༡) དེང་སྐབས་མཚན་སྙན་ཅུང་ཆེ་བའི་བོད་ཀྱི་བླ་སྤྲུལ་དགེ་བཤེས་མཁན་སློབ་སོགས་ཀྱིས། རང་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ཞེན་པ་དཀར་པོས་ཆོས་རིག་སྐད་ཡིག་སོགས་ལས་འཕྲོས་པའི་བླང་དོར་ལམ་སྟོན་གང་ཞིག་གནང་ཡང་ཧ་ཅང་དགའ་བསུ་ཞུ་འོས་གྱུར་མོད། ཁོང་རྣམས་ཀྱི་ཀུན་སློང་ལེགས་ཉེས་གང་ཡིན་ལ་མ་ལྟོས་པར། ཆོས་བརྒྱུད་གྲུབ་མཐའ་ཕན་ཚུན་དང་། ལུང་ཚན་དང་ཡུལ་ལུང་ཕན་ཚུན་སོགས་ལ་ཕོག་ཐུག་འགྲོ་གཞིའི་ཁ་ནོར། ཚིག་ནོར། དོན་ནོར་སོགས་ཅུང་ཟད་ཙམ་ཡང་མི་འབྱུང་བ་ངེས་པར་དུས་ཀུན་ཏུ་ཡིད་གཟབ་གནང་དགོས་པ་གལ་ཆེ་མཐོང་། ཡང་རེ་ཟུང་གི་རང་ལྟ་མཆོག་འཛིན། རང་ལུགས་རྒྱ་བསྐྱེད་ཀྱི་ཀུན་སློང་ངན་པའི་གདོན་གྱིས་མྱོས་ཏེ། བསམ་བཞིན་དུ་ཕྱོགས་རིས་འཐེན་འཁྱེར་གྱིས་དེ་དག་ཕན་ཚུན་དབར་ཕྲག་དོག་དང་། འཁོན་འཛིན། འཁྲུགས་རྐྱེན་འགྲོ་བའི་གཏམ་བཤད་དང་རྩོམ་ཡིག་སོགས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བའི་བྱ་ངན་རྩོམ་མཁན་དག་ནི། མི་རིགས་འདི་ཉིད་ཕུང་ལ་སྦྱོར་བའི་དུག་རྫས་ལྟ་བུ་ཡིན་པས་བོད་མི་ཀུན་གྱིས་ངེས་པར་མཁྱེན་དགོས། མདོར་ན་ཁྱོད་རྣམས་ལ་བོད་མིའི་སེམས་ཤིག་ཡོད་ན་མི་རིགས་འདི་ཉིད་མཐུན་སྒྲིལ་གཙོ་བཟུང་ཐོག རྨོངས་དད་མེད་པའི་ཆོས་ལ་འཇུག་ཐབས་དང་། ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འཁྲིད་རོགས།
༢) བོད་མི་རིགས་ཀྱི་ཤ་རུས་ཁྲག་རྒྱུན་ལས་དབང་སོགས་གཅིག་ཀྱང་། ཉིན་མཚན་ཀུན་ཏུ་བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་དང་། འགལ་ཟླ་ཁོ་ན་བཟོ་བཞིན་པའི་དྲྭ་འབུ་དང་སྐབས་འཚོལ་བ་འགའ་ཞིག་གིས། བོད་ཀྱི་ཆོས་དང་རིག་གཞུང་ཀུན་ལ་མཁྱེན་པ་རྒྱས་ཤིང་ལྷག་བསམ་དཀར་བའི་སྐྱེས་བུ་དམ་པ་གང་མང་ཞིག་གིས་སློབ་གསོ་དང་བསླབ་བྱ་དག་གཅོད་གཏུབ་དང་། འགོ་མཇུག་སྣ་ཚོགས་སྦྲེལ་ཏེ་སྐབས་འཚོལ་བ་ཁྱེད་རྣམས་ཀྱིས་ཁ་མཁས་གཏམ་སྙན་དྲན་འཕྲུལ་འབའ་ཞིག་གིས་ཆོས་བརྒྱུད་དང་། ཡུལ་ལུང་། སེར་སྐྱ། དགོན་སྡེ། བླ་སློབ། གྲྭ་བཙུན། ཤེས་ཡོན་ཡོད་མེད། རྒས་དར་གཞོན་གསུམ། ཞིང་འབྲོག་མང་ཚོགས་སོགས་ལ་ནང་ཕན་ཚུན་དུ་ཆགས་སྡང་རྨོངས་གསུམ་གྱི་རྒྱུད་བསྐུལ་ཏེ། ནང་ཁུལ་མཐུན་སྒྲིལ་གཏོར་བའི་རྒྱུ་རྐྱེན་འདྲ་མིན་བཟོས་ཏེ། ཞི་བདེ་འཆམ་མཐུན་གནས་པའི་མི་རིགས་འདི་འཇིགས་སུ་རུང་བའི་གཡང་ས་ཞིག་ཏུ་འཁྲིད་ཐབས་བྱེད་པའི་ངན་སེམས་འདི། རང་གཞན་ཚང་མར་ཉམས་རྒུད་དུ་འགྲོ་མཉམ་མ་གཏོགས་རང་རྒྱལ་གཞན་ཕམ་གྱི་བདེ་སྐྱིད་གང་ཡང་བསྐྲུན་ཐབས་མེད་པས། ད་ནས་བཟུང་རང་མི་རིགས་ལ་ནམ་ཡང་བསུག་ཏུ་མེད་པའི་ལོ་རྒྱུས་ནང་ནག་ཉེས་ཅན་གྱི་སྤྱོད་ཚུལ་རྣམས་དོར་ཏེ། འཇིག་ཉེན་ཉག་ཕྲ་ལ་གནས་པའི་མི་རིགས་འདི་ལ་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བའི་ཐབས་ལ་ཅིས་ཀྱང་འབད་རོགས།
༣) བོད་མིའི་སྤྱི་ཚོགས་ཕལ་ཆེ་བ་ནི་གཡོ་སྒྱུ་དང་། ཕྱོགས་རིས་གདོན་གྱིས་མ་བཟི་བ་རང་རང་གི་ལས་ལ་བརྩོན་ཞིང་། རང་མི་རིགས་ཀྱི་ཆོས་རིག་སྐད་ཡིག་སོགས་ལ་སླད་མེད་དྭངས་གཙང་གི་ལྷག་བསམ་དཀར་པོ་འབའ་ཞིག་ཡིན་མོད། འོན་ཏང་མཚམས་རེར་སྐབས་འཚོལ་བ་དག་གི་གཡོ་འོག་ཏུ་ཚུད་དེ། ལྷིང་ཞིང་འཇགས་པའི་སྤྱི་ཚོགས་འདི་ཟིང་ཟིང་ལོང་ལོང་དུ་འགྱུར་བའི་ཉེན་ཁ་ཅུང་ཆེ་བས། བོད་མི་རང་རང་གི་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱིས་རྣམ་པར་དཔྱོད་དེ་སྐབས་འཚོལ་བ་དང་། དྲྭ་འབུ་དག་གིས་གཅོད་གཏུབས་ཀྱི་རྩོམ་འཆལ་དང་། གཏམ་རྙོག་སོགས་ཀྱི་རྒྱུད་མ་འཁྲུག་པར་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་དཔྱད་ཞིབ་འཐིལ་ཕྱིན་གནང་སྟེ། བོད་ཀྱི་སྤྱི་ཚོགས་འདི་ཉིད་ཞི་བདེ་འཆམ་མཐུན་ངང་གནའ་དེང་གཉིས་ཀྱི། ཤེས་ཡོན་གྱི་ཕྱུག་པའི་ཡ་རབས་ལྡན་པའི་སྤྱི་ཚོགས་ཤིག་ཡོང་བར་སྒོ་ཀུན་ནས། ནུས་པ་མཉམ་དུ་བཏོན་ཐུབ་ན། ད་གཟོད་མི་རིགས་འདི་ཉིད་མི་སྨོན་རང་སྐྱིད་ཐོག །མ་འོངས་མདུན་ལམ་ནི་འོད་སྟོང་ལྡན་པའི་ལམ་བཟང་ཞིག་ཏུ་མདུན་བསྐྱོད་ཐུབ་པར་མ་ཟད། རེ་བ་ཡང་བཟང་པོ་ཞིག་ཏུ་རྒྱག་ཆོག་པ་སྨོས་མེད་རེད། མདོར་ན་རང་མི་རིགས་ལ་ཁེ་ལས་གྱོང་ཆེ་བའི་སྤྱོད་ཚུལ་ངན་པའི་རིགས་ལ། རང་འགན་རང་འཁྲིའི་ནུས་པ་མཉམ་སྤུངས་དང་། དཔུང་པ་མཉམ་གཤིབ་བྱས་ཏེ་རང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གང་ལ་ཡང་ཕན་ལས་གནོད་ཆེ་བའི་སྐབས་འཚོལ་བ་དག་གི་གཡོ་འཕྲུལ་གྱི་འོག་ཏུ་མ་ཚུད་པའི་ཆེད་དུ་དུས་ཀུན་ཏུ་སྒོ་ཀུན་ནས་གཟབ་པར་འཚལ་ལོ། །
སེར་བྱེས་ལྷ་རམས་པ་ལྡན་མ་དགེ་བཤེས་ངག་དབང་སྟོབས་ལྡན་གྱིས་འཕགས་ཡུལ་ལྷོ་མཐའ་སེ་ར་ཐེག་ཆེན་གླིང་ནས་ལྷག་བསམ་ཞེན་པ་དཀར་པོས་༢༠༡༧/༡༠/༢༤ ཉིན་ཕུལ།