དབྱར་ཁ་གནམ་གཤིས་ཧ་ཅང་ཚ་ལ། དགུན་ཁ་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ། སྤྱིར་ནས་གནམ་གཤིས་འགྱུར་ལྡོག་སྐྱེན་པའི་གནས་མཆོག་རྡོ་རྗེ་གདན་ནི། རྒྱ་གར་གྱི་མངའ་སྡེ་བྷི་ཧར་(Bihar)ཡི་གྲོང་ཁྱེར་པཱ་ཊི་ན་(Patna) ནས་ལེ་དབར་བརྒྱ་དང་བཅུ་གཅིག (Km 111)སར་ཡོད་པའི་བོད་སྐད་དུ་རྡོ་རྗེ་གདན་དང་། དེང་སང་རྒྱ་གར་སྐད་དུ་(Bodhgaya)ཟེར་ཞིང་། སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ལོ་དྲུག་དཀའ་བ་སྤྱད་དེ་མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་འདི་ནི་ནང་པ་ཞིག་གི་ངོས་ནས་བཤད་ན་གོ་མ་མྱོང་བ་མེད་པ་དང་། གནས་འདིར་མཇལ་འདོད་ཀྱི་འདུན་པ་ཡང་མེད་མཁན་དཀོན་པོ་རེད། རེད་དེ། བོད་པ་ཞིག་ལ་མཚོན་ན་མཇལ་དཀའ་བ་དང་། མཇལ་ནའང་དེ་ཙམ་ཚོར་ཤུགས་ཤིག་བྱིན་ཡོད་མེད་བཤད་དཀའ་མོ་རེད་སྙམ། དེ་རིང་གུས་པས་རྡོ་གདན་དུ་འབུམ་ཕྱག་འཚལ་ནས་ཟླ་ཤས་བསྡད་པའི་རིང་གི་མྱོང་བ། མཇལ་ན་དད་པའི་བ་སྤུ་སློང་བའི་སྒོམ་སྒྲུབ་པ་དང་། རིག་ན་སྙིང་རྗེ་སྐྱེ་བའི་ལས་ངན་པ་བཅས་འདྲ་མིན་ཞིག་མཐོང་རྒྱུ་འདུག་པ་འགའ་གཤམ་ནས་འགོད་པར་བྱ།
གཅིག རྡོ་རྗེ་གདན་ངོ་སྤྲོད་ཐུང་ངུ་།
རྡོ་རྗེ་གདན་ནི་ནང་པའི་ཆོས་ཕྱོགས་ནས་བཤད་སྟངས་གཉིས་སུ་ཕྱེ་ཆོག་པ་ནི། ཐེག་ཆེན་པ་དག་གིས་གནས་འདིར་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་ནང་གི་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་པའི་གནས་ཤིག་དང་། ཐེག་དམན་པ་དག་གིས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་ཐོག་མར་རྒྱས་སའི་གནས་ཤིག་ཏུ་བརྩི།
ད་ལྟ་གནས་འདིར་རྩ་ཆེ་བའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། འདིའི་ནང་གི་སྟོན་པའི་སྐུ་བརྙན། མཆོད་རྟེན་ཆེན་མོའི་རྒྱབ་སྟེ་བྱང་ཕྱོགས་སུ་བྱང་ཆུབ་ལྗོན་ཤིང་དང་དེའི་འགྲམ་དུ་སངས་རྒྱས་ཀྱི་ཞབས་རྗེས། ནུབ་ཏུ་བདུན་ཕྲག་གསུམ་པར་ཕེབས་སྒོམ་1གྱི་ཞབས་རྗེས་དང་། བདུན་ཕྲག་བཞི་པའི་སྒོམ་སྒྲུབ་ཁང་། ཤར་ནུབ་མཚམས་སུ་བདུན་ཕྲག་གཉིས་པར་བཞུགས་པའི་མིག་མི་འཛུམ་པའི་མཆོད་རྟེན་(འོད་ཟེར་མཆོད་རྟེན་ཡང་ཟེར་མཁན་འདུག) དང་། ཤར་ཕྱོགས་ཏེ་མདུན་དུ་བདུན་ཕྲག་ལྔ་པའི་བཞུགས་གནས། ལྷོ་ཕྱོགས་སུ་བདུན་ཕྲག་དྲུག་པའི་མཛད་པ་བཅས་མཇལ་རྒྱུ་ཡོད། མ་ཟད་སྒྲོལ་མ་གསུང་བྱོན་མ་དང་སྒྲོལ་མ་ཁང་ཡོད་ཅིང་། མཆོད་རྟེན་ཆེན་མོ་འདིར་ལྕགས་རི་ཕྱི་ནང་གསུམ་ཡོད་པའི་ཕྱི་མ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེངས་པར་གྲགས་པས་མིང་དུ་ཡང་ཀླུ་སྒྲུབ་ར་བ་ཟེར། སྟོན་པ་མཆོག་སངས་རྒྱས་ནས་བདུན་ཕྲག་བདུན་མཐར་མ་གཏོགས་ཆོས་ཀྱི་འཁོར་ལོ་སྐོར་མེད་པས། དེའི་རིང་གི་ཀྱི་མཛད་པ་རྣམས་མདོར་བསྡུས་སུ་གོང་དུ་བཀོད་པ་ལྟར་ལགས་སོ། །
གཉིས། རྡོ་རྗེ་གདན་གྱི་གནས་མཇལ་བ།
གནས་འདིར་ནི་ནང་པའི་གནས་ཆེན་བཞི་ཡི་རྩ་ཆེ་ཤོས་དང་མི་ཚོགས་འཛོམས་ཤོས་ཤིག་ཡིན་པས། ཉིན་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རིགས་མི་འདྲ་བར་སྟོང་ཕྲག་མང་པོས་ཆོས་འབུལ་དང་། བསགས་སྦྱང་སྒོམ་སྒྲུབ། ཡུལ་སྐོར་བཅས་ཡོང་གི་འདུག གནས་འདིར་ཡོང་མཁན་ཡོད་ཚད་ཀུན་པོ་རིགས་གསུམ་དུ་འདུས་སྟེ། གཅིག སྟོན་པའི་རྗེས་འཇུག་གི་མི་སྣ་ཚང་མས་དད་འདུན་ཀྱིས་སྟོན་པ་མཆོག་གི་ཡོན་ཏན་དང་བཀའ་དྲིན་དྲན་བཞིན་རང་རྒྱུད་ཀྱི་སྡིག་སྒྲིབ་འདག་ཕྱིར་རང་རང་དང་འཚམ་པའི་བསགས་སྦྱང་སྣ་ཚོགས་ཤིག་བྱེད་ཀྱི་འདུག གཉིས། ཧིན་དྷུའི་ཆོས་བྱེད་པ་དག་གིས་གཅིག་ནས་སྟོན་པ་ཤཱཀྱ་ཐུབ་པ་ཁྱབ་འཇུག་གི་འཇུག་པ་ཞིག་ཏུ་བརྩི་བ་དང་། གཉིས་ནས་ད་ལྟའི་མཆོད་རྟེན་ཆེན་མོའི་ནང་དུ་ཧིན་དྷུ་པའི་ཆོས་བྱ་སའི་དབང་ཕྱུག་གི་མཚན་མ་རྡོ་ལ་བརྐོས་པ་ཞིག་སྟོན་པའི་སྐུ་བརྙན་མདུན་ལ་ཡོད་པས་དེར་ཆོས་བྱེད་དུ་ཡོང་གི་ཡོད། གསུམ། ལོ་རྒྱུས་དང་ཡུལ་སྐོར་ལ་དགའ་བའི་མི་སྣ་འགའ་རེས་དེབ་དང་པར་ཆས་ཁུར་ནས་ཅི་ཞིག་བོར་སོང་བ་བཞིན་འགྲོ་བསྡད་པ་དག་རེད།
གསུམ། རྡོ་རྗེ་གདན་དུ་བོད་རིགས་གནས་མཇལ་བ།
ནང་པའི་གནས་མཇལ་བའི་ཁྲོད་ནས་བོད་རིགས་ (ཧི་མ་ལ་ཡི་རི་རྒྱུད་ཡོངས་ལ་གོ་དགོས) དང་བོད་རིགས་མ་ཡིན་པ་གཉིས་སུ་ཕྱེ་ཆོག དེ་ཡང་བོད་རིགས་དག་ནི། རྡོ་གདན་ཙམ་མ་ཟད་ཆོས་མཇལ་གང་དུ་སོང་ཡང་། ཆ་ལུགས་ལ་སྒྲིག་གཞི་ལྟ་བུ་ཞིག་གང་ཡང་མེད་ཅིང་། ཟིང་ཆ་དང་འུར་སྒྲ་མང་ཞིང་། རྡོ་འབུར་འབུར་དང་ས་ཀོང་ཀོང་ཡོད་ཚད་ལ་ཐོད་པ་གཏུགས་ཤིང་། ཕྲེང་བ་ཕུར་བར་བྱེད། གནས་གང་ཡིན་ཡང་དེའི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་འཚོལ་ཞིབ་བྱེད་མི་ཤེས་ཤིང་། སྟོན་པ་སངས་རྒྱས་སོགས་ཀྱི་མཛད་པ་དང་། རྣམ་པར་ཐར་པ་ཅི་ཞིག་ཡོད་མེད་དེ་བས་ག་ལ་ཤེས་ཤིང་མི་ཤེས་ལ་དོ་སྣང་ཡང་མི་བྱེད། ལྷག་པར་དུ་བོད་ནས་ཕེབས་པའི་རྒས་འཁོགས་འགའ་རེ་གྲྭ་པ་དང་ཨ་ནེ་སོགས་ལོ་ཆུང་འགའ་རེས་སྣེ་ལེན་བྱེད་དེ་གནས་སྐོར་ཁྲིད་ཀྱིན་འདུག་ཀྱང་། གང་དུ་ཁྲིད་པའི་གནས་དེའི་སྐོར་ལ་ཟུར་ཙམ་ཡང་འགྲེལ་མཁན་ནི་ཉིན་མོའི་སྐར་མ་ལྟར་རེད། དཔེར་ན། རྡོ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་དུ་བོད་རིགས་མང་ཆེ་བས་ནི། ཕྱག་འཚལ་ཞིང་སྐོར་ར་བྱེད་པ་དེ་ཙམ་ལས། མཆོད་རྟེན་ཆེན་མོའི་ར་སྐོར་འདིའི་ནང་གི་སངས་རྒྱས་ཀྱི་མཛད་པ་གང་དང་གང་། སངས་རྒྱས་ཀྱི་ཡོན་ཏན་དྲན་བཞིན་སྒོམ་སྒྲུབ་ལ་གཞོལ་མཁན་ནི། གྲྭ་པ་ཨ་ནེ་འགའ་རེ་ལས་མེད་པ་ལྟ་བུ་ཞིག་རེད། འདི་ནི་ང་ཚོ་བོད་རིགས་ཡོངས་ཀྱིས་ཆོས་རྣམ་དག་སྒྲུབ་སྟངས་ལ་སྣང་མེད་དུ་ཤོར་བ་ཞིག་ཡིན་པ་ལས། བོད་བརྒྱུད་ནང་བསྟན་གྱིས་ཤུགས་རྐྱེན་གཏན་ནས་རེད་མི་འདུག་སྙམ།
བཞི། རྡོ་རྗེ་གདན་དུ་བོད་རིགས་མིན་པའི་གནས་མཇལ་བ།
ནང་པ་མང་བའི་རྒྱལ་ཁབ་སྟེ། རྒྱ་གར། ཐེ་ལན་ཌི། འབར་མ། ཤྲི་ལང་ཀཱ། ཝི་ཏི་ནམ། བཱང་ལ་དྷེ་ཤི། ཉི་ཧོང་། ཀོ་རི་ཡ། རྒྱ་ནག ཐེ་ཝན། སིང་གཱ་པུར། མཱ་ལེ་ཤི་ཡ། སོག་པོ་ལ་སོགས་པའི་ནང་པའི་རྒྱལ་ཁབ་དང་། ནང་པའི་རྒྱལ་ཁབ་མིན་ཀྱང་རང་ཉིད་ནང་པ་ཡིན་པ་བཅས་མགོ་ནག་དང་མགོ་སེར་མང་པོ་མང་པོ་ཞིག་གནས་འདིར་ཆོས་མཇལ་དུ་ཡོང་གི་འདུག་ལ། དེ་དག་ལས་རྒྱ་གར་དང་། ཐེ་ལན་ཌི། འབར་མ། ཤྲི་ལང་ཀཱ། ཝི་ཏི་ནམ། བཱང་ལ་དྷེ་ཤི་བཅས་ནི་འདིར་ཆོས་མཇལ་བ་མང་ཤོས་དང་། གནས་མཇལ་བ་ཡོངས་ཀྱི་ཆ་ལུགས་གཅིག་པ་དང་། དགེ་སློང་ངམ་གྲྭ་པ་ཞིག་གིས་སྣེ་ཁྲིད་དེ་གནས་བཤད་དང་། མདོ་མཉམ་དུ་འདོན་པ་བཅས་གྲ་སྒྲིག་འཐུས་ཚང་ངང་ནས་ཡོང་གི་འདུག་ལ། ཁྱུ་དང་ཁྱུ་བྱས་ནས་ཉིན་ལྟར་མཆོད་རྟེན་ཆེན་མོའི་ནང་དུ་རིག་རྒྱུ་ཡོད།
གཞན་མགོ་ནག་རིགས་བོད་བརྒྱུད་ནང་བསྟན་དང་འབྲེལ་ཡོད་རྣམས་ཀྱིས་བོད་པ་ལྟར་མང་ཆེ་བ་ཕྱག་དང་སྐོར་ར་བྱེད་པར་དགའ་བས། ཁེར་རྐྱང་དུ་བསྡད་ནས་སྒོམ་སྒྲུབ་བྱེད་མཁན་ནི་ཧ་ཅང་ཉུང་ཉུང་རེད་ཟེར་ཆོག ནང་པའི་རྗེས་འཇུག་གི་མགོ་སེར་མང་ཆེ་བ་ནི། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཡིན་ཀྱང་། འདི་དག་བོད་རིགས་དང་མི་འདྲ་བར་མཆོད་རྟེན་ཆེན་མོའི་ཉེ་འཁོར་དུ་ཁེར་འདུག་ཀྱིས་སྒོམ་རྒྱག་གི་འདུག འོ་རེད། ད་རུང་འདི་ནས་རྒྱུན་དུ་རིག་རྒྱུ་ཡོད་པ་ནི། ཆོས་གོས་སེར་པོ་མནབས་པའི་རྒྱ་གར་གྱི་དགེ་སློང་སེར་པོ་དང་། ན་གཟའ་དམར་པོ་མནབས་པའི་བོད་རིགས་ཀྱི་གྲྭ་བཙུན། ཆོས་གོས་དམར་ནག་མནབས་པའི་ཐེ་ལན་དང་འབར་མའི་དགེ་སློང་། ཆོས་གོས་སེར་སྐྱ་མནབས་པའི་རྒྱ་ཡི་དགེ་སློང་བཅས་ནི་གང་སར་མཇལ་རྒྱུ་ཡོད། འདི་དག་ལས་ཐེག་དམན་པའི་དགེ་སློང་རྣམས་ནི་ཕེབས་སྒོམ་རྒྱག་པ་མང་ཞིང་། བོད་རིགས་ཀྱི་གྲྭ་བཙུན་དག་ནི་བཞུགས་སྒོམ་མཛད་པ་མང་། རྒྱ་གར་བའི་དགེ་སློང་སེར་པོ་ནི། (དགེ་སློང་མིན་པར་ཆོས་གོས་གྱོན་པའི་ཕ་རྒན་མང་པོ་ཡོད) འགའ་རེ་ཙམ་མ་གཏོགས་པའི་དགེ་སློང་མང་བ་ནི་སློང་མོ་བ་ཤ་སྟག་སྟེ། མཚམས་རེ་ཁོང་ཚོས་སློང་སྟངས་དེས་ང་ཚོ་ཡང་ངོ་ཚ་ཡོང་གི་འདུག་ཨ།
ད་དུང་། མཆོད་རྟེན་ཆེན་མོའི་ནང་དུ་བོད་རིགས་ཡ་མཚན་པ་འགའ་རེ་ཡོད་པ་ནི། ཨ་ཕ་སྐོར་ར་འགྲོ་ཞིང་། ཨ་མ་ཨ་ནེའི་ཆ་ལུགས་བཟོས་ནས་སྐུ་ཡོན་གཉེར་བཞིན་ཕྱི་དྲོ་མཉམ་དུ་ཁྱིམ་ལ་ལོག་པ། སྟོད་ལ་བལྟས་ན་ཕོ་སར་སྟག་འདྲ་བ། སྨད་ལ་བལྟས་ན་གྲྭ་པ་དགེ་སློང་ཟོལ་འདྲ། ཕ་ལགས་ཟེར་ན་མ་འགྲིག་འགྲིག རྒན་ལགས་ཟེར་ནའང་མ་འགྲིག་འགྲིག ཨ་མ་ལགས་འབོད་ན་མ་འགྲིག་འགྲིག ཨ་ནེ་ལགས་འབོད་ནའང་མ་འགྲིག་འགྲིག་མང་པོ་མཐོང་རྒྱུ་ཡོད། མདོར་ན། རྩ་ཆེ་བའི་གནས་འདིར་སླེབས་ནས་རང་སེམས་རང་གིས་གཅུན་ནས་མ་སོང་ན། དགེ་སྡིག་ཅི་ཡིན་མ་འཚལ་བའི་ལས་ཀ་བྱེད་མཁན་མང་པོ་མང་པོ་འདུག འདི་དག་ནི་རྡོ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་སྐོར་ཙམ་ལས། ཕྱི་ལོག་གི་དངུལ་ཞིག་སྟེར་ན་འཕྲོག་པ་ཡིན་སྙམ་པ་ལྟ་བུའི་སྐྲུ་མ་དང་། སུམ་བརྒྱ་ཅན་གྱི་ཅ་དངོས་ལ་དགུ་བརྒྱ་ལབ་པའི་ཚོང་པ། འགྲོ་ལམ་བཙན་གྱིས་བཀག་པའི་གླ་འཁོར་བ་སོགས་མང་དུ་ཡོད་པས་དེ་དག་རེ་ཞིག་མང་བས་མ་བྲིས་སོ། །
ཏག་ཏག་རེད། ད་དུང་རྡོ་གདན་གཙོས་པའི་ནང་པའི་གནས་ཆེན་ཁག་ཏུ་དེང་སང་རྒྱ་གར་བས། གནས་མཇལ་བ་ཚོའི་ལག་ནས་དངུལ་གཉེར་ཐབས་ཀྱིས་ཤིང་སྡོང་ཞིག་ལ་ཁ་བཏགས་དང་ཆོས་དར་འགའ་དཔྱངས་ནས། གཅིག་གཅིག་རེད། གཉིས་གཉིས་རེད་ཟེར་ནས་གནས་རྫུན་པ་ལྟ་བུ་མང་པོ་ཞིག་བཟོ་བཞིན་འདུག་པས་གནས་མཇལ་བ་ཚོས་གཟབ་གལ་ཆེ་སྙམ།
1 སངས་རྒྱས་ཀྱི་རྣམ་ཐར་སྤྲིན་དཀར་ལམ་གཉིས་ནང་ཕེབས་སྒོམ་ཞེས་བསྒྱུར་འདུག་པས་དེ་ལྟར་བྲིས་པ་ལས། བོད་ཀྱི་ཐ་སྙད་རྙིང་པ་ཇི་ལྟར་ཡིན་མིན་གསལ་ཁ་མ་ཤེས།
2017-12-12 ཉིན་རྡོ་གདན་དུ་བྲིས་ཤིང་ཚེས་ 16 ཉིན་གླིང་སྲས་བོད་ཡིག་འཕྲིན་སྟེགས་དུ་བཀོད།
སྒེར་གྱི་དྲན་ཐོ།
—— རོ་ལངས།
༡
རང་རིགས་ལ་མི་འབོར་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ལོ་གཅིག་གི་སློབ་འབྲིང་ཐོན་མཁན་ཙམ་ཡང་མེད་པར་གླེང་། ཆབ་སྲིད་དང་དཔལ་འབྱོར་ལ་ནི་གླེང་རིན་ཆུང་། ཁོར་ཡུག་གི་བདག་དབང་ནི་མེད། དེ་བས་ལེགས་པར་བསམས་ན་ཁྱད་ཐོན་པ་ནི་ཆོས་དང་རིག་གནས་འབའ་ཞིག་ཡིན། ཡོད་ས་དོར་ནས་མེད་སར་སྙེགས་པ་ནི། ཏིལ་བོར་ནས་བྱེ་མ་འཚིར་བ་དང་འདྲ།།
༢
རང་རེའི་སྤྱི་ཚོགས་འདི་ལྕགས་རྟ་ཞིག་ཡིན་ན། ཆོས་དང་རིག་གནས་གཉིས་ནི་འཁོར་ལོ་གཉིས་པོ་དེ་ཡིན། དེ་ཉིད་འཛིན་སྐྱོང་བྱེད་མཁན་ནི་འཁོར་ལོའི་རྩིབ་མ་རེ་རེ་དང་མཚུངས། རང་ཉིད་རྩིབ་མ་ཞིག་ཡིན་པའི་དུས་དེར། རང་ཉིད་སྤྱི་ཚོགས་དེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རང་ཉིད་དེ་ལས་ལོགས་སུ་ཐོན་ན། ཇི་ལྟར་ངར་ཀྱང་འགན་ཁུར་བྲལ་བའི་ལྕགས་ཐུར་རྐང་གཅིག་རང་ལས་མ་འདས།
༣
གལ་ཏེ་རྩིབ་མ་གཅིག་མེད་སོང་ན་ལྕགས་རྟ་དེ་ཅུང་ཆ་མ་ཚང་བ་ཞིག་ཏུ་མཐོང་སྲིད་ཀྱང་། འཁོར་སྐྱོད་བྱེད་པར་འགོག་རྐྱེན་ཅི་ཡང་མེད། འོན་ཀྱང་རྩིབ་མ་རེ་རེ་ནས་མཐོང་ཆེན་མ་བྱས་ཚེ། འཁོར་ལོ་འཐོར་ཞིག་ཏུ་འགྲོ་བར་ཐེ་ཚོམ་མི་དགོས་པ་ཡིན།
༤
གྲྭ་པ་ཚད་ལྡན་ཞིག་ལ་མཚོན་ན། དམ་པའི་ཆོས་དང་མཐུན་རྒྱུ་ནི་རྩ་དོན་ཨང་དང་པོ་ཡིན་འོས་པ་རེད། རང་ཉིད་ལམ་བུ་དེར་ཞུགས་ཕྱིན་ཆད། ཆོས་དང་བསྟུན་ཅི་ནུས་མ་བྱས་ན། རང་ངོ་རང་གིས་མ་ཤེས་པ་དང་། རང་འགན་རང་གིས་མ་ཁུར་པ་ཁོ་ན་ཡིན། རྒྱུ་མཚན། དེ་ནི་རང་ཉིད་ཀྱིས་སྡོམ་པ་ལེན་སྐབས་དགའ་བཞིན་སྤྲོ་བཞིན་ཁས་བླངས་པའི་དོན་དག་དེ་ཡིན་པ་ལས། ཁྱེད་ལ་བཙན་སྐུལ་བྱེད་མཁན་སུ་ཡང་མེད་པས་སོ།
༥
མི་ཡི་དོན་སྙིང་དང་རིན་ཐང་ཟེར་བ་དེ་ཚོ། ཇི་ཞིག་འཇོན་ཡོད་མེད་ཀྱི་ཐོག་ཏུ་ཡོད་པ་ལས། ཇི་ཙམ་འཚོ་ནུས་མིན་གྱི་ཐོག་ཏུ་ཡོད་པ་མིན། དེ་བས་དགོས་དུས་གསོན་ཕོད་ཅིང་། མི་དགོས་དུས་འཆི་ཕོད་དགོས།
༦
གལ་ཏེ་ཁྱོད་རང་ཤིང་སྡོང་ཞིག་ཡིན་ན། ཀ་བ་དང་གདུང་མ་གང་རུང་ཉན་དུས་འགྲིག་བསྡད་ཡོད། དེ་མིན་རུང་འབུད་ཤིང་ཉན་དགོས། དེ་ཡང་མི་ཉན་པར་རང་འགར་རུལ་སོང་ན། དེ་དུས་ཁྱོད་རང་ཧ་ཅང་”ཡི་མུག་པའི་གནས་”སུ་ལྷུང་སོང་བ་རེད།
༧
ཁོར་ཡུག་གང་ཞིག་གིས་མི་རྣམས་ལ། བསླབ་པ་དང་འཛིན་གྲྭ་ཙམ་གྱིས་གྲལ་རིམ་འབྱེད་ན་ཉེན་ཁ་ཆུང་། འོན་ཀྱང་ཤེས་འཇོན་རྒྱུ་ནོར་སོགས་ཀྱིས་གྲལ་རིམ་འབྱེད་ན། དེ་ནས་ཁོར་ཡུག་དེ་མཐུན་སྒྲིལ་དང་ལྷིང་འཇགས་ཀྱི་ངང་ནས་དར་རྒྱས་སུ་འགྲོ་ཐབས་བྲལ་བ་རེད།
༨
ཁྱོད་རང་ཆུ་མེད་ན་སྡོད་ཐབས་བྲལ་བ་རེད། འོན་ཀྱང་མི་ཚེ་ཡོངས་རྫོགས་རང་གི་འཐུང་ཆུའི་དོན་དུ་བཏང་ན། དེ་ནི་དགོད་བྲོ་བའི་བྱ་བ་ཞིག་ཡིན་སྲིད། སྐབས་རེ་རྒྱུ་ནོར་ཡང་ཆུ་དང་འདྲ་བར་མཐོང་།
8/10/2018