རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ།
རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།
སྨྱུག་མིང་། དར་ལྕེ་ཟད་པོ།
ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།
<<ལེགས་བཤད་སྙིང་པོ་ལས།>> ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས། གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།
<<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’ ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ། ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་། སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།
ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་། རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད། ཟླ་བ་གྲགས་པ། སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས། ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས། འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས། ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།།
སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་། འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་། <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’ ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་། སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད། འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན། སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། །
རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ། བརྡ་སྤྲོད་པ་སོགས་དང་། རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས།
འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།
<<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་། དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས། ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།།
སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།
<<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཀླུ་བོས་ཞེས་པ་ཞིག་གིས་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་རྣམ་པར་བཤད་པ་མཛད་ཅིང་། རྣམ་རིག་གི་དབུ་མ་ཅུང་ཟད་གསལ་བར་མཛད་དོ། །ཞེས་སློབ་དཔོན་གྱི་སློབ་མ་ཀླུ་བོ་ཞེས་པ་ཞིག་གིས་རྣམ་རིག་པ་ཅུང་ཟད་གསལ་བར་མཛད་གསུངས་ཀྱང་། སློབ་དཔོན་འདིས་སྐུ་གསུམ་ལ་བསྟོད་པ་མཛད་གསུངས་ཀྱང་བསྟན་འགྱུར་ནང་གི་སྐུ་གསུམ་བསྟོད་པ་འདི་ཀླུ་སྒྲུབ་ཀྱིས་མཛད་པ་མཇུག་བྱང་ལས་འབྱུང་བས་དཔྱད་གཞིར་མཐོང་།
<<སློབ་དཔོན་སློབ་དཔོན་ཆོས་སྐྱོང་།>> སློབ་དཔོན་འདིའི་བརྩམས་ཆོས་བོད་ལ་འགྱུར་བ་མེད་པས་བོད་ལ་དེ་ཙམ་ཡོངས་སུ་མ་གྲགས་ཀྱང་སློབ་དཔོན་འདི་ཐོགས་མེད་སྐུ་མཆེད་ཀྱི་རྗེས་འབྲངས་རྣམ་རིག་སློབ་དཔོན་ཁྲོད་ནས་མཁས་པ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པས། ལེགས་ལྡན་འབྱེད་དང་ཞི་འཚོ་ཡབ་སྲས་བཅས་ཀྱི་ཕྱོགས་སྔ་གཙོ་བོ་ཞིག་ཡིན་པ་དང་། ཐང་སིན་བླ་མའི་བརྒྱུད་པ་འདི་དག་གིས་གཙུག་ཏུ་བཀུར་ཡུལ་གྱི་སློབ་དཔོན་ཞིག་ཡིན་པར་སྣང་། <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’སློབ་དཔོན་ཕྱོགས་ཀྱི་གླང་པོ་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཐམས་ཅད་སླར་ཡང་ཉན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར་པ།’’ ཞེས་སློབ་དཔོན་ཆོས་སྐྱོང་ཕྱོགས་གླང་གི་སློབ་མ་ཡིན་པར་བཤད་པ་དང་། <<ཡང་དེ་ཉིད་ལས།>> ‘’ཟླ་བ་གྲགས་པའི་རྗེས་སུ་ནཱ་ལནྡཱའི་མཁན་པོ་མཛད་དོ།’’ །ཞེས་སློབ་དཔོན་ཟླ་གྲགས་ཀྱི་རྗེས་སུ་མཁན་པོར་ཕེབས་པར་བཤད་པ་དཔྱད་གཞིར་མཐོང་སྟེ། <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>>’’ བསྟན་བཅོས་བཞི་བརྒྱ་པ་དེ་ནི་ད་ལྟའི་སྙན་དངགས་མཁན་བཙུན་པ་ཆོས་སྐྱོང་གིས་ཇི་ལྟར་བཀོད་པ་ཕྱེ་ནས་རྣམ་པ་གཉིས་སུ་བྱས་ཏེ།’’ ཞེས་ད་ལྟའི་སྙན་ངག་མཁན་ཞེས་གསུངས་པས་གཤེགས་ཟིན་པ་ལ་ད་ལྟའི་སྙན་ངག་མཁན་མི་ཟེར་བས་ཟླ་བ་གྲགས་པ་དང་དུས་མཉམ་ཡིན་པར་ཚད་མར་བཟུང་དགོས་པས། ཕྱོགས་གླང་གི་དངོས་སློབ་ཅིག་ཟླ་གྲགས་ཀྱི་རྗེས་སུ་མཁན་པོར་ཕེབས་པ་དཀའ་བར་མཐོང་སྟེ། སློབ་དཔོན་ལེགས་ལྡན་གྱིས་ཕྱི་དོན་མེད་པར་འགོག་པའི་ཕྱོགས་སྔར་སློབ་དཔོན་ཕྱོགས་གླང་བཟུང་བས་ལེགས་ལྡན་གྱི་སྔོན་དུ་ཕྱོགས་གླང་ཕེབས་ཟིན། ལེགས་ལྡན་གྱི་རྗེས་སུ་སློབ་དཔོན་ཟླ་གྲགས་བྱོན་པས་ལེགས་ལྡན་དང་ཟླ་བ་གྲགས་པ་དུས་མཉམ་མིན་ན་སློབ་དཔོན་ཆོས་སྐྱོང་སྐུ་ཚེ་རིང་པོ་དེ་ཙམ་བཞུགས་དཀའ་བ་སྟེ། རྒྱ་ཡིག་ལས་སློབ་དཔོན་ཆོས་སྐྱོང་མྱ་ངན་ལས་འདའ་ཁར་རང་གི་སློབ་མ་དགེ་བསྙེན་ཞིག་ལ་རང་གིས་བརྩམས་པའི་སུམ་ཅུ་པའི་འགྲེལ་པ་སློབ་པར་འདོད་མཁན་བྱུང་ན་གསེར་སྲང་གཉིས་རེ་བླངས་ནས་བྱིན། གལ་ཏེ་རྣམ་དཔྱོད་ཕུལ་དུ་བྱུང་བ་དང་ཕྲད་པ་ན་རིན་མེད་དུ་བྱིན་ཞིག་ཞེས་ཞལ་ཆེམས་གནང་ནས་གྲོངས་སོང་བ་དང་། ཕྱི་ནས་རྣམ་དཔྱོད་ཕུལ་དུ་བྱུང་བ་ཐང་སིན་བླ་མ་ལ་དགེ་བསྙེན་དེས་བྱིན་པའི་ལོ་རྒྱུས་ཡོད་པས། ཐང་སིན་རྒྱ་ནག་ནས་དུས་རབས་བདུན་པའི་བགྲང་བྱ་སུམ་ཅུ་ལ་རྒྱ་ནག་ནས་ཕེབས་པས་སློབ་དཔོན་ཆོས་སྐྱོང་དུས་རབས་བདུན་པའི་སྟོད་ལ་བཞུགས་ཡོད་པ་དང་ལེགས་ལྡན་དང་ཟླ་གྲགས་གཉིས་ཀའི་དུས་སུ་བཞུགས་ཡོད་ཀྱང་།ཕྱོགས་གླང་དུས་རབས་ལྔ་པར་བྱོན་པ་ཚད་མར་བཟུང་ན་དེའི་སློབ་མ་དུས་རབས་བདུན་པར་བཞུགས་པར་འཐད་པར་དཀའ་བ་ཡིན་ནོ།།
སློབ་དཔོན་སངས་རྒྱས་བསྐྱངས་འཁྲུངས་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་བརྩེ་ཞེས་བྱ་བར་འཁྲུངས་པར་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་བཤད།
རྒན་ཐུབ་བསྟན་མཆོག་སྒྲུབ་ཀྱིས་ལྷོ་ཕྱོགས་གང་ནས་ཡིན་གསལ་ཁ་མེད་པར་གསུངས་ཀྱང་། དུས་རབས་དྲུག་པའི་ནང་ལ་བཞུགས་ཡོད་པར་ངེས་ཤིང་གསུངས་པ་དང་། <<དེབ་སྔོན་གསར་མ་ལས།>> སངས་རྒྱས་བསྐྱངས་ཕྱོགས་གླང་གི་སྔོན་དུ་ཕེབས་པར་གསུངས་པ་དང་། ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བདྡྷའི་སྐུ་ཚེའི་སྨད་དང་། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་སོགས་དུས་མཚུངས་སུ་བྱོན་པར་གསུངས་པ་ལྟར་ན་སློབ་དཔོན་ཡོན་ཏན་འོད་ནི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་དབྱིག་གཉེན་དང་སངས་རྒྱས་བསྐྱངས་དུས་མཉམ་དུ་བྱོན་པ་དོན་གྱིས་གོ་བ་དང་། << ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> སློབ་དཔོན་ལེགས་ལྡན་གྱི་སློབ་མ་དང་སློབ་དཔོན་བློ་བརྟན་གཉིས་ན་ལེནྡྲར་རྩོད་པ་དངོས་སུ་བརྩད་རབས་གསུངས་པས་ལེགས་ལྡན་འབྱེད་དང་དབྱིག་གཉིས་ཀྱི་དངོས་སློབ་དུས་མཉམ་ཡིན་ན་སངས་རྒྱས་བསྐྱངས་དབྱིག་གཉེན་དུས་མཉམ་དུ་བྱོན་དགོས་པས་དུས་རབས་དྲུག་པར་བཞུགས་པར་འཐད་པར་དཀའ་བ་ཡིན་ནོ།།
1. སློབ་དཔོན་ལེགས་ལྡན་འབྱེད། འཁྲུངས་ཡུལ་རྒྱ་གར་ལྷོ་ཕྱོགས་མ་ལ་ཡ་ཞེས་པར་རྒྱལ་པོའི་རིགས་སུ་འཁྲུངས་པ་ཡོངས་གྲགས་ཤིག་ཡིན། སློབ་དཔོན་ཕྱོགས་གླང་གི་ཕྱིས་སུ་བྱོན་པས་དུས་རབས་དྲུག་པར་བྱོན་པར་ངེས་ཤིང་། སློབ་དཔོན་སངས་རྒྱས་བསྐྱངས་ལས་སློབ་དཔོན་འདི་ལ་སློབ་མ་ཧ་ཅང་མང་པོ་བྱུང་ནས་དགེ་འདུན་སྟོང་ཕྲག་མང་པོས་རྗེས་སུ་འབྲངས་བར་གྱུར་ཅིང་། སློབ་དཔོན་འདི་ཡིས་གཞན་ལུགས་མི་འཐད་པའི་དགག་པ་བྱ་ཡུལ་ནི་རྣམ་རིག་པའི་སློབ་དཔོན་རྣམས་ཡིན་ཏེ། <<རྟོག་གེ་འབར་བ་ལས།>> ‘’ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་ལུགས་གཞན་ལ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པར་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་ནི་འདི་སྐད་སྨྲ་སྟེ།’’ ཞེས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐོགས་མེད་སྐུ་མཆེད་ཀྱིས་རྣམ་རིག་པའི་ལུགས་སུ་བཀྲལ་བ་ལ་དགག་པ་མཛད་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བས་ཐེག་ཆེན་པ་ནང་ཁུལ་ལ་རྩོད་པ་ཆེན་པོ་བྱུང་བ་མངོན་ཏེ། ཐོགས་མེད་སྐུ་མཆེད་ཀྱི་རྗེས་འབྲངས་སློབ་དཔོན་བློ་བརྟན་དང་སློབ་དཔོན་ཆོས་སྐྱོང་སོགས་རྣམ་རིག་པའི་པཎྜི་ཏ་གསེར་གྱི་རི་བོ་འདྲ་བ་བཞུགས་པའི་ཁྲོད་དུ་ཐོགས་མེད་སྐུ་མཆེད་ངོ་ཚ་དང་ཁྲེལ་བོར་བ་རེད་ཅེས་བཤད་ན་རྩོད་པ་འབྱུང་རྒྱུ་གདོན་མི་ཟ་བས་དབུ་སེམས་ཀྱི་རིགས་པ་སེང་གེའི་མཇིངས་སྣོལ་ཞེས་གྲགས་པའི་རྩོད་པ་འགོ་འདི་ནས་ཚུགས་པ་ཡིན་ཏེ། ན་ལེནྡྲར་སློབ་དཔོན་བློ་བརྟན་གྱིས་ཀྱང་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་པའི་རྣམ་བཤད་ལྷོ་ཕྱོགས་ལ་བྱུང་བས། ལེགས་ལྡན་གྱི་སློབ་མ་རྣམས་ལྷོོ་ཕྱོགས་ནས་ན་ལེནྡྲར་འོངས་ནས་རྩོད་པ་མཛད་པས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་རྒྱལ་ལོ་ཟེར་བའི་ལོ་རྒྱུས་ཡོད་པ་དང་། སློབ་དཔོན་ཆོས་སྐྱོང་ན་ལེནྡྲར་བཞུགས། སློབ་དཔོན་ལེགས་ལྡན་འབྱེད་ལྷོ་ཕྱོགས་ལ་བཞུགས་ནས་དགག་ཡིག་གཏོང་རེས་མཛད་གསུངས་པ་རྒྱུ་མཚན་ལྡན་པ་མཐོང་སྟེ། ཆོས་འབྱུང་རྣམས་ལས་སློབ་དཔོན་ལེགས་ལྡན་འབྱེད་སྐུ་ཚེ་སྨད་ལ་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་ནས་མཛད་པ་རྒྱས་གསུངས་པས་གདོང་གཏུག་དཀའ་བས་དགག་ཡིག་གཏོང་རེས་མཛད་པ་ཡིན་ནམ་སྙམ།།
2. སློབ་དཔོན་ཙནྡྲ་གོ་མི་དང་ཟླ་གྲགས་གཉིས་ཀྱང་དབུ་སེམས་ཀྱི་ལྟ་གྲུབ་ཀྱི་རྩོད་པ་ཡིན་པ་དང་། དུས་རབས་བཅུ་པར་སློབ་དཔོན་གསེར་གླིང་པ་དང་ཤནྟཱི་པ་སོགས་ཀྱིས་རིག་པའི་ཁུ་བྱུག་ལ་ངེས་པར་རྟོག་པ་དང་ལོག་པར་རྟོག་པ་ཞེས་སྨད་པ་བཀའ་གདམས་ཆོས་མཛོད་ལས་འབྱུང་བས་དུས་རབས་མང་པོའི་རིང་ལ་རྩོད་པ་རྒྱུན་མར་བྱུང་ཡང་ཐམས་ཅད་འདོད་པ་མཐུན་པའི་ཁྲུན་ཐག་གང་ཡང་མ་ཆོད་པས། དབུ་སེམས་ཀྱི་རིགས་པ་སེང་གེ་མཇིངས་སྣོལ་ཞེས་གྲགས་པ་ཐལ་ལྕག་འགའ་རེས་ཐག་ཆོད་པ་ཞིག་རྩ་བ་ནས་མིན་ཞིང་། བོད་ལ་རྣམ་རིག་པའི་ལུགས་བཤད་པ་ཙམ་ལས་རྣམ་རིག་པའི་སློབ་དཔོན་མ་བྱུང་བ་ནི་བོད་པ་རྣམ་དཔྱོད་ཆེ་དྲགས་ནས་ཐལ་འགྱུར་བ་ལ་ཐོད་རྒལ་སྙེགས་སོང་བ་མིན་པ་འདྲ་སྟེ། སྤྱིར་བོད་པ་འདི་མིང་མཐོ་སར་བསྙེག་རྒྱུ་ཧ་ཅང་དགའ་སྟེ། ཚོང་ལས་ལ་འཇུག་ན་དཀའ་ཚེགས་མི་དགོས་པར་ཁེ་ཕོགས་ཆེན་པོ་དགོས་མཁན་དང་། རྒྱུད་སྡེ་བཞི་ལས་བླ་མེད་ཀྱི་ལུགས་ཁོ་ན་ཡིན་ཟེར་ཞིང་། མིང་མཐོ་སར་ཁོ་ན་སྙེགས་པ་ཙམ་ལས་དོན་དངོས་ལ་བལྟས་ན་ཕ་ས་དགེ་བཀའ་རྙིང་གང་ཡིན་ན་བུ་ཡང་མཁས་བླུན་གྱིས་ཁྱད་པར་མེད་པ་ཕ་རྒན་གྱི་གྲུབ་མཐའ་དེ་ཁས་འཆེ་བ་ཤ་སྟག་ཡིན། རྒྱ་གར་ལ་དབུ་སེམས་ཀྱི་རྩོད་པ་ཆེན་པོ་བྱུང་བ་དང་བོད་ལ་ཐལ་རང་གི་རྩོད་པ་ཤུགས་ཆེན་པོ་བྱུང་བ་ཡིན།།
3. སློབ་དཔོན་ཟླ་བ་གྲགས་པ། སློབ་དཔོན་ཟླ་བ་གྲགས་པ་ནི་ལྷོ་ཕྱོགས་ས་མནྟར་ཞེས་པར་འཁྲུངས་པ་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས། སློབ་དཔོན་འདི་དུས་རབས་བདུན་པའི་སྨད་དང་བརྒྱད་པའི་སྟོད་ལ་བཞུགས་པར་ཁས་བླངས་ན་འཚམས་པར་མཐོང་ཡང་དཔྱད་གཞི་ཡོད་དེ། ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཞེད་མཁན་ཚད་ལྡན་གྱི་མཁས་པ་མང་པོ་ཡོད་དེ། <<རིམ་ལྔ་སྒྲོན་གསལ་ལས།>> ‘’སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ།།’’ ཞེས་གསང་བ་འདུས་པའི་རྒྱུད་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པ་མགོན་པོ་ཀླུ་སྒྲུབ་ལས་རྙེད་པ་ཡིན་ཞེས་གསུངས་པས། ཐུབ་པ་དཔལ་གྱིས་ཀྱང་སྒྲོན་མ་གསལ་བར་བྱེད་པའི་གསལ་བྱེད་ཅེས་པ་ལས་ཀྱང་དེ་བཞིན་དུ་བཤད། <<ཇོ་བོ་རྗེའི་བདེེན་གཉིས་ལ་འཇུག་པ་ལས།>> ‘’ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།།’’ ཞེས་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས། <<རྗེ་ཙོང་ཁ་པའི་རིམ་ལྔ་གསལ་སྒྲོན་ལས་ཀྱང་།>> ཇོ་བོ་རྗེ་སྐལ་ལྡན་གྲགས་པ་སོགས་ཁུངས་སུ་དྲངས་ནས་སློབ་དཔོན་ཟླ་བ་གྲགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ། །དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་དུས་རབས་དང་པོའི་གཡས་གཡོན་ལ་བྱོན་ནས་ལོ་དྲུག་བརྒྱར་བཞུགས་པའི་དབང་དུ་བཏང་ཡང་། ཟླ་བ་གྲགས་པ་དུས་རབས་དྲུག་པ་ཙམ་ལ་བྱོན་པར་ཁས་ལེན་དགོས་པ་དང་། ཇོ་བོ་རྗེ་ནས་ཟླ་བ་གྲགས་པའི་བར་རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་བྱུང་ཚུལ་གསུངས་པ་ཙམ་ལས་བླ་རབས་མང་པོ་བྱུང་བའི་ལོ་རྒྱུས་མེད་པས། དུས་རབས་བཅུ་གཅིག་པར་རིག་པའི་ཁུ་བྱུག་བཞུགས་ཡོད་ན་ཟླ་བ་གྲགས་པ་མ་མཐའ་དུས་རབས་བརྒྱད་པར་བཞུགས་པར་ཁས་ལེན་དགོས་པས་ཀླུ་སྒྲུབ་ཞབས་ཟིན་ཐབས་མེད་པ་དང་། ཟླ་གྲགས་ཀྱི་སྔོན་དུ་བྱོན་པ་ཐོགས་མེད་སྐུ་མཆེད་དང་ལེགས་ལྡན་འབྱེད་དང་སློབ་དཔོན་བློ་བརྟན་སོགས་ཀྱིས་ཀྱང་ཀླུ་སྒྲུབ་ཞབས་ཟིན་པར་ཐལ་ཏེ། འཇུག་འགྲེལ་ལས་དབྱིག་གཉེན་དང་སློབ་དཔོན་བློ་བརྟན་སོགས་ཀྱི་མཚན་སྨོས་པ་དང་། སློབ་དཔོན་ལེགས་ལྡན་ཟླ་བ་གྲགས་པའི་སྔོན་ལ་བྱོན་པས་སློབ་དཔོན་དེ་དག་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་ཡོངས་སུ་གྲགས་ན་ཟླ་བ་གྲགས་པ་དེ་བས་ཀྱང་དངོས་སློབ་ཏུ་ཡོང་ཐབས་མེད་པས་འགལ་བ་དེ་དག་ཇི་ལྟར་སྤོང་སྙམ་ན།
4. འདི་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྐབས་སོ་སོར་འབྱེད་དགོས་པར་མཐོང་སྟེ། ཟླ་བ་གྲགས་པའི་ལུང་བསྟན་ཞིག་ལས། འཕགས་པ་ཀླུ་སྒྲུབ་འདས་ནས་ན་ལེནྡྲ་པ་རྣམས་ཀྱིས་འཇིག་རྟེན་ཉི་མ་ནུབ་སོང་ཞེས་ངུས་པས། ‘’མཁའ་འགྲོ་མ་རྣམས་ཀྱི་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན།། ས་ནི་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ།། ཉི་མ་ནུབ་ཀྱང་ཟླ་བས་མུན་པ་སེལ་བ།། རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ།། ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་།།’’ ཞེས་ཀླུ་སྒྲུབ་འདས་ནས་ལོ་ལྔ་བརྒྱའི་རྗེས་ཟླ་བ་གྲགས་པ་བྱོན་པར་ལུང་བསྟན་པས། ཀླུ་སྒྲུབ་དུས་རབས་གཉིས་པར་བྱོན་པ་ཚད་མར་བཟུང་ནས་ལོ་ལྔ་བརྒྱ་བརྩིས་ན་ཟླ་གྲགས་དུས་རབས་བདུན་པར་བཞུགས་པར་བཤད་པ་དང་ཡོངས་སུ་མཐུན་པ་ནི་ཐུན་མོང་བའི་དབང་དུ་བྱས་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཡིན།
5. རྗེ་ཙོང་ཁ་པས་ལོ་ཚིགས་མི་མཐུན་པ་ཡོད་པ་ལྟ་བུར་གཟིགས་ནས་ཟླ་བ་གྲགས་པ་རིག་འཛིན་གྲུབ་པ་བརྙེས་པའི་ཐོག་ནས་འགྲེལ་བཤད་མཛད་པས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་གསུངས་པ་ཐུན་མོང་མིན་པ་སྔགས་བླ་མེད་ཀྱི་ལུགས་སུ་བྱས་པ་སྟེ།སྔགས་ལམ་ལ་བརྟེན་ནས་སྒྱུ་ལུས་ཐོབ་ནས་བཟུང་སྐུ་ཚེ་རིང་པོར་བཞུགས་ཀྱང་ཐ་མལ་པ་རྣམས་ཀྱི་མིག་གིས་མི་མཐོང་བས་དཔྱད་མི་བཟོད་པར་གྱུར་ནས་རྩོད་པ་བྱུང་ཞིང་། ཀླུ་སྒྲུབ་ཀྱང་ལོ་དྲུག་བརྒྱར་བཞུགས་གསུངས་པ་ཡང་ཐུན་མོང་མིན་པའི་དབང་དུ་བྱས་པ་དངོས་གཞིའི་སྐབས་བཤད་པར་བྱ། །
6. ཤར་གསུམ་མཁན་པོ། སློབ་དཔོན་ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀ་མ་ལ་ཤི་གསུམ་ལ་ཤར་གསུམ་མཁན་པོ་ཞེས་གྲགས། <<དུང་དཀར་ཚིག་མཛོད་ལས།>> ‘’སློབ་དཔོན་ཞི་བ་འཚོ། ཡེ་ཤེས་སྙིང་པོ། ཀ་མཱ་ལཤི་གསུམ་གྱིས་མཛད་པའི་གཞུང་ལས་ཐལ་འགྱུར་བ་ལ་དགག་པ་མ་མཛད་པར་རང་རྒྱུད་ཀྱི་ཕྱོགས་ལ་ཤར་མར་འཆད་པས་ན་ཤར་གསུམ་མཁན་པོ་ཞེས་གྲགས།’’ ཞེས་གསུངས་པ་རྗེ་ཙོང་ཁ་པའི་བཞེད་ཚུལ་དང་མཐུན་པ་སྒྲ་བཤད་འདྲ་བོ་ཞིག་སྣང་ཡང་གྲགས་ཞེས་པ་ཙམ་ལས་ཁུངས་གང་ཡིན་གསལ་བར་བཀོད་པ་མི་སྣང་། མཁས་པ་མང་ཆེ་བས་སློབ་དཔོན་འདི་གསུམ་བི་ཀ་མ་ལ་ཤིར་བྱོན་ཞིང་།བི་ཀ་མ་ལ་ཤིར་རྒྱ་གར་ཤར་ཕྱོགས་ཀྱི་རྒྱུད་ལ་གནས་པས་ཤར་གསུམ་མཁན་པོ་ཞེས་བཏགས་པར་བཤད་པ་འཐད་དམ་སྙམ་སྟེ། ཤཱཀྱ་མཆོག་ལྡན་གྱིས་འཇམ་དཔལ་རྩ་རྒྱུད་ལས་རྔོག་ལོ་ཙཱ་བ་ལུང་བསྟན་བརྙེས་ཚུལ་གསུངས་པ་ལས། ‘’རྒྱ་གར་ཤར་ནུབ་ཏུ་བསླབ་པ་སྦྱངས་མཐར་ཕྱིན། བོད་ཡུལ་དུ་བྱམས་པའི་ཆོས་དང་ཚད་མ་སྡེ་བདུན། དབུ་མ་རང་རྒྱུད་ཤར་གསུམ་ལ་སོགས་པ་བཤད་ཉན་གྱི་དབུ་བཙུགས།’’ ཞེས་རྔོག་ལོ་བི་ཀ་མ་ལ་ཤིར་བྱོན་པ་ལ་ཤར་དུ་བྱོན་ཞེས་ལུང་བསྟན་པ་དང་། ཤར་ཕྱོགས་ཀྱི་བྱེ་བྲག་སྨྲ་བ་དང་ཡུལ་གྱི་དབུས་ཀྱི་བྱེ་བྲག་སྨྲ་བ་སོགས་ཡུལ་མིང་གང་ཟག་ཐོགས་པར་མང་པོར་སྣང་བས་ཡུལ་མིང་གང་ཟག་ཐོགས་པ་འདྲའོ།།
7. <<ལེགས་བཤད་སྙིང་པོ་ལས།>>’’ ཞི་འཚོ་ཡབ་སྲས་ཀྱིས་སྐྱོན་སྤོང་མཛད་རྒྱུར་སྣང་ཡང་མ་མཛད།’’ ཅེས་དཔལ་ལྡན་ཟླ་བས་ལེགས་ལྡན་བཀག་པ་ལ་སྐྱོན་སྤོང་མཛད་རྒྱུར་སྣང་དགོས་པའི་རྒྱུ་མཚན་གཉིས་མཐོང་སྟེ། དང་པོ་ནི། << དབུ་མ་བདེན་གཉིས་ལས།>> ‘’བདེན་པ་གཉིས་པོ་རྣམ་ཕྱེ་ཡང་།། ཤིང་རྟ་ཆེ་རྣམས་རྨོངས་ཉིད་ན།། གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ།། དེ་བས་བདག་གིས་རྣམ་པར་དབྱེ།།’’ ཞེས་པའི་དོན་བདེན་གཉིས་རང་འགྲེལ་ལས་བཤད་པ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་ཀྱང་གསལ་བ་མཛད་དུ་ཟིན་ཀྱང་། རང་གི་སྡེ་པ་ཆེན་པོ་དག་ཀྱང་རྨོངས་པ་ཉིད་ཡིན་ན། ཞེས་གསུངས་ཤིང་། རང་གི་སྡེ་པ་ཆེན་པོ་དག་ཅེས་པའི་དོན་སློབ་དཔོན་ཞི་བ་འཚོའི་བདེན་གཉིས་དཀའ་འགྲེལ་ལས། རང་གི་སྡེ་པ་སློབ་དཔོན་ཆོས་སྐྱོང་ལ་སོགས་པ་རྨོངས་པ་ཡིན་ན། གཞན་རྣམས་ལྟ་ཅི་སྨོས།། ཞེས་སློབ་དཔོན་ཆོས་སྐྱོང་གིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་པ་དགག་པ་མཛད་པ་སོགས་ཤར་གསུམ་མཁན་པོའི་གཞུང་ལ་དགག་གཞག་མང་བས་རྩོད་པར་མི་མཉེས་ནས་རང་ལུགས་ཁོ་ན་འགྲེལ་ནས་བཞུགས་པ་མིན་པར་ཤེས་པས། སློབ་དཔོན་ཆོས་སྐྱོང་ལ་དགག་པ་མཛད་པ་ལྟར་སློབ་དཔོན་ཟླ་བ་གྲགས་པ་ལ་ཡང་མཛད་དགོས་པར་སྣང་བ་ནི་རྒྱུ་མཆན་གཅིག་གོ །གཉིས་པ་ནི་དཔལ་ལྡན་ཟླ་བ་གྲགས་པས་ལེགས་ལྡན་གྱིས་རང་མཚན་གྱིས་གྲུབ་པ་བཞེད་པ་ལ་དགག་པ་མཛད་པ་ནི་ཚིག་ཙམ་མིན་པར་མཐར་ཐུག་གི་ལྟ་བ་ལ་དགག་པ་མཛད་པས་རྩོད་གཞི་ཆུང་བས་དགག་བཞག་མཛད་པ་མིན་པ་བཅས་རྒྱུ་མཚན་གཉིས་ཀྱི་སྒོ་ནས་སྐྱོན་སྤོང་གི་ལན་ཞིག་ངེས་པར་དུ་མཛད་དགོས་པར་སྣང་བ་ཡིན།།
8. <<དྭགས་ཤིང་ལས།>> ‘’སློབ་དཔོན་འདི་དང་སྒྲོས་ཅུང་ཟད་མི་མཐུན་པར་སྨྲ་བའི་རྒྱན་སྣང་བདེན་གསུམ་རྩོམ་པ་པོའི་སློབ་དཔོན་སོགས་དབུ་མ་པའི་སློབ་དཔོན་འབྱམས་ཀླས་པ་བྱོན་མོད། སློབ་དཔོན་དེ་དག་ཐམས་ཅད་ཀྱི་མཐར་ཐུག་གི་དབུ་མའི་བཞེད་པ་ལ་ནི་མི་མཐུན་པཅུང་ཟད་ཀྱང་མེད་དེ། དེ་དག་ཐམས་ཅད་དབུ་མ་པར་སྨྲ་བ་ཉིད་ཡིན་པའི་ཕྱིར།’’ ཞེས་སློབ་དཔོན་ལེགས་ལྡན་ལ་སོགས་པའི་སློབ་དཔོན་དེ་དག་ཐམས་ཅད་མཐར་ཐུག་གི་ལྟ་བ་བཞེད་པ་མི་མཐུན་པ་ཡོད་ན་ལེགས་ལྡན་སོགས་རང་རྒྱུད་པ་རྣམས་དབུ་མ་པ་མིན་པར་འགྱུར་བའི་སྐྱོན་འཇུག་པས། སློབ་དཔོན་དེ་དག་ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་པས་མཐར་ཐུག་གི་དབུ་མའི་ལྟ་བ་ལ་བཞེད་ཚུལ་མི་མཐུན་པ་མེད་པས་དགག་གཞག་མ་མཛད་པར་བཤད་དོ།།
9. རྗེ་ཙོང་ཁ་པས་རང་རྒྱུད་པའི་སློབ་དཔོན་དེ་དག་གིས་བདེན་གྲུབ་རིགས་པའི་སྒོ་དུ་མ་ནས་འགོག་ཅིང་། བདེན་མེད་ལེགས་པར་ཞལ་གྱིས་བཞེས་པས་དབུ་མ་པ་ཡིན་ཞིང་། དབུ་མ་པ་ལ་རང་གི་ངོ་བོས་ཡོད་པ་ཁས་ལེན་མི་རིགས་ཀྱང་ཐལ་རང་ཐུན་མོང་གིས་དགག་བྱར་ཁས་ལེན་པའི་བདེན་གྲུབ་རིགས་པའི་སྒོ་དུ་མ་ནས་བཀག་ཅིང་བདེན་མེད་ལེགས་པར་ཞལ་གྱིས་བཞེད་པས་དབུ་མ་པ་ཡིན་པར་གསུངས།།
10. འགའ་རེས་ཟླ་བ་གྲགས་པ་མཁས་པའི་མཚན་སྙན་ཆེ་ཞིང་། རི་མོ་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པ་སོགས་གྲུབ་ཆེན་གྱི་མཚན་སྙན་ཡང་ཆེ་བས་དགག་པ་མཛད་མ་ནུས་པ་ཡིན་ཏེ། དཔེར་ན། རྗེ་བཙུན་མི་ལའི་མགུར་འབུམ་ལ་ཚིག་རིས་ལ་མི་མཐུན་པ་ཡོད་ཀྱང་གྲུབ་ཐོབ་ཀྱི་མཚན་སྙན་ཤིན་ཏུ་ཆེ་བས་བོད་གངས་ཅན་ཞིང་གི་མཁས་པ་སུ་ཞིག་གིས་དགག་གཞག་མ་མཛད་པ་བཞིན་ནོ་ཞེས་བཤད། བདག་གི་བསམ་ཚུལ་ལྟར་ན་རང་རྒྱུད་པའི་སློབ་དཔོན་རྣམས་ལ་ཟླ་གྲགས་དང་རང་ཉིད་ཀྱི་དབར་ལ་མཐར་ཐུག་གི་ལྟ་བ་མི་མཐུན་པ་མི་འདུག་སྙམ་ནས་དགག་གཞག་མ་མཛད་པ་འདྲ་སྟེ། ལེགས་ལྡན་འབྱེད་ལྟ་བུ་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོས་ཀྱང་སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་མི་བཞེད་པ་མ་དགོངས་པས་ཐལ་རང་གི་དགག་བྱའི་ཁྱད་པར་ཤིན་ཏུ་རྟོགས་དཀའ་བས། རྒྱ་གར་སློབ་དཔོན་འདི་དག་གིས་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཅེས་པའི་ཚིག་ཙམ་ལ་གཙིགས་སུ་མི་འཛིན་པར་དངོས་པོའི་གནས་ལུགས་ལ་དཔྱད་ནས་དགོངས་པ་ལེན་སྲོལ་ཡོད་པས་རྟོགས་དཀའ་བ་དང་། རྒྱ་གར་ལ་ཟླ་བ་གྲགས་པའི་རྗེས་འབྲངས་ལ་ཐལ་འགྱུར་བ་དང་། ལེགས་ལྡན་འབྱེད་དང་ཞི་འཚོ་ཡབ་སྲས་ཀྱི་རྗེས་འབྲངས་བཅས་ལ་རང་རྒྱུད་པ་ཞེས་པའི་ཐ་སྙད་འདོགས་པ་བྱུང་མེད་པས་རང་རྒྱུད་པའི་སློབ་དཔོན་དག་གིས་ཟླ་བའི་མཐར་ཐུག་གི་བཞེད་པ་མ་དགོངས་པས་དགག་པ་མ་མཛད་པ་འདྲའོ་སྙམ།
11. ཐལ་རང་གི་ཐ་སྙད་བྱུང་རིམ་ནི། ཟླ་བ་གྲགས་པའི་བཤད་སྲོལ་འཛིན་པ་པ་ཎྜི་ཏ་ཛ་ཡ་ཨ་ནནྡ་བོད་ལ་ཕེབས་ནས་འཇུག་པའི་འགྲེལ་བཤད་མཛད་ནས་ཐལ་འགྱུར་བའི་ཕྱོགས་བཟུང་བ་དང་། ཕྱྭ་པས་རང་རྒྱུད་པའི་ཕྱོགས་བཟུང་ནས་རྩོད་པར་མཛད་པས་ཐལ་རང་གི་རྩོད་པ་བོད་ནས་འགོ་ཚུགས་པ་ཡིན། ལྷག་མཐོང་ཆེན་མོ་ལས། གངས་རིའི་ཁྲོད་ཀྱི་ཕྱི་དར་གྱི་མཁས་པ་རྣམས་དབུ་མ་པ་ལ་ཐལ་རང་གཉིས་ཀྱི་ཐ་སྙད་བྱེད་པ་ནི་ཚིག་གསལ་དང་མཐུན་ནོ། །ཞེས་ཐལ་རང་གི་ཐ་སྙད་འདི་ཕྱི་དར་སྐབས་སུ་བྱེད་པ་གསུངས་པ་དང་། ལོ་ཙཱ་བ་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་བརྗེད་བྱང་ལས། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ། ཞེས་སྔ་དར་སྐབས་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་པ་ཙམ་ལས་རང་རྒྱུད་པའི་ཐ་སྙད་སྦྱར་མེད་པས་ཐལ་རང་གི་ཐ་སྙད་ཕྱིས་སུ་བཀོལ་སྤྱོད་མཛད་པའི་ཤེས་བྱེད་དུ་མཐོང་།
12. <<ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས།>> ‘’རང་རྒྱུད་པ་འང་ཐལ་འགྱུར་བའི།། བསྒྲུབ་པས་གང་ཞིག་འཇུག་པ་ན།།’’ ཞེས་ཞི་བ་འཚོའི་གཞུང་ལས་ཀྱང་ཐལ་རང་གི་ཐ་སྙད་བྱུང་བ་དང། ཅོག་རོས་འགྱུར་བའི་ཤེས་རབ་སྒྲོན་མ་ལས་ཀྱང་རང་རྒྱུད་ཅེས་འབྱུང་བ་ནི་རང་རྒྱུད་ཀྱི་རྟགས་དང་ཐལ་འགྱུར་ཞེས་པ་སུན་འབྱིན་ལ་བཤད་པ་ཙམ་ལས་གྲུབ་མཐའ་སྨྲ་བའི་གང་ཟག་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་ཞེས་ཐ་སྙད་བཏགས་པ་མ་ཡིན། ཐལ་རང་གི་ཐ་སྙད་ཐོག་མར་ཕྱྭ་པའི་ཤར་གསུམ་སྟོང་ཐུན་ནས་བྱུང་བར་བཤད་མཁན་མཆིས་ཀྱང་། <<ལོ་ཙཱ་བ་པ་ཚབ་ཀྱི་རྩ་ཤེའི་ཊིཀ་སྒྲོན་གསལ་ལས།>> ཐལ་རང་གི་ཐ་སྙད་ཤིན་ཏུ་གསལ་བར་གསུངས་པས། ཕྱྭ་པ་དང་པ་ཚབ་ལོ་ཙཱ་བ་གཉིས་དུས་མཉམ་དུ་ཕེབས་ཀྱང་པ་ཚབ་ཉི་གྲགས་ལོ་ལྔ་བཅུ་ལྷག་ཙམ་གྱིས་རྒན་པ་དང་། རྒྱ་གར་ལ་ལོ་ཉེར་གསུམ་བཞུགས་ནས་བོད་ལ་ཕེབས་ནས་ཟླ་གྲགས་ཀྱི་གཞུང་འཆད་ཉན་མཛད་པས་པ་ཚབ་ཉི་མ་གྲགས་ཀྱིས་གཞུང་བརྩམས་པར་སྔ་བར་དཔོགས་ཐུབ་པས་ཐལ་རང་གི་ཐ་སྙད་ཐོག་མར་པ་ཚབ་ཀྱི་གཞུང་ནས་བྱུང་བའོ། །ཕྱྭ་པའི་སློབ་མ་རྨ་བྱ་རྩོད་པའི་སེང་གེ་དང་རྨ་བྱ་བྱང་ཆུབ་བརྩོན་འགྲུས་གཉིས་གང་ཟག་གཅིག་ཡིན་པས་རྨ་བྱ་བྱང་བརྩོན་ཕྱྭ་པའི་སློབ་མར་བཤད་པ་ཡང་འཐད་པར་དཀའ་སྟེ། རྨ་བྱ་བྱང་བརྩོན་ལོ་ཙཱ་བ་ཉི་གྲགས་ཀྱི་སློབ་མ་ཡིན་པས་ཕྱྭ་པ་བྱོན་དུས་རྒན་པར་གྱུར་ནས་ཕྱྭ་པ་བླ་མར་བསྟེན་དཀའ་བར་དགོངས་ནས་ཤཱཀྱ་མཆོག་ལྡན་གྱིས་དོན་གཅིག་གམ་ཡང་ཟེར། ཞེས་དོགས་པ་ཡོད་པས་མ་རངས་པའི་ཚིག་ལོ་གྲག་ཟེར་གསུམ་སྦྱར་བ་ཡིན།།
13. <<ཛ་ཡ་ཨཱ་ནནྡ་ཏའི་འཇུག་པའི་འགྲེལ་བཤད་ལས།>> ‘’རང་རྒྱུད་པ་ལ་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར།’’ ཞེས་རང་རྒྱུད་ཁས་ལེན་པ་ལ་བརྗོད་པ་ལྟར་མངོན་ཞིང་། གལ་ཏེ་གྲུབ་མཐའ་སྨྲ་བ་ལ་སྦྱར་བའི་དབང་དུ་བཏང་ཡང་། ལོ་ཙཱ་བ་པ་ཚབ་ཀྱི་རྩ་ཤེའི་ཊིཀ་སྔོན་ལ་བརྩམས་པ་ཡིན་ཏེ། ཕྱྭ་པས་ཟླ་བ་གྲགས་པའི་རིང་ལུགས་བོད་ལ་དར་རྒྱས་འགྲོ་བ་ལ་འགོག་རྐྱེན་མཛད་པའི་གཏམ་རྒྱ་གར་ལ་གྲགས་ནས་སློབ་དཔོན་ཛ་ཡ་ཨཱ་ནནྡ་ཏ་ཕྱྭ་པ་དང་རྩོད་པར་བོད་ལ་ཕེབས་ནས་རྩོད་པ་མཛད་ནས་སློབ་དཔོན་ཛ་ཡ་ཨཱ་ནནྡ་ཏ་ཕམ་ནས་རི་བོ་རྩེ་ལྔར་འཇམ་དབྱངས་སྒྲུབ་ཏུ་ཕེབས། གྲུབ་པའི་མཚན་མ་བྱུང་ནས་སླར་ཡང་ཕྱྭ་པ་དང་རྩོད་པར་བོད་ལ་ཕེབས་ཀྱང་ཕྱྭ་པ་ཞིང་དུ་གཤེགས་ཚུལ་གསུངས་པས། ཕྱྭ་པ་གཤེགས་ལོ་དུས་རབས་བཅུ་གཉིས་པའི་བགྲང་བྱ་རེ་དགུ་ལོར་ཁེལ་བས་པ་ཚབ་འཁྲུངས་ནས་ལོ་བརྒྱ་དང་ལྔ་ཙམ་སོང་ཟིན་པས་ད་དུང་ཛ་ཡ་ཨཱ་ནནྡ་ཏ་བཞུགས་ཡོད་ན། ལོ་ཙཱ་བ་ཉི་མ་གྲགས་བྱོན་སྔ་བར་ཐག་གཅོད་ཐུབ་པས་ཐལ་རང་གི་ཐ་སྙད་ཐོག་མར་འདོགས་མཁན་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པ་ཡིན་པ་སྙོན་མེད་དུ་གྲུབ་པ་ཡིན།།
14. རང་གི་ཉམས་ཞིབ་བྱེད་བཞིན་པ་ལེ་ཚན་ཞིག་གཏམ་ཚོགས་དུས་དེབ་ལ་བཀོད་པ་ཡིན།།