་རིགས་ཕུ་ནུ་ཡོངས་ཀྱི་སྤྱན་སྔར་ཕུལ། །

འོན་ཏང་བདག་ནི་སྐྱ་ཟད་སྔོ་རྡུགས་ལྟར། །

སྐྱེས་སྦྱོང་ཡོན་ཏན་གཉིས་ཀ་རིང་བ་དང་། །

དུས་ཀྱི་བྲེལ་བ་ནམ་མཁའི་སྐར་མདའ་འདྲ། །

ཞིབ་ཆ་མིན་པའི་ཉེས་སྐྱོན་ཅི་ལས་མང་། །

ཞེས་དཀར་མཛེས་ཡུལ་གྱི་དགོན་སྡེ་དང་ལྷ་ཁང་རྙིང་གྲས་འགའ་ཞིག་གི་བྱུང་དུས་ལ་དཔྱད་བསྡུར་བྱས་ཁུལ་ཡང་། གུས་པ་ནི་སྐྱེས་སྦྱོང་གི་ཤེས་རབ་དམན་ཞིང་། ལས་བྲེལ་ནམ་མཁའི་གློག་ལྟར་འཁྱུག་པའི་བར་གསེང་དུ་བྲིས་པས། ཨ་ཁུ་བསྟན་པའི་དོ་ལེན་གྱི་ངོ་བོ་ལས་ལྡོག་ཙམ་ཡིན་སྲིད་ཀྱང་ཉེས་སྐྱོན་གྱི་ཕུང་པོ་ཞིག་ཏུ་འགྱུར་བར་གདོན་མི་ཟ་བས་གཟུར་གནས་མཁས་པ་རྣམས་ལ་འཆགས་སོ། །

བསྐྱར་དུ་ཞུ་རྒྱུ་ཞིག་ལ། འདི་ནི་ཆོས་སྡེ་དག་གི་བྱུང་རིམ་ལ་བཤད་པ་ཙམ་ལས་སྐུ་གསུང་ཐུགས་རྟེན་གྱི་བྱིན་རླབས་ཆེ་ཆུང་སོགས་བརྗོད་གཞིར་བླངས་མེད་པ་འདི་ཡང་ཤེས་གལ་ཆེའོ། །

ཞེས་པ་འདི་ནི་སེར་བྱེས་ལྷ་མིང་ཙམ་འཛིན་པ་གྱི་ན་བ་གཙང་ཁ་བསོད་ནམས་རྡོ་རྗེ་རུ་འབོད་པས་ཕྱི་ལོ་༢༠༡༨ /༡༡/ ༡༡ གྱི་དགོང་མོ་ཆུ་ཚོད་༡༢་སྐར་མ་༣༨ ཐོག་རང་ཤག་ལྔ་རིག་དྲི་བསིལ་འཐུལ་བའི་ཞི་བདེའི་དགའ་ཚལ་དུ་མཇུག་གྲུབ་པར་བྱས་སོ། །

Share201Tweet126

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།