Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

༄༅།། འཇམ་མགོན་བླ་མའི་རྟོགས་པ་བརྗོད་པ་རྗེས་དྲན་དད་པའི་རོལ་མཚོ།

October 14, 2023
in སྐུ་བསྟོད།
0

རྩོམ་འབྲི་པ། གངས་རིན་ཆེན།

བློ༵་གྲོས་འདབ་སྟོང་མཁས་པའི་འོ་མཚོ་བསྲུབས་པ་ལས།།

བཟ༵ང་གསུམ་ཡོན་ཏན་དགོས་དོན་ནོར་གྱི་ང་བར་ལྕི།།

གྲག༵ས་པའི་རླབས་ཕྲེང་སྲིད་གསུམ་འགྲོ་བར་རབ་འཁྱིལ་པས།།

པ༵་སངས་ལྟར་དཀར་དཔལ་ལྡན་བླ་མར་སྙིང་ནས་འདུད།།

1

ཕྱི་ནང་མཆོག་དམན་ལྟ་གྲུབ་བདུད་ཀྱིས་རླུང་འཚུབ་ལྡང་།།

མདོ་སྔགས་ཆོས་ཚན་ཚ་གྲང་བཞིན་དུ་འགལ་འདུ་འཛིན།།

ཆོས་མིན་རྣམ་བཅད་གཟུ་གནས་བློ་ཡི་མ་བསྙེས་སྐབས།།

གང་གིས་ཐུགས་བསྐྱེད་གཡོ་མེད་གངས་ཅན་ཞིང་དུ་བཏབ།།

2

མདོ་སྨད་ས་ལའི་གངས་ཅན་ཙོང་ཁ་དག་པའི་ཡུལ།།

ཤིང་མོའི་སྲས་སུ་འཇིག་རྟེན་ཕལ་པའི་བརྗོད་ལས་འདས།།

མཚན་བཟང་དཔལ་གྱིས་དུང་གི་ཟླ་གཞོན་ཚེས་བ་བཞིན།།

ཤར་བའི་མཁའ་ལ་འགྲོ་ཀུན་མིག་ལམ་མཛེས་པ་ཡིན།།

3

གདོད་ནས་དག་པའི་རྒྱལ་བས་ལུང་གིས་ཟིན་པ་ཡིན།།

སྙིགས་མའི་དུས་འདིར་བསྟན་པའི་མེ་རོ་ཆེད་དུ་གསོ།།

ཟླ་མེད་སྟོན་པའི་གཟུགས་སྐུར་དབུ་རྒྱན་གསོལ་བ་བཅས།།

བསྟན་འགྲོ་དོན་ཕྱིར་བསམ་བཞིན་སྲིད་པར་འདི་ན་བཟུང་།།

4

བྱིས་པའི་དུས་ནས་ཆོས་རྗེ་དོན་རིན་ཞབས་དྲུང་ནས།།

བསྙེན་པར་རྫོགས་ཤིང་ས་སྔགས་ཆོས་སྒོར་སྨིན་མཛད་དེ།།

བག་མེད་ལས་ཀྱིས་འཇིག་རྟེན་བྱ་བཞག་ཀུན་ནས་སྤངས།།

བློ་བཟང་གྲགས་ཞེས་བླ་མའི་བརྒྱུད་པའི་མཚན་སྙན་གསོལ།།

5

བླ་མའི་དྲུང་ནས་མདོ་སྔགས་ཆོས་ཚུལ་བདུད་རྩིའི་རྒྱུན།།

ཐོས་བསམ་སྒོམས་ཀྱིས་བློ་གྲོས་བུམ་བཟང་ཐུགས་ལ་སིམ།།

ཕྱོགས་རིས་ཙམ་གྱིས་གཞུང་དོན་ཚིམ་པ་མ་མཆིས་པར།།

བླ་མའི་བཀའ་བཞིན་དབུས་ཀྱི་གདན་སར་ཆེད་དུ་བྱོན།།

6

སློབ་དཔོན་ཡོན་ཏན་རྒྱ་མཚོ་ཞར་ཆོས་ཨུ་རྒྱན་དང་།།

ཉ་དཔོན་ཀུན་དགའ་འཇམ་རིན་རེད་མདའ་བ་སོགས་ལས།།

རིས་མེད་མཁས་གྲུབ་ལེཊ་བཤད་བདུད་རྩི་གང་གཱའི་རྒྱུན།།

ཤེར་ཕྱིན་གཞུང་དོན་བློ་ཡིས་བུམ་བཟང་བཀང་བར་མཛད།།

7

གཞུང་བརྒྱའི་གནད་ལ་ཡིད་ཀྱི་བློ་མིག་རབ་འབྱེད་པའི།།

གཏན་ཚིགས་རིགས་པའི་གཞུང་མང་གནད་ཀྱི་བློ་གྲོས་མིག།

རེད་མདའ་བ་སོགས་མཁས་གྲུབ་དུ་མའི་དགོངས་པའི་བཅུད།།

བླངས་དོར་འབྱེད་པའི་རིགས་འཕྲུལ་ལྡེ་མིག་ཁྱེད་ལ་སྩལ།།

རྟེན་འབྱུང་རྣམ་བཞག་ཟབ་མོའི་གནས་ལུགས་འབྱེད་པ་ལ།།

རྟག་ཆད་མཐའ་བྲལ་དབུ་མའི་ལམ་བཟང་སྲོལ་གཏོད་པོ།།

ཀླུ་སྒྲུབ་ལ་སོགས་རྒྱ་གར་པཎ་གྲུབ་བཞུད་པའི་སྲོལ།།

འཛིན་ཅིང་སྤེལ་ལ་ཟླ་མེད་སྟོན་པ་རྗེས་སུ་བསྙེགས།།

8

དབུ་མར་མཁས་པའི་བླ་མ་རེ་མདའ་བ་སོགས་ལས།།

འཆད་རྩོད་རྩོམ་གྱིས་དབུ་མའི་འདབ་བརྒྱའི་གནད་དཀྲོལ་ཏེ།།

ཕར་མཐར་མི་མངོན་ལུང་རིགས་ཤོག་ཟུང་རྩལ་དུ་རྒྱས།།

ཟབ་ལམ་ལྟ་བ་ཐུགས་རྒྱུད་ལེགས་པར་མངའ་བསྙེས་མཛད།།

9

མཁས་པའི་བློ་གྲོས་བླང་དོར་འཚེམ་པར་མི་སླ་ཞིང་།།

མངོན་པ་མཛོད་འགྲེལ་ཉག་ཊིཀ་ཐེངས་གཅིག་གཟིགས་པའི་ཚེ།།

ཉག་དབེན་པ་ལ་མི་ཆད་དད་པའི་སྤུ་ལོང་དང་།།

མངོན་པའི་གཞུང་ལ་ཐུགས་འདོད་དང་བ་ལྷག་པར་འཕེལ།།

10

རེད་མདའ་བ་སོགས་ཚད་ལྡན་བཤེས་གཉེན་དུ་མས་བརྒྱུད།།

ཁྲིད་ལུང་མན་ངག་ཆད་མེད་ཐུགས་ཀྱི་དཀྱིལ་འཁོར་རུ།།

རིང་མིན་ཐུགས་ལ་གཞུང་དོན་གསལ་བར་ལེགས་བཀྲ་སྟེ།།

རེ་མདའ་བས་ཀྱང་གང་ཉིད་དང་བས་ལེགས་པར་བསྔགས།།

11

འདུལ་མཛོད་མཁས་པའི་དཀའ་བཞི་བློ་གསལ་ཞེས་པ་ལས།།

དམ་ཆོས་འདུལ་གཞུང་རྩ་འགྲེལ་བཅས་པར་མི་རིང་བ།།

ཐུགས་སུ་ཆུད་དེ་འདུལ་བའི་བསླབ་པའི་ཆོག་ག་ལ།།

སྒོ་གསུམ་ལུས་ངག་ཉེས་སྐྱོན་ཚུལ་ཁྲིམས་བསྡམས་པ་ཡིན།།

12

མཚན་འཛིན་ཡུལ་ལ་དམིགས་གཏད་ཀུན་ནས་ཞིག་པ་ཡིན།།

མཐའ་གཉིས་དོགས་པའི་སྒྲོ་སྐུ་རིམ་བཞིན་དྲུང་ནས་ཕྱུང་།།

ཐབས་ཚུལ་སྟོང་གིས་ཤེས་ནས་དད་པ་བསྙེས་བྱེད་དེ།།

རྟེན་འབྲེལ་ལམ་ནས་སྟོན་པ་གང་ལ་མཆོག་ཏུ་བསྟོད།།

13

ལོ་ཙྪ་སོགས་ཀྱི་ཐར་པ་དོན་གཉེར་གདུལ་བྱའི་ཚོགས།།

རྭ་སྒྲེང་གནས་སུ་གསོལ་བ་དྲག་ཏུ་བཏབ་པས་ངོར།།

ཕར་ཕྱིན་ཐེག་པའི་ཟབ་མོའི་ལམ་གྱིས་གནད་བསྡུས་པའི།།

བྱང་ཆུབ་བགྲོད་པའི་ལམ་རིམ་ཆེན་མོ་འདི་ནས་མཛད།།

14

ཚད་མའི་རིགས་ལམ་འགོག་མེད་བསྒྱུར་པའི་གནམ་ལྕཊ་ཀྱིས།།

རྟོག་གེ་ངན་པའི་ཚིག་དོན་ལོག་སྨྲ་གཅོད་པ་ཡིན།།

ལྟ་སྒོམས་སྤྱོད་གསུམ་གྲུབ་མཐའ་གཞན་ལས་ཁྱད་འཕཊ་ཏེ།།

བློ་བཟང་རྒྱལ་བསྟན་དྲི་མེད་ལུགས་བཟང་འཛིན་ཅིང་སྤེལ།།

15

འཇམ་པའི་དབྱངས་ཀྱི་གསུང་གིས་སྣང་བ་ཟིན་པ་ཡིན།།

བསྟན་དང་འགྲོ་ལ་ཕན་བདེ་རླབ་པོ་ཆེ་ཞེས་བསྔགས།།

བྱ་བཏང་སྦྱོར་བས་གང་ལ་ལྷ་པའི་ལྷར་བརྟེན་ནས།།

འོལ་ཁའི་གནས་སུ་སྔགས་རིམ་ཆེན་མོ་ཞེས་བྱ་མཛད།།

16

རིང་ནས་མཛའ་བ་ནམ་ཡང་ལྷོད་པར་མ་བྱེད་ཅིང་།།

བརྩེ་བའི་ཡུམ་དང་སློབ་འབྲེལ་མང་པོས་བསྐུལ་ན་ཡང་།།

བསྟན་འགྲོ་དོན་ཕྱིར་རང་གི་ཡུལ་དུ་མ་ཕེབས་ནས།།

ཐོས་བསམ་ལས་ཀྱིས་རྣམ་དཀར་ཉིན་མཚན་མདའ་བ་ཡིན།།

17

རྒྱ་ཆེའི་གཞུང་དོན་མཁྱེན་རབ་ཐུགས་རྗེ་ལེགས་པར་མངའ།།

རིགས་ལམ་འཕྲུལ་གྱིས་བདེན་པའི་སོ་ཁ་རྣོ་བ་ཡིན།།

དབུས་འགྱུར་གདན་སར་གྲྭ་སྐོར་ལན་མང་མཛད་པའི་མཐར།།

གསང་གསུམ་ཆེ་བ་ཁམས་གསུམ་འགྲོ་ལ་འཁྱིལ་བ་ཡིན།།

18

རབ་ཡངས་མཁྱེན་བརྩེ་ནག་ཚོགས་ཆུ་འཛིན་མ་སྒྲིབ་པར།།

མཁའ་དབྱིངས་གནས་སུ་ཤེས་བྱའི་འོད་སྣང་ཀུན་ཏུ་འཚེར།།

བླ་མ་ལོ་ཙྪ་ནམ་མཁའ་སོགས་ཀྱི་བཤེས་གཉེན་བརྒྱུད།།

སྒྲ་སྙན་རྩིས་སོགས་ཤེས་བྱར་མཁས་པའི་གོ་ས་བརྙེས།།

19

ཐོས་བསམ་དོན་རྣམས་ལག་ལེན་གནད་དུ་ཆེ་བར་གཟིགས།།

དག་པ་རྣམ་བརྒྱད་འཁོར་སོགས་ཁྲིད་ནས་འོལ་ཁའི་གནས།།

ཤ་བཟད་རུས་ཀྱིས་སྙིང་སྟོབས་དྲག་པོས་འབད་འབུངས་ཀྱིས།།

སྟོབས་བཞི་ཚང་བའི་བསག་སྦྱོང་དགེ་བའི་ལས་ལ་འབྲེལ།།

20

རྫིང་ཕྱིའི་གནས་སུ་འགྲོ་དོན་ཞབས་ཀྱི་བཅག་པའི་སྐབས།།

ཚན་ཁ་འབར་བའི་བྱིན་ཅན་བྱམས་ཆེན་སྐུ་བརྙན་ཞིག།

ཐལ་རྡུལ་འགོས་ཤིང་འོ་བརྒྱལ་གནས་སུ་ལྷུང་བས་ན།།

ཐུགས་ཕམ་ཆེན་པོས་བཞེང་གསོ་ལེཊ་གྲུབ་མཛད་ཆེན་གྲཊ།།

21

བསྟན་འགྲོ་དོན་ཆེད་གཉལ་སྟོད་ས་ལའི་གནས་མཆོག་ཏུ།།

སྐལ་ལྡན་འདུས་པའི་མཐའ་ཡས་གདུལ་བྱ་བསྐུལ་བའི་ངོར།།

སུས་ཀྱང་མ་ནུས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་ན།།

གཉལ་གྱི་ལུང་རྭའི་མཛད་ཆེན་ཞེས་བྱ་ས་གསུམ་ཁྱབ།།

22

གདོད་ནས་རྒྱལ་བ་དུ་མས་ལུང་གིས་ཟིན་པ་ཡིན།།

ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་སྲོལ་གཏོད་དང་།།

ཇོ་ཤཱཀ་རྣམ་གཉིས་རིན་ཆེན་དར་གོས་དབུ་རྒྱན་གསོལ།།

རྣམ་དཀར་མཆོད་སྤྲིན་རྒྱ་ཆེར་གཤམ་པའི་མཛད་ཆེན་གྲཊ།།

23

འཇམ་དཔལ་རྒྱུད་དང་གདམས་ངག་འབོགས་པའི་རྒྱལ་པོ་སོཊ།།

སྔོན་བྱོན་རྒྱལ་བ་དུ་མའི་ལུང་གིས་གདམས་པ་ཡིན།།

བློ་བཟང་ཞེས་བྱའི་དམ་པ་མིང་ཅན་གྲགས་པ་དེས།།

དགའ་ཞེས་བྱ་བའི་དགོན་པར་འདེབས་པ་ལུང་དུ་བསྟན།།

24

དག་པའི་འཁོར་ནི་སྣ་མང་རབ་ཏུ་བསྡུས་མཛད་དེ།།

སྙིགས་མའི་དུས་འདིར་བསྟན་པའི་མེ་རོ་སླ་ཡང་གསོ།།

ཐུབ་པའི་བསྟན་ལ་རྨད་བྱུང་ལེགས་བཤད་འབྲུག་གི་སྒྲ།

 སྟོང་གསུམ་བུར་གར་རྣ་བའི་རྒྱན་དུ་གྱུར་པ་ཡིན།།

25

གང་གིས་བཏབ་པའི་དགེ་ལྡན་བསྟན་པའི་ལུགས་བཟང་འདི།།

ལྟ༵་བའི་ཁྱར་འཕགས་ཚད་གྲུབ་བློ་སྒོར་འཚམས་པར་དང་།

བྱིང་རྒོད་ཕྲག་རག་ཞིབ་མོ་སྒོ༵མ་གྱི་ཁྱད་པར་འཕགས།།

སྤྱོ༵ད་པའི་འདུལ་ཁྲིམས་གཙོ་མཛད་ཀུན་ལས་འཕཊ་པར་བསྟན།།

26

འཇམ་དཔལ་རྒྱུད་དང་མདོ་སྡེ་ཟ་མ་ཏོག་སོགས་ལས།།

སྔོན་བྱོན་རྒྱལ་བས་ཡ་མཚན་ལུང་གིས་ཟིན་པ་ཡིན།།

དད་ལྡན་མང་པོས་རྣམ་དཀར་མཆོད་ཡོན་སྦྱར་བ་ལས།།

དགའ་ལྡན་ཞེས་བྱ་ཆོས་ཀྱི་མ་དགོན་འདི་ན་བཏབ།།

27

གང་གིས་བདེན་སྨོན་མ་ལུས་ཐུགས་རྗེས་བྱིན་མཐུ་ལས།

ཆོས་ཀྱི་སྡེ་འདི་འགོག་མེད་དབྱར་མཚོ་བཞིན་དུ་རྒྱས།།

བཤད་སྒྲུབ་ནོར་གྱིས་བསྟན་པའི་ཉིན་བྱེད་གསལ་བ་ཡིན།།

འཇམ་མགོན་བླ་མའི་མདོ་སྔགས་ཟུང་གིས་བསྟན་འདི་རྒྱལ།།

28

མ་དག་འཁོར་བའི་ཐ་མལ་སྐྱེ་བོའི་གནང་ཚུལ་ངོར།།

མགོན་ཁྱོད་ཉི་མ་ནུབ་རིར་ཕྲག་ཏུ་བརྒལ་ན་ཡང་།།

མདོ་སྔགས་ཟུང་གི་ལྟ་གྲུབ་རི་རབ་ལྷུན་པོ་ཡིས།།

འཛིན་མའི་གླིང་འདིར་བསྟན་པའི་འོད་སྣང་འཚེར་བ་ཡིན།།

29

གང་གིས་རྣམ་དཔྱོད་རྒྱ་མཚོ་ཀློང་ནས་དལ་གྱི་རྡོལ།།

ཕྱོགས་ཀུན་འཕྲིན་ལས་བ་དན་དཀར་པོ་གཡོ་བ་ཡིན།།

སྨྲ་བསམ་བརྗོད་མེད་གང་གི་མཛད་རྗེས་ལྷུན་པོ་ལ།།

བརྗོད་དུ་མི་ལང་ཐ་མལ་བསོད་ནམས་བགོ་སྐལ་ཙམ།།

30

འདི་འབད་བདག་གི་རྣམ་དཀར་དགེ་བའི་ཚོགས་རྣམས་ཀྱིས།།

འདི་ནས་ཆད་མེད་སྐྱེ་བར་ཚེ་རབས་འཕྲེང་བའི་རྒྱུད།།

མགོན་ཁྱོད་ཐུགས་རྗེས་བརྩེ་བའི་ནམ་ཡང་མ་དོར་ཞིང་།།

འཇམ་མགོན་རྒྱ་བའི་བསྟན་འདིར་རྗེས་སུ་འཛིན་པར་སྨོན།།

ཞེས་པ་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཟུང་འཇུག་གོ་འཕང་མངོན་དུ་གྱུར་ནས་མི་ལོ་དྲུག་བརྒྱར་འཁོར་བའི་རྗེས་དྲན་དུ་གང་གི་བསྟན་པའི་རིགས་ལུགས་སུ་ཐོས་བསམ་གྱི་བསྐལ་བ་མི་དམན་ཙམ་བསྙེས་པ་འབྲས་གྲགས་པ་བློ་བཟང་རིན་ཆེན་ནམ་སྨྱུག་མིང་པ་གངས་རིན་ཆེན་གྱིས་དཔལ་ནཱ་ལེནྜ་གཉིས་པ་ཞེས་ཡོངས་སུ་གྲགས་པའི་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་མོ་ནས་སྦྱར་བར་དགེ་བ་རྒྱས་གྱུར་ཅིག།

Share206Tweet129

Related Posts

No Content Available

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།