༡༽ མིག་ཤེས་དང་མཐོང་ཚོར།
ནང་པས་མིག་གིས་གཟུགས་མཐོང་བའམ་ངོས་འཛིན་བྱེད་མཁན་དེ་ལ་མིག་ཤེས་ཟེར་ཞིང་། དེ་ཡང་ཕྱི་རོལ་གྱི་གཟུགས་མིག་གི་དབང་པོ་ཞེས་པའི་ཤིན་ཏུ་ཕྲ་བའི་དང་བའི་གཟུགས་ཤིག་ཡོད་པ་དེར་འཆར་བ་ན་གང་ཞིག་ཡིན་མིན་སོགས་ཀྱི་ངོས་འཛིན་ཐུབ་མཁན་ཞིག་ལ་འདོད་ཅིང་། དེ་གཟུགས་ཅན་མིན་པའི་མྱོང་བ་ཞེས་པར་ངོས་བཟུང་གིས་མིག་ཤེས་ཞེས་པའི་མིང་འདོགས་དང་རྣམ་གཞག་བཤད།
ཚན་རིག་པས་མིག་གིས་གཟུགས་མཐོང་བའམ་ངོས་འཛིན་བྱེད་མཁན་དེ་ཕྱི་རོལ་ཁོར་ཡུག་ནས་གནས་ཚུལ་བསྡུ་ལེན་བྱེད་ནུས་པའི་དབང་རྩ་ཕྲ་གཟུགས་དག་ལ་ངོས་བཟུང་ཞིང་དེ་ལ་མཐོང་ཚོར་ཞེས་པའི་མིང་བཏགས།
༢༽གཟུགས་མཐོང་བའི་བརྒྱུད་རིམ་གཤིབ་བསྡུར།
ལྕང་མའི་སྡོང་པོ་ཞིག་མིག་གིས་མཐོང་སྟངས་གཞིར་བྱས་ན་ཉི་འོད་སོགས་སྡོང་པོ་དེར་ཕོག་པ་ན་དེ་ནས་འོད་ཅིག་ལྡོག་འཕྲོ་བྱས་ཏེ་མིག་ནང་གི་འཇའ་སྐྱི་ལ་འཕོག དེ་ནས་ཕྱི་རོལ་འོད་སྣ་ཚོགས་པ་རྣམས་མིག་གི་རྒྱལ་མོའམ་བུ་ཆུང་ངོས་བསྡུས། དེ་ནས་ཟློག་འཕྲོས་ཀྱི་འོད་རྣམས་མིག་གི་དྭངས་ཤེལ་ངོས་དཔར་འདེབས་པའི་བརྙན་གཟུགས་གསལ་པོ་ཞིག་གི་ངོ་བོར་བསྒྱུར། དེ་ཁ་ཐུག་འོད་རྣམས་དྲ་སྐྱི་ངོས་འཕོག་པས་དེ་ན་ཡོད་པའི་བརྡ་ལེན་ཕྲ་ཕུང་དག་གིས་རྫས་བརྡའི་ངོ་བོར་བསྒྱུར་ཏེ་རྩ་འདུས་ཕྲ་ཕུང་ནང་ཕྱིར་བཏང་། དེ་ནས་འཕྲེད་ཀྱི་ལྷ་ང་ཀླད་ཤུན་བརྒྱུད་ནས་ཀླད་པའི་ལྟག་རྒྱབ་ཀྱི་གནས་དེར་བརྡ་བཏང་ཏེ་ཁ་དོག་དང་དབྱིབས་སོགས་ཀྱི་ཁྱད་པར་ངོས་འཛིན་བྱས།
དྲ་སྐྱིབས་ངོས་ན་ཕྲ་ཕུང་གཉིས་ཡོད་ཅིང་། དབྱུག་པའི་དབྱིབས་ཅན་གྱི་དབྱུག་དབྱིབས་ཕྲ་ཕུང་དང་། སྙུག་མའི་དབྱིབས་ཅན་གྱི་ཕྲ་ཕུང་ལ་སྙུག་དབྱིབས་ཕྲ་ཕུང་ཟེར། སྙུག་དབྱིབས་ཕྲ་ཕུང་གིས་ཁ་དོག་དང་དབྱུག་དབྱིབས་ཕྲ་ཕུང་གིས་ཁ་དོག་ངོས་འཛིན་བྱས། དེ་གཉིས་ལས་གཅིག་མེད་ན་ཁ་དོག་དམུས་ལོང་དང་དབྱིབས་དམུས་ལོང་ཆགས་པར་འགྱུར།
ནང་པའི་ཚད་མའི་གཞུང་ལུགས་ནང་མིག་ཤེས་མཚོན་པའི་དབང་ཤེས་སྐྱེས་བར་རྐྱེན་གསུམ་དགོས་པ་གསལ་སྟོན་བྱས་ཡོད། དམིགས་རྐྱེན་ཞེས་པ་ནི་ཕྱི་རོལ་ཡུལ་ཏེ་མིག་ཤེས་གང་ལ་གཟུང་སའི་ཡུལ་གྱི་དངོས་པོའམ་མཐོང་ལམ་འོག་ཏུ་བཅུག་དགོས་རྒྱུའི་གཟུགས་ཅན་དེ་ཡིན། བདག་རྐྱེན་ཞེས་པ་དེ་དབང་ལྡན་ཁོག་པ་ཞེས་མིང་གིས་བསྙད་པའི་མིག་རིལ་ནང་ཡོད་པའི་གཟུགས་ཅན་དང་བའི་བདག་ཉིད་ཅན་མིག་དབང་དང་། དེ་མ་ཐག་རྐྱེན་ཞེས་པ་ནི་ཡིད་བྱེད་དེ་གཟུགས་ཅན་ལ་མཚོན་ན་མིག་ཤེས་ལ་བྱེད་བཅུག་མཁན་ནམ་དེར་གཏད་བཅུག་མཁན་གྱི་ཤེས་པ་གང་ཞིག་ལ་ངོས་འཛིན་བྱས།
མིག་ཤེས་ལ་གཟུགས་འཆར་སྟངས་ལ་མཚོན་ན་མིག་གཟུགས་ལ་ལྟ་བའི་འདོད་པས་དབང་གིས་མིག་གཟུགས་ལ་ལྟ་ཞིང་། སྐབས་དེར་མིག་དབང་ལ་གཟུགས་འཆར། མིག་དབང་ལ་གཟུགས་འཆར་བས་གང་ཞིག་ཡིན་མིན་ཐག་གཅོད་བྱེད་པའི་མྱོང་བ་སྐྱེས་བས་དེ་ལ་མིག་ཤེས་ཟེར་ཞིང་། དེ་འདི་དཀར་དམར་ཆེ་ཆུང་སོགས་ངེས་པ་རྙེད་པའི་ཚོར་ཤེས་འདྲེན་ནུས་པའི་མིག་སྣང་ཞིག་སླེབས་ན་མིག་ཤེས་ཀྱིས་གཟུགས་མཐོང་བར་འདོད།
དེ་ལས་འཕྲོས་ནས་ཁ་དོག་འདོད་ཚུལ་ཡང་མི་མཚུངས་སོ།
༣༽ཕྱོགས་གཉིས་ཀའི་ཞན་ཆ།
དབང་རྩའི་ཚན་རིག་པས་དབང་ཚོར་(དབང་ཤེས) གྱིས་བརྡ་གཏོང་སྐབས་ནས་པའི་བརྡ་ལེན་རྩ་ཕྲན་དག་ན་བརྡ་ཡས་ལེན་དང་མས་གཏོང་ཚང་མ་ཞིབ་ཅིང་ཕྲ་བའི་རྣམ་གཞག་བཤད་པ་མ་ཟད། མཐོང་བའི་གཟུགས་ཤིག་མིག་ལམ་ནས་བརྙན་འཆར་ནས་བཟུང་ཏེ་ཀླད་པའི་གནས་གང་ཞིག་ལ་བརྡ་གཏོང་མིན་དང་། མཐའ་མར་གནད་དོན་ཐག་གཅོད་དམ་དངོས་པོ་དེ་ངོས་འཛིན་མ་བྱས་བར་གསལ་བར་བཤད། འོན་ཏེ་གཟུགས་ཤིག་ངོས་འཛིན་ཐུབ་ཚུལ་ཞིབ་ཕྲ་ཀླད་པའི་འགྱུར་བ་རང་འགུལ་སྟེང་ནས་ར་སྤྲོད་དང་ཞིབ་འཇུག་གྲུབ་དོན་རྙེད་མོད། མཛེས་མི་མཛེས་དང་ཡག་སྡུག་ཞིམ་མིན་སོགས་རིན་ཐང་ལྟ་ཚུལ་དང་འབྲེལ་བའི་འདུ་ཤེས་དེ་ཀླད་པའི་གནས་གང་ནས་ཐག་གཅོད་མིན་སྐོར་རྣམ་གཞག་གཏན་འབེབས་ཐུབ་མེད་ཅིང་། ད་དུང་འདུ་ཤེས་ཐག་གཅོད་བྱེད་དེ་བརྡ་གཏོང་དང་བརྡ་ལེན་དབང་རྩ་གང་ཡིན་ཡང་ངོས་འཛིན་ཐུབ་མེད། དེ་ནི་དབང་རྩ་ཚན་རིག་པ་རྣམས་ཀྱིས་མཐོང་ཚོར་རྣམ་གཞག་གཏན་འབེབས་ཁྲོད་བར་སྟོང་ཆེན་པོ་ཞིག་ཡིན། གནད་འདིས་འགོ་ནས་འགྲེལ་བཤད་ཞིབ་རྒྱས་ཡོད་པའི་རྣམ་གཞག་དེས་མཇུག་མཐར་འདོད་པ་མ་ཁེངས་པ་ཆེན་པོ་ཞིག་སྐྱེས་བཅུག་ཡོང་གི་འདུག་ཅིང་། ཁ་དཔེར་མགོ་འབྲུག་རྔ་མ་སྦྲུལ་ཟེར་བ་བཞིན་མགོ་རྔ་མི་འཚམས་པའི་ཚོར་སྣང་ཞིག་ཀྱང་འགོག་མེད་དུ་སྟེར།
ནང་པའི་ལྟ་གྲུབ་དག་ན་སེམས་དང་སེམས་བྱུང་རིགས་དབྱེ་བ་ཞིབ་ཕྲ་ཕྱེ་ཡོད་ཅིང་། སེམས་དང་བསམ་པའི་བྱེད་ལས་སམ་འཁྱེར་སོ་ཆུང་ངུ་ཚུན་ཡང་ངོས་འཛིན་བྱས་ཏེ་དེ་ལས་ལྟོས་པའི་སེམས་དང་དེ་དང་ལྷན་འདུས་པའི་སེམས་བྱུང་གི་རྣམ་གཞག་གཏན་འབེབས་བྱས།སེམས་བྱུང་དེ་དག་ལའང་ཁོང་ཁྲོ་དང་སྙིང་རྗེ་ལྟ་བུ་ལེགས་ཉེས་ཀྱི་སྡེ་ཁག་གཉིས་སུ་ཕྱེ་སྟེ་ཉེས་པའི་ཆར་གྱུར་པའི་བསམ་བློའི་འཁྱེར་སོ་དག་ཟློག་ཐབས་སུ་དེ་མེད་པར་གཏོང་བའི་སེམས་ཀྱི་འཁྱེར་སོ་རེ་གསུངས་ཡོད། སེམས་ཀྱི་འཁྱེར་སོའི་སྟེང་ནས་སེམས་བྱུང་ལ་རིགས་དབྱེ་བ་ཞིབ་རྒྱས་འདི་ལྟར་ད་བར་འཛམ་གླིང་ནང་སེམས་ཁམས་རིག་པ་བ་དང་། ཚན་རིག་པ་གང་གིས་ཀྱང་ཞིབ་ཕྲའི་རྣམ་གཞག་གཏན་འབེབས་བྱས་ཐུབ་མེད། དེ་བཞིན་དབང་ཤེས་དང་ཡེ་ཤེས་དག་སྐྱེས་བར་ཕྱིའི་རྐྱེན་དང་ནང་གི་རྐྱེན་ཇི་ཙམ་དགོས་མིན་སྐོར་ཡང་མང་པོ་གསུངས་ཡོད། མིག་ཤེས་ལ་མཚོན་ན་གཟུགས་འཆར་བར་གཟུགས་ཅན་དང་བ་ཅན་མིག་གི་དབང་པོ་ཞེས་པ་དྭངས་ཤེལ་ཞིག་ལ་འཆར་དགོས་པ་གསུངས་ཡོད། འོན་ཏེ་དངས་ཤེལ་དེ་འཆར་རྗེས་དེ་མ་ཐག་འཆར་རྒྱུའི་ཡུལ་དེ་ཐག་གཅོད་བྱེད་པའི་མིག་ཤེས་སྐྱེས་བའི་སྐོར་གསུངས་པ་ལས་མིག་ནས་ཀླད་པའི་བར་སོང་བ་དང་། ཀླད་པའི་རྩ་ཕྲན་སོ་སོར་སོང་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐོར་གཏན་ནས་གསུངས་མེད། ཀླད་པའི་སྐོར་ཞིབ་ཕྲ་གསུངས་པ་ལྟར་ཞོག་ཤེས་པ་དེ་དག་སྐྱེས་བར་ཀླད་པ་དགོས་རབས་ཟུར་ཙམ་ཡང་གསུངས་མེད།
ཀླད་པའི་རྩ་ཕྲན་བརྒྱུད་མིན་ཇི་ལྟར་ཡང་མཐའ་མའི་ཐག་གཅོད་བྱེད་པོ་མིག་ཤེས་ཡིན་མོད། མིག་ཤེས་སྐྱེས་བར་བདག་རྐྱེན་མིག་དབང་དགོས་ལུགས་བཤད་པ་ལྟར་དམའ་མཐའ་ཡང་ཀླད་པར་རག་ལས་གསུང་དགོས་མོད། ནང་པའི་བློ་རིག་སྐོར་དཔེ་དེབ་དག་ན་ཟུར་ཙམ་ཡང་མེད། གཟུགས་སོགས་མིག་གིས་མཐོང་བར་ཀླད་པའི་རྩ་ཕྲན་རྣམས་བརྒྱུད་དགོས་པ་མངོན་སུམ་མཐུན་དཔེ་མང་པོ་བསྟན་ཡོད་པ་སྟེ། མགོའི་ལྟ་ལྟག་རྒྱབ་ཀྱི་ཀླད་པ་འཕྲོ་བརླག་སོང་ཟིན་པའི་མི་དག་གིས་ཁ་དོག་དབྱིབས་འགུལ་བསྐྱོད་སོགས་གང་ཡང་མཐོང་མི་ཐུབ་པ་ལྟ་བུ་རེད། ད་དུང་གཞན་ཞིག་ནི་བློ་རིག་དག་ན་ཡིད་ཤེས་དག་ཐུན་མིན་བདག་རྐྱེན་གཟུགས་སོགས་ལ་གཏན་ནས་རག་མ་ལས་པར་ཚང་མ་ཤེས་པ་གཞན་ཞིག་ལ་རག་ལས་པའི་སྐོར་གསུངས་ཡོད་མོད།ཚན་རིག་པའི་ཞིབ་འཇུག་ཁྲོད་དྲན་ཤེས་དང་སེམས་བཟང་བའི་ཀླད་པའི་གནས་གཏན་འབེབས་བྱས་ཡོད་པ་དང་།ལས་ཀ་གང་ཞིག་ལས་འདོད་པའི་ཀུན་སློང་གི་ཀླད་གནས་ཀྱང་གཏན་འབེབས་བྱས་ཏེ།་ཀླད་གང་དེར་གློག་གི་སྐུལ་རྐྱེན་མཐུད་དུས་མི་དེས་རང་དབང་མེད་འགྲོ་བ་དང་དགོད་པ་སོགས་བྱེད་ཀྱི་ཡོད། དེའི་ཕྱིར་ཞིབ་འཇུག་འདི་ནས་བལྟས་ན་སྒོ་ལྔའི་དབང་ཤེས་ཀྱིས་དྲངས་པའི་རྟོག་པ་དག་ཀྱང་ཧ་ལམ་དབང་ཤེས་ཡིན་པར་འདོད་ན་ཡང་མི་འགྲིག་པ་མེད་ཚོད་དུ་སྣང་། དེ་མིན་སྔགས་ནས་བཤད་པའི་རླུང་སེམས་ཕྲ་མོ་དག་ནི་དེ་འདྲ་ཀླད་པའི་གནས་དག་ལས་སྐུལ་རྐྱེན་ལ་རག་ལས་མི་སྲིད་ཅིང་། རྗེས་སུ་སྔགས་ནང་བཤད་པའི་རླུང་སེམས་དག་དང་དབང་རྩའི་རྣམ་གཞག་བར་གཤིས་བསྡུར་ཞིག་ལོགས་སུ་བྱ་བར་འདོད།
༤༽ནང་པས་འདོད་པའི་མིག་དབང་སྐོར།
ནང་པའི་ཚད་མའི་གཞུང་ལུགས་དག་ན་མིག་གི་དབང་པོ་ཞེས་པ་ཞིག་གསུངས་ཡོད། གཞུང་འགའ་རེ་ན་ཤིན་ཏུ་ལྐོག་འགྱུར་དང་། འགའ་ན་ཅུང་ཟད་ལྐོག་འགྱུར། ཡང་ན་གཞུང་ལུགས་འགའ་ན་མངོན་འགྱུར་ཡིན་པའི་ཟོལ་ཡང་གསུངས་ཡོད། གནའ་དུས་རྟོག་གེ་དག་གིས་གནད་དེ་རྩད་གཅོད་དུས་ལུང་ཁུངས་གང་བཙན་རྗེས་སུ་ཞུགས་ཏེ། རིགས་པས་དཔྱད་པར་ཞུགས་ནས་མངོན་ལྐོག་གང་ཡིན་ཚོད་དཔག་བྱས་པ་ལས་དེང་སྐབས་ལྟར་མིག་ནང་གནས་ཅི་ཞིག་ཡོད་མིན་དངོས་གཤེར་བརྟག་དཔྱོད་བྱེད་པའི་འཕྲུལ་ཆས་མེད་པས་དེའི་སྐོར་ཞིབ་ཕྲ་གང་ཡང་བཤད་མེད། དེང་རབས་འཕྲུལ་ཆས་དར་རྗེས་ལུས་ཀྱི་ཕྲ་མོ་ཡན་ཇི་བཞིན་བལྟ་ཐུབ་པའི་ཕྲ་མཐོང་ཆེ་ཤེལ་དང་འཕྲུལ་ཆས་གང་ཞིག་བཟོ་བསྐྲུན་ཐུབ་ཡོད།དེ་དག་སྤྱད་དེ་དབང་རྩའི་ཚན་རིག་པས་མིག་ནང་ཞིབ་བལྟ་བྱ་བའི་བརྒྱུད་རིམ་ནང་མིག་གི་རྒྱལ་མོའམ་མིག་གི་བུ་ཆུང་གི་ལྟག་རྒྱབ་ན་དང་གཟུགས་ཤིག་ཡོད་པ་རྙེད་ཡོད། དྭངས་གཟུགས་དེ་ཚད་མའི་གཞུང་ན་བཤད་པའི་དབང་པོ་དང་ཤིན་ཏུ་འདྲ་བའི་ཆ་མང་པོ་ཡོད་དེ། ནང་གི་གཟུགས་ཅན་དང་བར་དམིགས་པ་དེ་མིག་དབང་གི་ངོ་བོར་འཇོག་པ་དང་། དེའི་དབྱིབས་ཟ་མའི་མེ་ཏོག་འདྲ་བ་ཡིན་པ། གཟུགས་དེའི་ནང་ཤེལ་ངོས་ན་བརྙན་འཆར་བ་ལྟར་ཤར་དགོས་ལུགས་ལ་བལྟས་ན་ཤིན་ཏུ་ནས་ཀྱང་འདྲ་བར་་ཡོད་ཅིང་། དེས་མ་ཟད་མིག་ཤེས་སྐྱེས་བའི་སྔོན་དང་གཟུགས་དེར་གཟུགས་ཀྱི་སྣང་བརྙན་འཆར་དགོས་པ་བཤད་པ་ཡང་གཅིག་མཚུངས་ཡིན། ཅི་སྟེ་ནང་པས་མིག་དབང་ཞེས་པ་དེ་ཚན་རིག་པས་ངོས་ཟིན་པའི་དང་གཟུགས་དེ་ཡིན་ཚེ་ཤིན་ལྐོག་ལྟར་ཞོག་ལྐོག་འགྱུར་ཙམ་ཡང་མིན་པ་མ་ཟད། གཟུགས་ཅན་ཧ་ཅང་ཕྲ་མོ་ཕྲ་མཐོང་ཆེ་ལམ་ནས་བལྟ་དགོས་པའི་ཕྲ་ཕུང་cellལྟ་བུའི་ཕྲ་གཟུགས་རིགས་ཀྱང་མིན་པས་ད་དུང་མིག་ཤེས་གཟུང་བྱ་མིན་པ་དང་གཟུགས་མེད་སྐྱེས་བའི་གནས་སྐབས་བག་ཆགས་ལྟར་བག་ལ་ཉལ་བ་ལྟར་གནས་པ་དང་སྐྱེ་བ་བརྒྱུད་མར་བརྒྱུད་གཏོང་བྱ་རྒྱུ་ཡོད་པ་སོགས་ཀྱི་རྣམ་གཞག་ཀྱང་འཇོག་ཁག་བར་སྙམ།
རེས་འགས་དང་གཟུགས་དེ་མིག་དབང་མིན་པར་དབང་རྟེན་ཁོག་པ་རེད་སྙམ་སྲིད་མོད། ཁོག་པ་ཞེས་པའི་གོ་དོན་ནང་སྟོང་ཆ་ཡོད་ཅིང་ཕྱི་ཤུན་ནམ་ཁོག་པ་ཡོད་པ་སྟེ་དྲིལ་བུའི་ཁོག་པ་ལྟ་བུ་ཞིག་ལ་གོ་དགོས་པས་དང་གཟུགས་དེ་མེ་ལོང་སྒོར་མོ་འདྲ་བ་ཞིག་ལས་ཁོག་པ་འདྲ་བ་ཞིག་མེད་པར་གསལ་བསྟན་བྱས་ཡོད། དང་གཟུགས་དེ་མིག་གི་རྒྱལ་མོའམ་བུ་ཆུང་ནང་ཡོད་པའི་མེ་ལོང་འདྲ་བའི་གཟུགས་ཤིག་ཡིན་པས་དབང་རྟེན་ཁོག་དེ་ཅི་སྟེ་ཡིན་འགྱུར་ན་མིག་གི་རྒྱལ་མོ་དེ་ཡིན་ཤས་ཆེ་བ་སྙམ། ཅི་སྟེ་ཚན་རིག་པས་ངོས་བཟུང་བའི་དྭངས་གཟུགས་དེ་མིག་དབང་ཡིན་པའི་དབང་དུ་བཏང་ཡང་ལྐོག་འགྱུར་ཡིན་པ་གསུངས་པ་དག་འགལ་སྐྱོན་ཅི་ཡང་མེད་དེ་གཟུགས་ཕྲ་མོ་འགའ་འཕྲུལ་ལས་ཡར་རྒྱས་མེད་དུས་སོ་སྐྱེས་མངོན་སུམ་དུ་རྟོགས མི་ནུས་པའི་ལྐོག་འགྱུར་ཡིན་ཡང་དེང་སྐབས་ཕྲ་མཐོང་ཆེ་ཤེལ་ལམ་ནས་མངོན་གྱུར་དུ་འགྱུར་ཟིན་པ་ཡོད་སྲིད། དཔེར་ན་འདུལ་གཞུང་དག་ན་འཕགས་པས་མངོན་ཤེས་ལ་བརྟེན་ནས་གཟིགས་པའི་ཆུ་ནང་གི་ཕྲ་གཟུགས་ཅན་གྱི་འབུ་སྲིན་སོ་སྐྱེས་རང་འགའ་བས་རྟོགས་མི་ནུས་པ་གསུངས་པ་དེང་སྐབས་མངོན་ཤེས་མེད་པའི་མི་ང་འདྲ་བས་ཀྱང་མཐོང་ཐུབ་པ་བཞིན་རེེད། དེས་ན་ཟབ་མོ་སྟོང་བདག་མེད་ཕུད་པའི་གཟུགས་ཅན་རིགས་སྔོན་ནང་པའི་ལྟ་གྲུབ་ནང་ལྐོག་འགྱུར་ཡིན་པ་བསྟན་པ་གཞན་རྣམས་ཀྱང་འཕྲུལ་ཆས་ཡར་རྒྱས་ཕྱིན་རིམ་བཞིན་མངོན་འགྱུར་དུ་འགྱུར་བར་ངེེས།
ཡང་ན་མིག་དབང་དེ་ཧ་ཅང་ཕྲ་གཟུགས་དེ་ཤ་ཁྲག་ལྤགས་གསུམ་གྱི་ཉེ་བའི་རིགས་ཉེ་ལེན་རིགས་རྗས་gens དང་DNAདག་དང་ཉེར་ལེན་འབྲས་གང་ཡང་མེད་པར་ཆེ་ཤེལ་ལམ་ནས་གཏན་ནས་མཐོང་མི་ཐུབ་པའི་གཟུགས་རིགས་དབྱུག་དབྱིབས་སྙུག་དབྱིབས་ཕྲ་ཕུང་ན་ཡོད་ཅེས་ཞིབ་ཆ་བྱ་དགོས་ཐུག་མོད། དེ་ལྟར་གྲུབ་ཆ་དང་གནས་ཆ་དག་ཚན་རིག་པ་ལ་དཔང་རྟགས་དང་རང་ལ་ངེས་པ་དྲངས་པའི་གཏན་ཚིགས་ཤིག་མི་རྙེད་པས་རྗེས་ཕྱོགས་དེའི་ཐོག་ཞིབ་འཇུག་གཏིང་རིམ་གཏང་དགོས་པ་མཐོང་།