Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
in དཔྱད་རྩོམ།
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

                                             རྩོམ་པ་པོ། ནགས་ཤོད་ཅོང་བརྡ། 

རྩོམ་འདིའི་ནང་གཏམ་དཔེ་ཞིག་དང་འབྲེལ་ནས་བུད་མེད་ཀྱི་ནུས་སྟོབས་བཤད་འཆར་ཡིན། གཏམ་དཔེ་ཟེར་བ་ནི།གཏམ་བཤད་དུས་ཁ་གསལ་གོ་བདེ་ཡོང་བའི་ཆེད་དུ་དེ་དང་འདྲ་བའི་དཔེ་ཞིག་འཇོག་དར་བ་དེའི་སྡུས་མིང་ཡིན། དེས་ན་ངས་སྔོན་འགྲོའི་ཚུལ་དུ་བཤད་རྒྱུར། ངས་སྔོན་མ་ཞིག་ལ་<<བུད་མེད་གནམ་གྱི་ཕྱེད་ཀ་ཡིན་>>ཞེས་པའི་ཆེད་རྩོམ་ཞིག་འབྲི་མྱོང་།  རྩོམ་དེ་<<གདང་ལ་རི་བོ>>འི་རྩོམ་སྒྲིག་ཁང་དུ་ཕུལ་བ་དང་། ལོ་དེའི་དུས་དེབ་ཏུ་ཡང་འཁོད་ཡོད།   དུས་དེབ་དེ་མཁས་པའི་དྭངས་རྩེ་ཨ་མྱེ་རྨ་ཆེན་བཀྲ་ཤིས་ཚེ་རིང་ལ་དཔར་ཕུད་དུ་ཕུལ་ཡོད་ས་རེད།  ཁོང་གིས་རྒྱས་གཟིགས་ཀྱང་གནང་ཡོད་པ་འདྲ།  གདང་ལ་རི་བོའི་རྩོམ་སྒྲིག་པར་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཞེས་པ་དེ་འབྲི་མཁན་ནགས་ཤོད་ཅོང་བརྡ་ཟེར་བ་དེ་སུ་རེད་ཅེས་བཀའ་འདྲི་གནང་བ་དང་།  དེས་རྩོམ་ཡག་པོ་བྲིས་འདུག་ཅེས་བསྟོད་པའི་མེ་ཏོག་འཐོར་བ།  དེའི་ནང་གི་ཐ་སྙད་རེ་འགའ་བཅོས་ཐུབ་ན་རྩོམ་དེ་ཧ་ཅང་ཡག་པོ་འདུག་ཅེས་གསུངས་སྐོར་གདང་ལ་རི་བོའི་རྩོམ་སྒྲིག་པས་སྔ་རྗེས་སུ་ཐེངས་གཉིས་ཕྲན་ལ་བཤད་བྱུང་། དེ་ལྟ་བུའི་མཁས་པའི་དྭངས་རྩེ་ཞིག་གིས་ངའི་རྩོམ་ལ་ཆེ་བསྟོད་གནང་བ་ནི། ངའི་རྩོམ་ཆུང་གི་གོམས་སྟབས་དལ་བ་ནས་མགྱོགས་པ་དང་།  མེད་པ་ནས་ཡོད་པར་གྱུར་བ་སོགས་ཀྱི་སྐུལ་མ་ཐེབས་ཡོད་ཁོ་ཐག་ཡིན། 

ཕྲན་ཆུང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ཟབ་སྦྱོང་ཞིག་ལ་བཞུགས་མྱོང་།  ཟབ་སྦྱོང་དེ་ནས་ངས་བུད་མེད་ཚོར་ང་ཚོ་སྐྱེས་པ་ཚོས་མི་ཤེས་མི་ཚོར་བའི་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་ཤེས་བྱུང་། 

དཔེ་ཆུང་ཆུང་ནང་གི་ཡང་ཆུང་ཞིག་བཞག་ན། ཚོགས་ཐོག་དེར་བུ་མོ་ཞིག་གིས་བཤད་རྒྱུར་”སྐྱེས་པ་ཚོས་བུ་མོ་ཞིག་ལ་དགའ་ན་ང་ཁྱོད་ལ་དགའ་ཞེས་བཤད་ཐུབ་ཀྱི་འདུག།  ང་ཚོས་སྐྱེས་པ་ཞིག་ལ་ཕར་དགའ་ན་ཟུར་ནས་རྣམ་འགྱུར་གཏོང་བ་མ་གཏོགས་དངོས་སུ་ལབ་མི་ཐུབ་པའི་དཀའ་ངལ་འདི་ག་འདྲ་བྱེད་ནས་སེལ་ཐུབ་བམ་”ཞེས་པ་སོགས་རེད།  ང་ཚོས་རྒྱུན་དུ་དོན་དག་འདིའི་རིགས་སྣང་མེད་ཡིན་པ་མ་ཟད།  བུ་མོ་ཞིག་ལ་མ་དགའ་ནའང་ཤ་སྐྱིའི་ཟ་ཕྲུག་འཇོམས་ཆེད་དུ་ང་ཁྱོད་ལ་དགའ་ཞེས་རྫུན་གྱི་གཏམ་རིང་ཞིག་འཐེན་རྒྱུར་ངོ་མདོག་ཙམ་ཡང་མི་འགྱུར། གང་ལྟར་ངས་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཞེས་པའི་རྩོམ་དེ་ཟབ་སྦྱོང་དེའི་ནང་གི་མྱོང་ཚོར་གནད་དུ་བཟུང་ནས་བྲིས་པ་ཡིན། 

ངས་རྩོམ་དེའི་ནང་དུ་འབྲི་མ་ཐུབ་པའི་བུད་མེད་ཀྱི་འཇོན་ནུས་མང་པོ་ཞིག་གཏམ་དཔེ་འདིའི་ནང་དུ་བསྡུས་འདུག་པས།  ད་ནི་གཏམ་དཔེ་འདིའི་ཁྱབ་ཁོངས་ནས་ཅུང་ཟད་བཤད་རྒྱུ་ཡིན། གཏམ་དཔེ་དངོས་ནི་”རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།  དམའ་རྒྱ་གྲོང་རྩེད་ར་གོང་མ་ལ། ཕོ་མི་ཐར་མཛེས་མའི་འགག་སྒོ་ཞིག།”ཅེས་པ་འདི་ཡིན། འདིའི་ཚིག་རྐང་དང་པོ་གཉིས་དཔེ་དང་། གཉིས་པ་གཉིས་དཔེ་ཅན་ཡིན། 

སྤྱིར་བཏང་འབྲོང་མི་ཐར་བའི་ལམ་ཞིག་ཧ་ལམ་མེད་ཀྱང་།  རྫ་ཁྲ་ཡག་གི་རྫ་ལམ་གོང་མའམ་ཆེས་མཐོ་བའི་རྫ་ལམ་དེར་འབྲོང་དར་མ་ཡང་མི་ཐར་བའི་ཁ་བ་འབབ་རྒྱུ་ཡོད་པ་བཞིན།   དམའ་རྒྱ་གྲོང་རྩེད་ར་གོང་མ་ལ་སྐྱེ་པ་ཕོ་མི་ཐར་བའི་མཛེས་མའི་འགག་སྒོ་ཞིག་ཡོད་པར་བཤད་པ་རེད།

སྐབས་འདིར་”མཛེས་མའི་འགག་སྒོ་”ཞེས་པའི་མཛེས་མ་ལ་རིགས་གཉིས་ཡོད་ཆོག་སྟེ། ནང་གི་སེམས་མཛེས་པའི་མཛེས་མ་དང་།  ཕྱིའི་གཟུགས་མཛེས་པའི་མཛེས་མ་གཉིས་ཡིན།  ནང་གི་སེམས་མཛེས་ན་འདྲ། ཕྱིའི་སྐྱེས་གཟུགས་མཛེས་ན་འདྲ།  ཐམས་ཅད་ཀྱིས་ཁས་ལེན་ཐུབ་པའི་མཛེས་མ་ཞིག་སྲིད་ལ་མེད་པས།  “མཛེས་མ་ཐམས་ཅད་མཛེས་མ་མིན། རང་སེམས་ཤོར་ན་མཛེས་ན་ཡིན་”ཞེས་པའི་གཏམ་དཔེ་འདི་བྱུང་བ་ཡིན། དཔེ་དེའི་གོ་བ་གཞན་པ་ཞིག་བླངས་ན། བུད་མེད་ཡོད་ཚད་མཛེས་མ་ཡིན་པ་སྒྲུབ་མི་འདུག་གམ། གང་ལགས་ཞེས་ན། བུད་མེད་སོ་སོ་ལ་མཛེས་པར་མཐོང་མཁན་རེ་རེ་ཡོད་ཁོ་ཐག་ཡིན་པས་སོ། དེར་བརྟེན་དགེ་ཆོས་ཀྱིས་གཟུགས་ཀྱི་ནང་ནས་མཆོག་གྱུར་པ། སྐྱེས་པའི་མིག་ལ་བུད་མེད་གཟུགས་ཀྱང་མཛེས་གསུང་པ་མིན་ནམ།  འདིར་ད་དུང་དཔེ་གཞན་ཞིག་དྲངས་ན་”ཁ་ཤོའི་ཁའི་སྤམ་ཆ་”ཞེས་པའི་དམངས་ཁྲོད་ཀྱི་དགོད་གཏམ་ཞིག་ཀྱང་ཡོད། དེ་ནི་ཕོ་གསར་ཞིག་གིས་མནའ་མ་ཁ་ཤོ་ཞིག་བླངས་པ་དང་། ཕོ་གསར་དེའི་ཨ་མས་འདི་ཁ་ཤོ་འདུག་ཅེས་མི་འདོད་པའི་རྣམ་འགྱུར་བསྟན་པས། ཕོ་གསར་དེས་ཨ་མ་ཁྱོད་ཀྱིས་ངས་བལྟ་ས་ནས་ལྟོས་དང་ཁ་ཤོའི་ཁའི་སྤམ་ཆ་ག་འདྲ་མི་འདུག་ཅེས་བཤད་སྐད།  དེར་བརྟེན། ནང་གི་སེམས་མཛེས་པར་མཐོང་ན་འདྲ། ཕྱིའི་གཟུགས་མཛེས་པར་མཐོང་ན་འདྲ། ཡོད་ཚད་སྐྱེས་པ་སོ་སོའི་སེམས་ཀྱི་འཛིན་སྟངས་ཡིན་པ་དེའོ།།དེས་ན། ང་ཚོས་འདང་ཞིབ་མོ་བརྒྱབ་ན་དངོས་གནས་གཏམ་དཔེ་འདི་ཧ་ཅང་གོ་རྒྱུ་ཅན་ཞིག་ཡིན་ཏེ།  བདག་ཅག་གི་སྟོན་པས་ཀྱང་བྲག་འཛིན་མའི་དོན་དུ་ཤ་རུས་གདུང་རྒྱུད་གཅིག་པའི་ཕུ་བོ་ལྷས་བྱིན་ལ་དགྲ་བསགས་པ་དང་།  མཛེས་མའི་འགག་སྒོ་ནས་ཐར་མི་ཐར་བྱུང་བའི་ཚུལ་བསྟན་མི་འདུག་གམ།

སངས་རྒྱས་གཉིས་པར་སྐད་པའི་སློབ་དཔོན་པདྨས་ཀྱང་ཁྱིམ་ཐབ་བཟུང་བ་དང་།  སྐྱ་སར་བབས་པའི་ཚུལ་བསྟན་མི་འདུག་གམ།   མདའ་འཕངས་ན་དམ་བཅའ་གསུམ་ལྡན་ཡིན་པའི་རྒྱལ་པོ་ར་མ་ཎས་ཀྱང་མངའ་འབངས་སྐར་ཚོགས་འདྲ་བོ་བསྐྱུར་ཏེ། སི་ཏཱ་ཁྲིད་ནས་ནགས་རྫོང་ནང་དུ་འཛུལ་སོང་བ་མིན་ནམ།  ཡང་མོའི་དོན་དུ་རྔ་ཡབ་གླིང་ཕྲན་ཁྲག་གི་རྒྱ་མཚོ་བསྐྱིལ་མྱོང་བ་མིན་ནམ།   ས་བཅུ་ཐོབ་པའི་སངས་རྒྱས།  གོང་མ་ལྷ་ཡི་ཕོ་ཉྭ། འོག་མ་ཀླུ་ཡི་ཚ་བོ་སེང་ཆེན་ནོར་བུ་དགྲ་འདུལ་ཀྱིས་ཀྱང་འབྲུག་མོའི་དོན་དུ་གཡུལ་ཆེན་བཤམས་མི་འདུག་གམ།  འདི་དག་ནི་དཔའ་ཞིང་དཀྱིལ་ཆེ་བ། བཙན་ཞིང་རྒོད་པའི་སྐྱེས་པ་མང་པོ་ཞིག་མཛེས་མའི་འགག་སྒོ་ནས་ཐར་མི་ཐར་བྱ་མྱོང་བའི་དཔེ་མཚོན་ཤ་སྟག་རེད། དེ་བཞིན་དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ལས་སྡེ་ཁྲ་ལུའི་དཔོན་པོ་ང་རང་ཡིན།  དཔོན་ང་རང་དཔོན་པོ་ནང་ལ་ཡོད་ཅེས་བཤད་པར་གྲགས། དེའི་དོན་ནི་ཁོ་སྡེ་ཆེན་པོའི་དཔོན་པོ་ཡིན་ནའང་ཁོའི་ཁྱིམ་དུ་ཡོད་པའི་མཛའ་མོ་དེ་ཁོའི་དཔོན་པོ་ཡིན་པར་བཤད་པ་རེད།  དོན་དག་སྟབས་བདེ་བོར་བཤད་ན་དཔོན་བཙན་ནའང་བུད་མེད་ཀྱི་འགག་སྒོ་ནས་མི་ཐར་ཚུལ་བཤད་པ་དེ་རེད།  ད་དུང་རྒྱུན་དུ་ང་ཚོས་གོ་སར། ང་ཚོས་མཐོང་སར། ང་ཚོ་དང་འབྲེལ་བ་ཡོད་པ་དང་འབྲེལ་བ་མེད་པ་མང་པོ་ཞིག་ཤོ་བག་བརྒྱན་འཇོག་བྱ་བ་དང་།  ཐ་མ་སྣ་ཐ་འཐེན་པ། ཆང་ཨ་རག་བཏུང་བ།  དོན་དག་ཡོད་ས་མེད་སར་དཔུང་ཐུག་རྒྱག་པ་སོགས་ཨར་སྤྱོད་དེ་འདྲ་བ་ཞིག་ཨང་ཞེས་བརྒྱ་ཡར་འགྲོས་གླེང་ཞིང་།སྟོང་ཕྱིར་ཡོང་གིས་བཤད་བཞིན་པའི་ཕོ་གསར་སྣང་མཐོ་མང་པོ་ཞིག་གཉེན་སྒྲིག་པ་དང་མི་དེ་རྦད་དེ་འགྱུར་ཏེ། ཡ་རབས་ཚུལ་མཐུན་ལས་ལ་བརྩོན་པ། མི་རང་རྩིས་ཅན་ཞིག་ཏུ་འགྱུར་འགྲོ་བ་མ་མཐོང་ངམ། འདིའང་མཛེས་མའི་འགག་སྒོ་ལས་མ་ཐར་བའི་རྣམ་པ་གཞན་ཞིག་ཀྱང་རེད།  དེས་མ་ཟད།  ཕོ་གསར་གཅིག་གཅིག་ཉིག་ཉིག་གིས་བུད་མེད་གཅིག་གི་དོན་དུ་ཚེ་སྲོག་རྟ་རྔ་འདྲ་བོ་བཏང་འདུག་ཟེར་བ་རྒྱུན་དུ་གོ་རྒྱུ་མི་འདུག་གམ། 

ད་དུང་མགོ་གསེར་ཞྭ་ཅན་གྱི་བླ་མ་མང་པོས་སེང་གེ་ཁ་སྤྲོད་ཅན་གྱི་གསེར་ཁྲི་བཞག་ནས་བུད་མེད་ཅིག་ཁྲིད་དེ་ཕེབས་སོང་བ་མ་ཐོས་སམ།   མཁས་ཤིང་བཙུན་པའི་དགེ་བཤེས་དང་མཁན་པོ་མང་པོས་གློ་བུར་དུ་ལམ་གསར་པ་ཞིག་ལ་གོམ་པ་སྤོས་པ་མ་མཐོང་ངམ།  ཁས་བླངས་ཤིང་དམ་བཅས་པའི་བཙུན་ཆུང་རིག་རྒོད་མང་པོས་སྡེ་ཆེན་གྲོང་ནས་བུད་མེད་ཀྱིས་ལག་གཡུག་བྱ་གི་འདུག་ཅེས་རྒྱུགས་ཡོང་བ་མ་ཤེས་སམ། འདི་དག་ཀྱང་མཛེས་མའི་འགག་སྒོ་ལས་མ་ཐར་བའི་ལྟད་མོ་ཞིག་རེད་དོ།།

ད་དུང་ཙི་ན་བ་ཚོས་བུད་མེད་ཀྱི་རྐང་པ་བཅིངས་ནས་ཆུང་ཆུང་བཟོ་བ་ནི་གཞན་དུ་བྲོས་མི་འགྲོ་བའི་ཆེད་དུ་ཡིན་པ་དང་།  ཁ་ཆེའི་རྒྱལ་ཁབ་འགར་བུད་མེད་ཀྱི་མགོ་ལ་རལ་ནག་པོ་བཀབ་པ་ནི།  རང་གི་དགའ་མའི་བཞིན་རས་གཞན་གྱི་མཐོང་མི་འགྲོ་བའི་ཆེད་དུ་ཡིན་སྐད། ང་ཚོ་སྡེ་བ་གཞུང་གིས་ཀྱང་བུད་མེད་ལ་སྒྲོག་བརྒྱབ་ནས་གོམ་ཞེང་ཆེན་པོ་སྤོ་ཐབས་མེད་པ་བཟོ་བ་ནི་འོག་ཁ་ཆེ་རུ་མི་འགྲོ་བའི་ཆེད་དུ་ཡིན་པ་སོགས་ནི་། འགྲོ་བ་མིའི་ཐོབ་ཐང་སོགས་བཤད་ན་ལུགས་མཐུན་མིན་ན་ཡང་། གསེར་དངུལ་དང་།  གཟི་བྱུ་རུ།  དར་གོས་ཆེན་སོགས་སྒམ་གྱི་ནང་དུ་བཅུག་པ་དང་། 

དེ་ལ་སྒོ་ཟྭ་བརྒྱགས་ཤིང་ས་ཆ་བཙན་ས་ཞིག་ལ་ཉར་ཚགས་བྱེད་པ་སོགས་ནི། རིན་པོ་ཆེ་དེ་དག་ལ་ཀྱག་ཀྱག་བྱས་ནས་སྒོ་ཟྭ་བརྒྱབ་པ་མ་ཡིན་པར། དེ་དག་རྩ་ཆེ་དྲགས་པས་ཡིན་པ་བཞིན། བུད་མེད་ཉར་ཚགས་བྱེད་སྟངས་འདི་རང་འདོད་ཁོ་ནའི་དབང་དུ་སོང་ཡོད་ནའང་།   སོ་སོའི་མཛའ་མོ་སྒྲོག་བརྒྱགས་ནས་ཤ་འཁོན་ནི་མེད། ཤ་འཁོན་ཡོད་ན་མཛའ་མོར་མི་འགྱུར་བས། ཉར་ཚགས་བྱེད་མ་ཤེས་པ་མ་གཏོགས་ཉར་ཚགས་མ་འདྲ་བ་ཞིག་བྱེད་དགོས་པའི་སེམས་ཚེགས་ཆེན་པོ་ཞིག་ཡོད་པ་ནི།བཤད་སྟངས་གཞན་ཞིག་ནས་བཤད་ན་སྐྱེས་པ་རང་ཉིད་ཀྱང་དམའ་རྒྱ་གྲོང་རྩེད་ར་གོང་མ་རུ་མཛེས་མའི་འགག་སྒོ་ནས་མ་ཐར་བའི་རྣམ་པ་ཞིག་ཀྱང་ཡིན་ནོ།།

འོ་ན་སྙན་གྲགས་ཡོད་པ་དང་མེད་པ།  གོ་ས་མཐོ་བ་དང་དམའ་བ།  འཇོན་ནུས་ཡོད་པ་དང་མེད་པ་སོགས་ཡོད་ཚད་མཛེས་མའི་འགག་སྒོ་ནས་མི་ཐར་བ་འདི་སྐད་ཆ་དྲང་པོ་ཞིག་བཤད་ན་བུད་མེད་ཀྱི་ནུས་སྟོབས་མ་ཡིན་ནམ། བུད་མེད་ཀྱི་རིན་ཐང་མ་ཡིན་ནམ།  བུད་མེད་ཀྱི་ཤུགས་རྐྱེན་མ་ཡིན་ནམ།བུད་མེད་ཀྱི་དགོས་མཁོ་མ་ཡིན་ནམ།  དམའ་རྒྱ་གྲོང་རྩེད་ར་གོང་མ་ན་ཕོ་མི་ཐར་མཛེས་མའི་མགག་སྒོ་ཞིག་ཡོད་དོ། ཞེས་དམངས་ཁྲོད་ཀྱི་གཏམ་དཔེ་ཞིག་གིས་སྣ་དྲངས་སྟེ་བྲིས་སོ།།

Share216Tweet135

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

April 22, 2022
0

ཁྱེད་ཉིད་ཉི་འོད་ཀྱི་བྲང་ཁ་ནས་ལྷོད་ཀྱིས་ཚེས་ཏེ་སའི་གོ་ལར་འཛད་མེད་ཀྱི་འོད་སྣང་ཕབ་དུས། ཁྱེད་ཀྱི་གྲིབ་གཟུགས་ན་ཡིབ་པའི་བོད་པ་ཚོས་རྐང་བརྐྱངས་ལག་བརྐྱངས་གིས་སྐྱིད་ཉལ་བརྒྱབ་པ་མཐོང་དུས། ཁྱེད་ཉིད་ཐུགས་ཕམ་ཨེ་བྱུང་ལགས།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།