Thursday, March 5, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
in དགོན་སྡེ།
0
khampa writers

རི་བོ་དགེ་ལྡན་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་བྱུང་བ་ཡིན་ལ། འདི་ཉིད་ནི་རྣམ་འདྲེན་ཤཱཀྱ་སེངྒེས། འཇམ་དཔལ་རྩ་རྒྱུད་སོགས་མདོ་དང་རྒྱུད་སྡེ་རྣམས་ནས་ལན་གཅིག་མིན་པར་ལུང་བསྟན་པ་ལྟར། བོད་ཆེན་པོའི་ཡུལ་གྲུ་མདོ་སྨད་ཙོང་ཁའི་ཡུལ་དུ་རིགས་གསུམ་གཅིག་འདུས་ཀྱི་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཀརྨ་པ་རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང༌། ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ནས་མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་གསོལ། དགུང་ལོ་བཅུ་དྲུག་ལ་དབུས་གཙང་གི་ཕྱོགས་སུ་བྱོན་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རྗེ་སྙེ་ཐང་པ་བཀྲ་ཤིས་སེངྒེ་སོགས་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཛད་ཅིང༌། མཁན་པོ་ཚུལ་ཁྲིམས་རིན་ཆེན་དང༌། འདུལ་བ་འཛིན་པ་ཆེན་པོ་ཤེས་རབ་མགོན་པོ་གཉིས་ཀྱིས་མཁན་པོ་དང་ལས་སློབ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མདོར་ན་ཇི་ལྟར་མནོས་པའི་སྡོམ་གསུམ་གྱི་བཅས་མཚམས་ཕྲ་རགས་རྣམས་མིག་འབྲས་ལྟར་བསྲུང་བར་མཛད་ནས་ཕྱི་ཞི་དུལ་ཚངས་སྤྱོད་ཀྱི་བརྟུལ་ཞུགས་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། གཞན་ཡང་བླ་མ་དབུ་མ་པ། རྗེ་བཙུན་རེད་མདའ་པ་ཆེན་པོ་སོགས་དང༌། ལྷག་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་དགེ་བའི་བཤེས་གཉེན་མཛད་ནས་ཤིང་རྟ་ཆེན་པོ་རྣམ་གཉིས་སོགས་འཕགས་བོད་མཁས་གྲུབ་ཡོངས་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་དག་ལ་དམིགས་ཕུགས་པའི་ཐོས་བསམ་མཛད་དེ་གཞུང་དོན་སྤྱི་དང༌། ཁྱད་པར་དབུ་མ་ཐལ་འགྱུར་པའི་གཞེད་སྲོལ་ཟབ་མོ་དབུ་མའི་ལྟ་བ་མངོན་སུམ་དུ་གཟིགས་ནས་དེ་དང་འབྲེལ་བའི་སྔགས་ཀྱི་གནད་གསང་དུ་མ་ཐུགས་སུ་ཆུད་པ་སོགས་ཀྱིས་མཁས་པ་དང་གྲུབ་པའི་གོ་འཕང་མངོན་དུ་མཛད།

འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་སྡེ་སྣོད་འཛིན་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་གཞུང་ཆེན་བཅོ་ལྔའི་བཤད་པ་དུས་གཅིག་ཏུ་གནང་བ་སོགས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྨད་བྱུང་གི་མྱོང་བ་ཐོན་ངེས་ཀྱི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང༌། ཇི་ལྟར་གདམས་པའི་ཚིག་དོན་གྱི་ཆ་ཕྲ་མོར་ཡང་སྒྲུབ་ངག་དང༌། སུན་འབྱིན་སོགས་ལམ་དང་ལམ་མ་ཡིན་པ་འབྱེད་པའི་རིག་པ་བརྒྱ་ཕྲག་གིས་གཏན་ལ་ཕབ་སྟེ་ཐེག་པ་གོང་འོག་སོ་སོའི་གཞི་ལམ་འབྲས་བུའི་འཇོག་ཚུལ། དགག་སྒྲུབ་ཀྱི་གནད་སོགས་མ་ནོར་མ་འདྲེས་པར་གསལ་བར་མཛད་པས་གདུལ་བྱ་རྣམས་མ་རྟོགས་ཐེ་ཚོམ་གྱི་རྒྱ་ལས་གྲོལ་བར་མཛད། རང་ཉིད་ཀྱི་ཇི་ལྟར་གཤེགས་པའི་ལམ་ལ་གཞན་རྣམས་དཀྲི་བའི་སླད་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་གནད་ཡོངས་སུ་ཚང་བའི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གསུང་རབ། ཤིན་ཏུ་མང་པོ་བརྩམས་པར་མཛད་པ་སོགས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གྱིས་ལྟ་སྒོམ་སྤྱོད་གསུམ་འཁྲུལ་བ་དང་བྲལ་བའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་ཉིན་མོ་ལྟར་གསལ་བར་མཛད། དངོས་ཀྱི་སློབ་མ་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་སྨྲ་བའི་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ནམ་མཁའི་སྐར་ཚོགས་ལྟར་བགྲང་བ་ལས་འདས་པ་ཞིག་བྱུང་བའི་ནང་ནས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དང༌། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་སེ་ར། རྒྱལ་དབང་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ། རྗེ་བཙུན་ཤེས་རབ་སེངྒེས་་རྒྱུད་སྨད་གྲྭ་ཚང༌། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་རྒྱུད་སྟོད་གྲྭ་ཚང་སོགས་བུ་སློབ་རྣམས་་ཀྱིས་མཐའ་དབུས་སུ་དགེ་འདུན་གྱི་སྡེ་དུ་མ་ཞིག་བཙུགས་ཤིང༌། བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ། ྋགོང་ས་ྋརྒྱལ་བའི་དབང་པོ་སྐུ་ཕྲེང་དང་པོ་ནས། བཞི་བ་པར་དང༌། དེ་ནས་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ནས་བཟུང་བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་མངའ་དབང་བསྒྱུར་ནས་སྐུ་ཕྲེང་ན་རིམ་རིས་སུ་མ་ཆད་པའི་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར་ཅིང༌། གཞན་ཡང༌། པཎ་ཆེན་སྐུ་ཕྲེང༌། དགའ་ལྡན་ཁྲི་རིན་པོ་ཆེརིམ་བྱོན་སོགས་དམ་པའི་ཁྱུ་མཆོག་ས་ཆེན་པོའི་རྡུལ་གྲངས་ལ་ཅོ་འདྲི་བ་ལྟ་བུས་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་འདི་ཉིད་བཤད་སྒྲུབ་གཉིས་ཀྱིས་སྤེལ་ཞིང༌། དབུས་གཙང་གི་ཆོས་སྡེ་ཆེན་པོ་བཞི་དང༌། རྒྱུ་གྲྭ་སྟོད་སྨད་གཉིས། མདོ་སྨད་དུ་སྐུ་འབུམ་ཆོས་སྡེ། རྗེའི་དངོས་སློབ་སྟོད་ཤེས་རབ་བཟང་པོས་ཆུ་བོ་སི་ཏའི་ཆུ་བརྒྱུད་མངའ་རིས་མང་ཡུལ་དུ་སྟག་མོའི་ཆོས་སྡེ་སོགས་དང༌། སྨད་ཤེས་རབ་བཟང་པོས་ཆབ་མདོའི་དགོན་པ་བཏབ་པ་སོགས་དངོས་སློབ་ཡང་སློབ་བརྒྱུད་འཛིན་དང་བཅས་པས་དགོན་སྡེ་སྟོང་ཕྲག་མང་པོའི་ཡངས་པའི་ས་ཆེན་ཁྱོན་འདིར་འཕེལ་བཞིན་པའི་སྐབས་སོ།།

Share201Tweet126

Related Posts

khampa writers

གཡུང་དྲུང་བོན་གྱི་གྲུབ་མཐའ་བྱུང་ཚུལ་གྱི་རྣམ་བཞག

April 22, 2022
0

དང་པོ། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་གྱི་སྐོར།   དང་པོ། དེ་ལ་འདིར་གཡུང་དྲུང་གི་བོན་རིན་པོ་ཆེའི་བྱུང་བ་མདོ་ཙམ་བརྗོད་ཅིང་། ཤིན་ཏུ་བསྡུས་ཏེ་ཞལ་ཐང་བཅུ་ཕྲག་བཞི་ལྷག་གི་ཁོངས་སུ་དངོས་བསྟན་གྱི་རིམ་པ་དཀར་ཆག་ཐོ་འགོད་ཙམ་དུ་བྲི་བ་ལ།

གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ངོ་སྤྲོད།

གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ངོ་སྤྲོད།

April 20, 2022
0

གསེར་རྟ་ལྔ་རིག་ནང་བསྟན་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་དབལ་ཤུལ་གསེར་རྟའི་ས་ཁོངས་གསེར་ཁོག་བླ་མ་རུང་ཞེས་པ་དང་། འཛམ་གླིང་སྤྱིའི་ས་ཁྲའི་དབང་དུ་བྱས་ན་འཕྲེད་ཐིག་བྱང་མ་

khampa writers

༄༅།། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
0

མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ།

khampa writers

འགྲོ་མགོན་བཀའ་བརྒྱུད་པའི་བྱུང་བ་རགས་ཙམ་གླེང་བ།

April 21, 2022
0

དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།