ཐོག་མར་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྣམ་པ། དེ་བཞིན། འགན་འཛིན་དང་དགེ་རྒན་རྣམ་པ་གཙོས། སློབ་ཕྲུག་ཚང་མ་ལ་དགའ་བསུ་དང་འབྲེལ། མཛའ་ཞིང་བརྩེ་བའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། དེ་རིང་འདིར་རྒན་རིན་ཆེན་དགེ་ལེགས་ལགས་ཀྱི་བརྒྱུད་ནས་བཅར་རྒྱུ་བྱུང་། སྔོན་མ་ཡང་འདིར་བཅར་བ་ཡིན། དེ་རིང་ཡང་འདིར་བཅར་རྒྱུ་བྱུང་བར་དགའ་སྤྲོ་ཤིན་ཏུ་ཆེ། ཁྱེད་རྣམ་པའི་འཛིན་ཁང་ཁག་དང་། དེ་མཚུངས་གཟིམ་ཁང་། གསོལ་ཚིགས་ཁང་སོགས་ཚང་མ་མཇལ་རྒྱུ་བྱུང་། དཔེར་མི་སྲིད་པའི་གཙང་མ་ཉར་འདུག། དེར་བརྟེེན། དེའི་ཐོག་ནས་འགན་འཛིན་དང་། ལས་བྱེད་རྣམ་པས་སློབ་མ་འདི་དག་གསོ་སྐྱོང་ལེགས་པོ་གནང་གི་ཡོད་པར་རྟོགས་ཐུབ། ཧ་ཅང་དགའ་བོ་བྱུང་། དེ་ལ་རྗེས་སུ་ཡི་རང་ཞུས་པ་ཡིན།
གཞན་དེ་རིང་འདིར་བཀའ་སློབ་ཅིག་གནང་རོགས་ཞེས་གསུངས་པ་རེད། བཀའ་སློབ་ཅེས་པ་དེ་འདྲ་ཅང་ཞུ་རྒྱུ་མེད་མོད། རེད་ཀྱང་། ལྷག་བསམ་རྣམ་དག་ངང་རང་གི་ཉམས་མྱོང་ཐོག་ནས་ཅུང་ཟད་ཞུས་ན། སྤྱིར་སློབ་སྦྱོང་ཞེས་པ་དེ་ཧ་ཅང་འགངས་ཆེ། ད་ལྟ་ཁྱེད་རྣམ་པ་ལོ་ན་ཆུང་བས་སློབ་སྦྱོང་ཞེས་པ་དེ་དེ་ཙམ་འགངས་ཆེན་མ་རེད་སྙམ་ངེས། ངས་ཀྱང་ཆུང་དུས་དེ་ལྟར་རང་དུ་བསམས། རེད་ཀྱང་། རིམ་བཞིན་ནར་སོན་ཚེ་སློབ་སྦྱོང་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནས་ལུགས་ཡོངས་སུ་རྟོགས་ངེས།
དེར་བརྟེན། སློབ་སྦྱོང་བྱེད་པའི་གོ་སྐབས་ལེགས་ཤོས་ནི་ད་ལྟ་རེད། སློབ་སྦྱོང་ཡོད་པ་ཡིན་ན། འབྱུང་འགྱུར་ཁྱེད་རྣམ་པས་ག་རེ་གནང་དགོས་བསམ་ན་ཡང་གོ་སྐབས་ཡོད་ངེས། གལ་སྲིད་ད་ལྟ་སློབ་སྦྱོང་ཡག་པོ་ཞིག་མ་བྱེད་པ་ཡིན་ན། འབྱུང་འགྱུར་ཕྱག་ལས་ག་རེ་གནང་དགོས་བསམ་ན་ཡང་དཀའ་ལས་ཁག་པོ་ཆགས་ཡོད། གང་ལྟར། སློབ་སྦྱོང་ཡག་པོ་མ་བྱེད་པ་ཡིན་ན། འབྱུང་འགྱུར་རྒྱུན་དུ་གཞན་ལ་རེ་དགོས་པ་ཞིག་ཏུ་འགྱུར་འགྲོ། རྒྱུ་མཚན། རང་གི་རྐང་པའི་ཐོག་ཏུ་ལང་མ་ཐུབ་པས་རེད། རེད་ཀྱང་། ད་ལྟ་བརྩོན་འགྲུས་བསྐྱེད་པ་ཡིན་ན་འབྲས་བུ་ཐོན་རྒྱུ་རེད། དེ་ལ་ང་རང་ལ་བརྒྱ་ཆ་བརྒྱར་ཡིད་ཆེས་ཡོད།
གཞན་འདིར་མཐུན་རྐྱེན་ནི་ཅི་འདྲའི་ཡག་པོ་འདུག།དགེ་རྒན་ཡག་པོ། བཞུགས་གནས་སོགས་གཙང་མ་དང་དཀའ་ངལ་གང་ཡང་མི་འདུག། དེར་བརྟེན། ཁྱེད་རྣམ་པས་དེ་དག་དྲན་ཤེས་དགོས། དེའི་ཕྱིར། སློབ་སྦྱོང་བྱས་པ་དང་མཉམ་དུ་མི་ཡག་པོ་ཞིག་དང་། སེམས་པ་བཟང་པོ་ཞིག་བྱེད་རྒྱུ་དེ་ཡང་ཧ་ཅང་འགངས་ཆེ། དེ་གཉིས་ནི་རང་གི་ལག་པ་གཡས་གཡོན་གཉིས་དང་འདྲ། གཅིག་ཤོས་ཡོད་ཀྱང་གཅིག་ཤོས་དེ་མེད་ན་མི་འགྲིག་པ་ལྟ་བུ་རེད། སློབ་སྦྱོང་ཡག་པོ་ཡོད་ཀྱང་། སྤྱོད་པ་ཡག་པོ་མེད་ན་ཕན་ཐོགས་ཀྱི་མེད། ཡང་། གལ་སྲིད་མི་བཟང་པོ་ཞིག་ཡིན་ན་ཡང་སློབ་སྦྱོང་མེད་ན་དཀའ་ལས་ཁག་པོ་ཆགས་ངེས།
དེར་བརྟེན། མི་བཟང་པོའམ། ཡ་རབས་སྤྱོད་བཟང་ཞེས་པ་དེ་ཅི་ཞིག་རེད་དམ། དེ་ནི་དྲི་བ་ཞིག་རེད། འདིར་སློབ་མ་མང་པོ་འཛོམས་འདུག། མི་བཟང་པོ་ཞིག་བྱེད་པར་ག་རེ་བྱེད་དགོས་སམ། སློབ་མ་ན་རེ། “གཞན་ལ་རོགས་པ་བྱ་རྒྱུ་དེ་རེད། ” ཅེས་ལན་བཏབ། དཔེ་ཡག་པོ་གསུང་བྱུང་། གཞན་མི་བཟང་པོ་བྱེད་པར་ག་རེ་དགོས་ཀྱི་ཡོད་དམ། ཡང་བསྐྱར་སློབ་མ་གཞན་ཞིག་གིས། “གཞན་ལ་རོགས་པ་བྱེད་རྒྱུ་དང་། ཀུན་སློང་ཡག་པོ་ཁུར་དགོས་པ།” བཅས་རེད་ཅེས་ལན་བཏབ། དཔེ་ཡག་པོ། དཔེ་ཡག་པོ། གཞན་སུ་ཡོད་དམ། མི་བཟང་པོ་ཞེས་པ་དེ་གང་འདྲ་ཞིག་དགོས་སམ། སློབ་མ་ཆུང་ཆུང་དེ་ཚོ་ག་བར་ཡོད། སློབ་མ་ཆུང་ཆུང་ཞིག་གིས། “གཙང་མ་བཟོ་རྒྱུ་དང་། སློབ་སྦྱོང་ཡག་པོ་བྱེད་རྒྱུ། རྒན་ལགས་ཀྱི་སྐད་ཆ་ཡག་པོར་ཉན་རྒྱུ་དེ་གསུམ་རེད།” ཅེས་ལན་བཏབ། གཞན་སུ་ཡོད་དམ། དཔེ་ཡག་པོ་འདུག། བཀའ་དྲིན་ཆེ།
གང་ལྟར། ངེད་ཀྱིས་བསམ་པར་མི་བཟང་པོ་ཞེས་པ་དེ་ཅི་འདྲ་ཞིག་རེད་ཅེ་ན། རྒན་པ་དང་། རང་གི་ཕ་མ། དགེ་རྒན་རྣམས་ལ་བརྩི་བཀུར་བྱེད་རྒྱུ་དང་། གུས་ཞབས་བྱེད་རྒྱུ། མི་གཞན་ལ་སྙིང་རྗེ་སྒོམ་པ། ཕྱག་ལས་ག་རེ་གནང་པ་ཡིན་ན་ཡང་མི་ལ་ཕན་ཐོགས་པ། གནོད་མི་སྐྱེལ་རྒྱུ་དེ་གལ་ཆེན་རེད་སྙམ། དེ་བཞིན། སློབ་མ་ཕན་ཚུན་བར་ལ་འཆམས་པོ་གནང་རྒྱུ། གང་ལྟར། མདོར་བསྡུས་ན། སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད།
དེ་བཞིན། ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྣམ་པ། ཁྱེད་རྣམ་པས་མཁྱེན་ངེས། སྔོན་མ་འཇམ་མགོན་ཁྲི་འཛིན་(༤༢)པ་མཆོག་དང་། འཇམ་མགོན་ཁྲི་འཛིན་(༤༣ )པ། རྣམ་པ་གཉིས་ཀྱང་ས་སྐྱ་མཐོ་སློབ་འདིར་ཕེབས་པ་རེད། དེའི་ཕྱིར། ཁྱེད་རྣམ་པས་བརྩོན་འགྲུས་བསྐྱེད་དེ་སློབ་སྦྱོང་ཡག་པོ་བྱེད། ཕྱག་དཔེ་ཡག་པོ་གཟིགས་པ་ཡིན་ན། ཁོང་རྣམ་པ་གཉིས་ནང་བཞིན་ཡག་པོ་ཆགས་རྒྱུའི་རེ་བ་ཡོད། དེ་མིན། ལས་བྱེད་རྣམས་ནི་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། རེད་ཀྱང་། ངའི་རེ་བ་ལ་སློབ་མ་འདི་དག་མ་འོངས་པར་བསྟན་པའི་བདག་པོ་ལྟ་བུ་ཆགས་ཀྱི་ཡོད་པ་རེད།
དེར་བརྟེན། བསྟན་པ་ལ་ཞབས་ཞུ་དང་། བླ་མའི་བཀའ་སྒྲུབ་རྒྱུའི་ཆེད་དུ་སློབ་མ་འདི་དག་གཟིགས་སྐྱོང་ཡག་པོ་གནང་རྒྱུ་དང་། སློབ་སྦྱོང་ཡག་པོ་སྤྲོད་རྒྱུ་ལས་ལྷག་པ་ཞིག་ཅི་ཡང་མེད་པ་རེད། མཇུག་མཐར། ཚང་མར་བཀྲ་ཤིས་བདེ་ལེགས།
གསུང་མཁན། ས་སྐྱའི་བདག་མོ་བསོད་ནམས་དཔལ་སྐྱིད།
ས་གནས། ས་སྐྱ་མཐོ་སློབ་ཀྱི་ཡན་ལག་གཞི་རིམ་སློབ་ཆུང་།
ལི་ཐང་དབྱིག་གཉེན་གྱིས་སྒྲ་ཕབ་ཞུས། ༢༠༢༢/༣/༢༠ཉིན་སྤེལ།
སློབ་དཔོན་ཐུ་མི་སམ་བྷོ་ཊ།
བོད་ཀྱི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་སློབ་དཔོན་ཐུ་མི་སམ་བྷོ་ཊ་ནི། སྤྱི་ལོའི་དུས་རབས་བདུན་པའི་༼༦༡༧༽ནང་ཐོན་ལུག་ར་ཁ་བར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏ་བྱ་བའི་སྲས་སུ་འཁྲུངས། ཆོས་འབྱུང་ཁ་ཤས་སུ་ཡུལ་དང་ཡབ་ཀྱི་མཚན་མི་འདྲ་བ་ཡང་བྱུང༌།