བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ངོ་སྤྲོད།
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ངོ་སྤྲོད་བྱེད་པ་ལ་རྩ་བའི་ཁོར་ཡུག་གི་འགྲེལ་བཤད་ནས་འགོ་འཛུགས་དགོས་པ་སྨྲོས་ཅི་དགོས། ཁོར་ཡུག་ཅེས་པའི་མིང་ཚིག་འདིར། ཁོར་དང་ཡུག་ཅེས་སོ་སོར་འགྲེལ་ནས་གོ་བ་ལེན་ཚུལ་དང་། མཉམ་དུ་བསྡོམས་ནས་གོ་བ་ལེན་སྟངས་སོགས་ཅི་རིགས་མཆིས། སྔོན་དང་ད་ལྟའི་ཚིག་མཛོད་གསར་རྙིང་དག་ཏུ། ཁོར་ཡུག་ནི་ཁོར་མོ་ཡུག་གི་བསྡུས་ཚིག་དང་། ཁོར་ནི་མཐའ་བསྐོར། ཡུག་ནི་ཡོད་ཚད་ལ་གོ་བས་ཁོར་མོ་ཡུག་དང་ཁོར་ཡུག་ཅེས་བརྗོད་སྐབས་ཚིག་གི་ངོ་གདོང་ཐད་ཀར་གོ་བ་བླངས་ན་མཐའ་བསྐོར་གྱི་ཡོད་ཚད་ལ་གོ་བ་ཡིན། དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆོས་ཉིད་ལ་གཞི་བཅོལ་བའི་འགྲེལ་བཤད་བྱེད་སྟངས་ཤིག་རེད། སེམས་ཀྱི་ཁོར་ཡུག་དང་། བསམ་བློའི་ཁོར་ཡུག་སོགས་བརྗོད་སྐབས་གོང་གི་དེའི་རིགས་འགྲོས་ཀྱི་གོ་བ་བླངས་ན་སེམས་ཀྱི་མཐའ་བསྐོར་གྱི་ཡོད་ཚད་སོགས་སུ་གོ་ཆོག ཡུག་ཅེས་པའི་ཚིག་འདིའི་ཆ་ནས་ཕྱི་ནང་གི་སྣོད་བཅུད་ཡོངས་རྫོགས་ཁོར་ཡུག་ཟེར་བའི་ཡིག་འབྲུ་འདི་གཉིས་ཀྱི་ནང་དུ་འདུས་པའི་འགྲེལ་ཚུལ་དེ་ནི་ཚིག་གཉིས་བསྡོམས་ནས་འགྲེལ་བཤད་བྱེད་སྟངས་ཤིག་ཀྱང་ཡིན། གང་ལྟར་འགྲེལ་བཤད་སྣ་ཚོགས་པའི་མཐའ་སྡོམ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སོགས་ཡོད་ཚད་ཁོར་ཡུག་ཅེས་པའི་ཚིག་འདིའི་ཁྱབ་ཚད་ཀྱི་ཁོངས་སུ་འདུས་ཡོད། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཅེས་པའང་བོད་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སོགས་ཡོད་ཚད་འདུས་ཡོད་པ་ནི་ཤེས་ཆོག་ཆོག་ཡིན། འདིར་བཤད་བྱ་གཙོ་བོ་ནི་བོད་ཀྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཏེ་ས་གཞི་དང་། ཆུ་བོ། འཁྱག་རོམ། ནགས་ཚལ། རྩི་ཤིང་སོགས་ཀྱི་གལ་ཆེའི་རང་བཞིན་དང་། རིན་ཐང་གི་ཚད་གཞི། སྲུང་སྐྱོབ་ཀྱི་གལ་གནད་སོགས་ཡིན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ནི། འདི་ནས་ཡར་བརྩིས་པའི་ལོ་ ༡༢༠༠ ལྷག་གི་སྔོན་ཏེ། གཏམ་རྒྱུད་དང་ལོ་རྒྱུས་ཐོ་འགོད་དག་བསྒྲིགས་མ་བྱུང་སྔོན་དུ་གཏམ་གྱི་ཚུལ་དུ་བཀོད་པ། “གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ། རི་མཐོ། ས་གཙང་། ཡུལ་བཟང། མི་མཛངས་ཤིང་དཔའ་ཏུ་སྐྱེས།” ༡ (དབྱིན་ཇི་དང་། ཧྤ་རན་སའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་ཡིག་རྙིང་ལས་བཏུས་པའི་༼བོད་བཙན་པོའི་རྒྱལ་རབས།༽ཤོག་ངོས་དང་པོ་ལས་དྲངས། སོགས་ཀྱིས་ངོས་འཛིན་བྱས་པ་ལྟར་དང། གཞན་ཡང་། བཀའ་གདམས་གླེགས་བམ་བུ་ཆོས་ལེའུ་ཉི་ཤུ་པ་ལས་ཀྱང་། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།། མཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ༢ བཀའ་གདམས་གླེགས་བམ་བུ་ཆོས་དགའ་ལྡན་ཕུན་ཚོགས་གླིང་གི་པར་མ་ཤོག་ངོས་༨༨ པ་ལས་དྲངས། ཅེས་བཤད་པ་ལྟར། ཁྱད་དུ་འཕགས་པའི་ཡུལ་དང་། ཆུ་བོ་ཀུན་གྱི་མགོ་ཁུངས། གངས་རི་དང་འཁྱགས་རོམ་གྱི་མཛོད་དུ་གྲུབ་པས་འཛམ་གླིང་གི་གལ་གནད་ཆེ་བའི་ཁོར་ཡུག་མཆོག་ཏུ་གྱུར་བ་ཞིག་ཏུ་ངེས། བོད་གངས་ཅན་ལྗོངས་ཀྱི་སྤྱིའི་ས་ཁྱོན་ནི། ཀི་ལོ་མི་ཊར་(སྤྱི་ལེ) གྲུ་བཞི་མ། ༢༨༠༠༠༠༠ ཡོད། དེང་འཛམ་གླིང་གི་ས་ཁྲའི་དབང་དུ་བྱས་ན། རྒྱ་གར་འཕགས་པའི་ཡུལ་དང་། བལ་ཡུལ། འབྲུག་ཡུལ་སོགས་ཀྱི་བྱང་ཕྱོགས་དང་། པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན་སོགས་ཀྱི་ཤར། ཤར་ཏུར་ཀི་སི་ཐན་ཏེ་ཤིན་ཅང་། ཧོར་སོག་གི་ལྷོ། རྒྱ་ནག་གི་ནུབ་ཏུ་གནས་ཡོད། བོད་ཀྱི་ས་ཁྱོན་ཕལ་མོ་ཆེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་བརྩིས་པའི་མི་ཊར་རམ་སྤྱི་ཁྲེ་ ༡༣༠༠༠ སར་ཆགས་ཤིང་། འཛམ་གི་རི་བོ་གྲགས་ཅན་གངས་དཀར་ཏེ་སེ་དང་། ཆུ་བོ་གྲགས་ཅན་རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། སྟོད་ཕྱོགས་ཀྱི་བོང་ཆུ། བྱང་རིགས་སྡེ་བཞི་ནས་འབབ་པའི་ནག་ཆུ་དང་སོག་ཆུ་གཉིས་འདྲེས་པའི་རྒྱལ་མོ་རྔུལ་ཆུ། ནང་ཆེན་འབྲོང་བ་སྟོད་སྨད་དང་དགེ་རྒྱས་སྟོད་སྨད་བར་གསུམ་ནས་འབབ་པའི་རྫ་ཆུ་དང་། ངོམ་ཆུ་གཉིས་འདྲེས་པའི་གླ་ཆུའམ་ཟླ་ཆུ། གདང་ལ་རི་རྒྱུད་ནས་འབབ་ཅིང་རྒྱ་ནག་ནང་ཁུལ་གྱི་ཆུ་ཆེན་ཨང་དང་པོར་བརྩི་བའི་འབྲི་ཆུ་སོགས་རྒྱུགས་ཆུ་ཧ་ཅང་མང་པོ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ལྔ་སྟོང་ལྷག་གི་ས་ཆར་འཁྱགས་རོམ་ ༤༧༠༠༠ ལྷག་གིས་ཁྱབ་ཅིང་། འཛམ་གླིང་ཐོག་གི་འཁྱགས་རོམ་མང་ཤོས་ཀྱི་གནས་སུ་གྱུར། ༣ བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར། ཞེས་པའི་དཔེ་དེབ། ༡༩༩༤ ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་པར་སྐྲུན་ཁང་གིས་པར་བའི་དེབ་ཀྱི་ཤོག་ངོས་ ༣ ནས་༩ བར་དུ་གསལ།
གོང་དུ་སྨོས་པའི་ཆུ་ཆེན་དང་། འཁྱགས་རོམ་དེ་དག་གིས་རྒྱལ་ཁབ་བཅུ་གཉིས་ལྷག་གི་མི་གྲངས་དུང་ཕྱུར ༡་༣ ལྷག་གི་འཚོ་གནས་དང་། ཐོན་སྐྱེད་ལ་ཕན་ཐོགས་སྐྲུན་བཞིན་ཡོད། ༤ དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གི་ཁོར་ཡུག་སྐོར་གྱི་གཏམ་བཤད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་བཀོད་པ་ལས་གསལ།
དེང་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་དག་གིས་བོད་གངས་ཅན་གྱི་ལྗོངས་འདིར་གོ་ལའི་སྣེ་མོ་གསུམ་པ་དང་། ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ་ཞེས་རིན་ཐང་ལྡན་པའི་ཚིག་གིས་གླེང་བཞིན་པའང་དོན་དངོས་རིན་ཐང་ལ་ངོས་འཛིན་ཐོབ་པའི་བདེན་དཔང་ཞིག་ཡིན། དེ་བཞིན། མཚོ་དང་མཚེའུ་ཉིས་སྟོང་ལྷག་ཙམ་དང་། དེ་དག་གིས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༣༥༠༠༠ ལྷག་ཟིན་ཡོད། དེ་དག་ནི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ངོ་སྤྲོད་མདོ་ཙམ་ཡིན།
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེའི་རང་བཞིན།
གོང་དུ་ངོ་སྤྲོད་ཞུས་པའི་འཛམ་གླིང་གི་ཡང་རྩེ། རི་མཐོ་ས་གཙང་གི་བོད་གངས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་འདི་ནི་བོད་མི་ཙམ་མ་ཡིན་པར་རྒྱ་གར། རྒྱ་ནག བྷང་ལ་དེ་ཤ བལ་ཡུལ། པ་ཀི་སི་ཐན། འབར་མ། ཐི་ལན་ཀྲི ལའོ་སེ། ཀམ་པོ་ཀྲི་ཡ། ཝི་ཏི་ནམ། ནང་སོག འབྲུག་ཡུལ་བཅས་རྒྱལ་ཁབ་བཅུ་གཉིས་དང་། གླིང་ཆེན་ཨེ་ཤི་ཡའི་ནང་གི་མི་འབོར་དུང་ཕྱུར་ ༡་༣ ལྷག་གི་འཚོ་རྟེན་དང་། ཐོན་སྐྱེད་སོགས་དང་ཐད་ཀར་འབྲེལ་བ་ཡོད་པས་འཛམ་གླིང་སྤྱི་ཡོངས་ལ་ཧ་ཅང་མཁོ་གལ་ཆེ་ཞིང་། འཛམ་གླིང་རང་བཞིན་གྱི་གལ་ཆེའི་ཁོར་ཡུག་ཅིག་ཆགས་ཡོད། དེ་བས་བོད་ཀྱི་ཁོར་ཡུག་ནི་རྒྱལ་ཁབ་འདི་དག་གི་ཁོར་ཡུག་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད་ནི་རྒྱལ་ཁབ་འདི་དག་དང་མི་མང་འདི་དག་གི་ཁོར་ཡུག་གི་གལ་གནད་ཀྱང་ཡིན། དེ་བཞིན་དུ། དེང་རྒྱལ་སྤྱིའི་ཐོག་སེམས་འཚབ་དང་། གླེང་སློང་ཆེ་ཤོས་ཤིག་ནི་ཁོར་ཡུག་གི་གནད་དོན་འདི་ཆགས་ཡོད་ཅིང་། བོད་ཀྱི་ཁོར་ཡུག་ནི་གླེང་སློང་དེ་དག་གི་གཞི་རྩའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེ་མཚོན་ཙམ་ཞུས་ན། འདས་མ་ཐག་པའི་ ༢༠༡༥ ལོའི་ལོ་མཇུག་ཏུ་སྤེལ་ལྗམ་རྒྱལ་ས་སྦར་སིལ་དུ་ཡོད་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ༼གོ་ལའི་སྣེ་གསུམ་པའི་སྟེང་གི་ཁོར་ཡུག་ཉམས་ཆག་དང་ ཐོན་ཁུངས་བསྔོགས་འདོན་གྱིས་བོད་ཀྱི་མཐོ་སྒང་ལ་ཐེབས་པའི་ཤུགས་རྐྱེན་༽ཞེས་བའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས།
བགྲོ་གླེང་སྟེང་གཏམ་བཤད་གནང་མཁན་སྐུ་མགྲོན་གཙོ་བོ་ནི་མི་ལོ་སུམ་ཅུའི་རིང་བོད་ཀྱི་ཁོར་ཡུག་སྐོར་གྱི་ཉམས་ཞིབ་དང་སློབ་སྟོན་པ་སློབ་དཔོན་གྷ་པིར་ལཱ་ཧྥེ་ཐི་Mr. Gabriel Lafitteདང་ནེ་རྡར་ལན་ཊིའི་ཨེ་རཱ་སུ་མོ་སི་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཡར་རྒྱས་ཞིབ་འཇུག་མཁན་སློབ་དཔོན་ཨན་ཊར་ཧྥེ་ཆར་ Dr. Andrew Fischer གཉིས་ཡིན་ཞིང་། བགྲོ་གླེང་སྐབས་གྲོས་ཚོགས་འཐུས་མི་སཱ་བྷ་སོ་གྷོར་གྱིས། “བོད་དུ་འཛམ་གླིང་སྟེང་ཆེས་མཐོ་ཞིང་ཆེས་རྒྱ་ཆེ་བའི་མཐོ་སྒང་ཡོད་ལ། གནམ་གཤིས་འགྱུར་ལྡོག་གིས་བོད་ཀྱི་མཐོ་སྒང་ལ་ཤུགས་རྐྱེན་ཐེབས་བཞིན་པར་དོ་སྣང་ཡོང་ཆེད་འཛམ་གླིང་ཡོངས་ནས་ལས་འགུལ་སྤེལ་དགོས་བའི་འབོད་སྐུལ་གནང་བ་དང་། གྲོས་ཚོགས་འཐུས་མི་ལྕམ་མོའོ་ལེ་སུ་ཀོ་ཏི་ཡིས་སའི་གོ་ལ་ནི་ང་ཚོའི་ཁྱིམ་ཡིན་ལ་བོད་ནི་དེའི་ཡང་རྩེ་རེད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་བ་ནི་བོད་གཅིག་པུ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བདེ་ཐང་དང་རྒྱུན་གནས་ལ་འབྲེལ་བ་ཡོད་པ་རེད” ཅེས་སོགས་བཤད། ༥ ཡོ་རོབ་བོད་གནས་དྲྭ་བ་ལས་དྲངས། དེ་བཞིན། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གི་ཁོར་ཡུག་ཚོགས་འདུའི་གསུང་བཤད་ནང་། “བོད་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་འཁྱགས་རོམ་གྱི་གནས་གཞི་དང་། བོད་ནང་གི་འཁྱགས་རོམ་གྲངས་ ༤༧༠༠༠ གི་ཆུས་གླིང་ཆེན་ཨེ་ཤི་ཡའི་ནང་མི་འབོར་དུང་ཕྱུར་ ༡་༣ ལ་འཚོ་བརྟེན་བྱེད་བཞིན་ཡོད། NASAནཱ་སཱས་ཚོད་དཔགས་ལྟར་ན། འབྱུང་འགྱུར་གྱི་ལོ་བཞི་བཅུའི་ནང་འཁྱགས་རོམ་བརྒྱ་ཆ་ ༦༠ ཙམ་བཞུར་རྒྱུ་རེད་ཅེས་བཤད་འདུག དངོས་སུ་ཚད་གཞི་དེ་འདྲ་ཞིག་ལ་འགྱུར་ཚེ་མི་འབོར་དུང་ཕྱུར་མང་པོའི་འཚོ་བརྟེན་གྱི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་སྲིད་དམ། དེ་ནི་ང་ཚོར་དེང་སྐབས་དངོས་སུ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད།” ཅེས་སོགས་གླེང་། ༦ དབུས་བོད་པའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས། བོད་ནི་ཨེ་ཤ་ཡའི་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་དང་། སེང་གེ་ཁ་འབབ་ཀྱི་གཙང་ཆུ་བརྒྱ་ཆ་ ༤༠ ལྷག་བོད་ཀྱི་འཁྱགས་རོམ་ནས་འབྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ། དེ་བཞིན་ཝེ་ཐི་ནམ་ནང་རྒྱུག་པའི་རྫ་ཆུ། རྒྱ་གར་དང་བངྒ་ལ་དེ་ཤའི་ནང་རྒྱུག་པའི་ཡར་ཀླུང་གཙང་པོ་སོགས་ཀྱི་འབྱུང་ཁུངས་དེ་ཡང་བོད་ཆགས་ཡོད། དེ་བཞིན་དེང་སྐབས་མི་འབོར་ཐེར་འབུམ་མང་པོར་འཐུང་ཆུས་དཀའ་ངལ་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་མཐོ་སྒང་བོད་ནི་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཆགས་ཡོད་ཅིང་། རྒྱ་ནག་གི་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་ ༤༠ འང་བོད་ཀྱི་འབྲི་ཆུ་ལ་བརྟེན་ཡོད། མདོར་ན། “འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་བོད་མཐོ་སྒང་ནས་འབབ་པའི་ཆུའི་ཐོན་ཁུངས་ལ་བརྟེན་ཡོད།” ༧ རྒྱལ་སྤྱི་དང་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་སྙན་ཐོ་ ༡༥༠ ལྷག་ཕྱོགས་བསྡོམས་བྱས་པའི་དཔེ་དེབ། ༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཤུགས་རྐྱེན།༽ ཞེས་པ་ལས་དྲངས།
དེ་བཞིན་རང་བྱུང་གི་ཡུལ་ལྗོངས་སུ་carbon ནམ་ནག་རྫས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཉར་སྲུང་ངམ་ཐིམ་སིམ་བྱས་ཡོད་པའི་ཆ་ནས་བོད་མཐོ་སྒང་དེ་གོ་ལའི་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ཡུལ་གྲུ་དམིགས་བསལ་བ་ཞིག་ཆགས་ཡོད་པ་གོང་དུ་དྲངས་པའི་སྙན་མཐོ་དེར་བཀོད་ཡོད། མདོར་བསྡུས་ན། ༡༽ བོད་ཀྱི་ཁོར་ཡུག་ནི་གོ་ལའི་ཡང་རྩེ། འཛམ་གླིང་གི་སྣེ་གསུམ་པ། ཆེས་མཐོ་སྒང་གི་དྭངས་གཙང་ཞིང་ཁམས་ཡིན་པས་ས་བབ་དང་ཆགས་ཡུལ་གྱི་ཆ་ནས་འཛམ་གླིང་སྤྱི་ཡོངས་དང་ཨེ་ཤ་ཡའི་མི་རིགས་ལ་ཧ་ཀྱང་གལ་ཆེན་ཆགས་ཡོད།
༢༽ དེང་འཛམ་གླིང་འདིར་ཆུ་དཀོན་དུ་སོང་། དེས་རྐྱེན་གྱིས་ས་གཞི་བྱེ་ཐང་དུ་གྱུར་ནས་མི་ཆེས་མང་པོ་ཞིག་ལ་ཧ་ཅང་གི་དཀའ་ངལ་འཕྲད་བཞིན་པ་དང་། བོད་ཀྱི་ཁོར་ཡུག་ནི། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། བོང་ཆུ། རྒྱལ་མོ་རྔུལ་ཆུ། རྫ་ཆུ། ངོམ་ཆུ། འབྲི་ཆུ། རྨ་ཆུ། ལྷོ་བྲག་གཙང་ཆུ། ཤར་ཆུ། གཏུང་ཆུ། མདོ་མཁར་གཏུང་ཆུ། མཚོ་སྣ་ཆུ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཏུ་རྒྱུག་བཞིན་པའི་ཆུ་བོ་དག་གི་འབྱུང་ཁུངས་ཡིན་ཞིང་། ༨ བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་སྐྱོབ་སྐོར། ཞེས་པའི་དཔེ་དེབ། ༡༩༩༤ ལོར་ཕྱི་དྲིལ་པར་སྐྲུན་ཁང་གིས་པར་བའི་དེབ་ཀྱི་ཤོག་ངོས་༨ པར་གསལ། འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་ ༤༧ ལ་ཉེ་བ་ཞིག་གི་ཆུའི་ཐོན་ཁུངས་ཡིན་ ༩ རྒྱལ་སྤྱི་དང་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་སྙན་ཐོ་ ༡༥༠ ལྷག་ཕྱོགས་བསྡོམས་བྱས་པའི་དཔེ་དེབ། ༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཤུགས་རྐྱེན།༽ ཞེས་པའི་ཤོག་ངོས་ ༡༣ པར་གསལ། པས་ཐོན་ཁུངས་ཀྱི་ཆ་ནས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་དང་། ཁྱད་པར་དུ་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་ཆེས་གལ་ཆེན་གྱུར་ཡོད།
༣༽ བོད་ནི་འཁྱགས་རོམ་དང་། གཏན་ཆགས་འཁྱགས་རོམ་ཆེས་མང་པའི་ཡུལ་ཞིག་ཡིན་པ་སྟེ། འཁྱགས་རོམ་ ༤༧༠༠༠ ལྷག་དང་། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༠༥༠༠༠ ཙམ་ཡོད་པས། ས་གཞི་རིལ་མོའི་ཐོག་གི་འཁྱགས་རོམ་མང་ཤོས་ཀྱི་ས་ཆ་ཞིག་ཡིན། ནག་རྫས་carbon ཆེས་མང་པོ་ཞིག་བོད་ཀྱི་གཏན་ཆགས་འཁྱགས་རོམ་དེ་དག་གི་འོག་ཏུ་གནས་ཤིང་། འདི་དག་ཉམས་རྒུད་དུ་ཕྱིན་ཚེ་གོ་ལའི་ཚ་དྲོད་རྒྱས་པར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། ༢༠༠༨ ལོར་རྒྱ་ནག་གི་ཚན་རིག་པ་ཝང་གི་ཞིབ་འཇུག་གི་བསྡོམས་དུ། བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རོམ་གྱིས་ནག་རྫས་ carbon ཏུན་ tonne ས་ཡ་ ༡༢༣༠༠ ཙམ་མམ། འཛམ་གླིང་ཁྱོན་ཡོངས་ཀྱི་རྩྭ་ཐང་གི་བདག་ཉར་བྱས་པའི་སྟེང་སའི་སྐྱེ་ལྡན་ནག་རྫས་ carbon ཀྱི་བརྒྱ་ཆ་ ༣༧ ཙམ་ཉར་སྲུང་བྱས་ཡོད་པའི་ཚོད་དཔག་བྱས་འདུག ༡༠ རྒྱལ་སྤྱི་དང་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་སྙན་ཐོ་ ༡༥༠ ལྷག་ཕྱོགས་བསྡོམས་བྱས་པའི་དཔེ་དེབ། ༼བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཤུགས་རྐྱེན།༽ ཞེས་པའི་ཤོག་ངོས་ ༡༥ བར་གསལ།
གཏན་ཆགས་འཁྱགས་རོམ་ཧ་ཅང་མང་པོའི་གཏེར་མཛོད་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེ་བའི་ནག་རྫས་ carbon ཕོན་ཆེན་ཉར་སྲུང་བྱེད་པའི་ཆ་ནས་གོ་ལ་སྤྱིའི་གནམ་གཤིས་དང་། ཡངས་པའི་ས་ཆེན་ལོངས་སུ་སྤྱོད་མཁན་གྱི་སྐྱེ་འགྲོ་ཡོངས་ལ་ཆེས་གལ་ཆེན་དུ་གྱུར་ཡོད།
ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི།
ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་གཞི་དང་། དེའི་སྐོར་གྱི་ཚོགས་འདུ་སོགས་ནི་དེང་རྒྱལ་སྤྱི་དང་རྒྱལ་ཁབ་ཁག དེ་བཞིན་གནམ་གཤིས་བརྟག་དཔྱད་ཁང་སོགས་སྤྱི་སྒེར་མང་པོའི་གླེང་གཞི་གལ་ཆེན་ཞིག་ཆགས་ཡོད། དེ་ཡང་མཐར་དེད་ན་འགྲོ་བ་མིའི་རང་གི་འཚོ་གནས་ལ་ཐུག་ཡོད་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཁག་དང་ལེན་བྱེད་རྒྱུ་ནི་འགྲོ་བ་མི་རེ་རེའི་འགན་འཁྲི་ཞིག་ཀྱང་ཅི་ལ་མིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ནི་གོང་དུ་བཤད་པ་བཞིན་དེ་ལས་ཀྱང་གལ་ཆེན་དུ་གྱུར་ཡོད། དེ་བས། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ལ་འཇུག་དགོས་ཤིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྒྲའང་བསྒྲག་དགོས། འདི་ནི་བོད་གངས་ཅན་པའི་གཙོར་བྱས་པའི་མི་འབོར་ཁྲི་ཕྲག་མང་པོའི་བདེ་སྡུག་གི་གནས་བབ་ལ་འབྲེལ་བ་ཡོད་པའི་ལས་གཞི་གལ་ཆེན་ཞིག་ཡིན། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་ཡང་། སྐྱེ་དངོས་ཚན་རིག་པ་དང་། ལྟ་གྲུབ་སྨྲ་བ་སོགས་ཧ་ཅང་མང་པོ་ཞིག་གིས་གཅིག་མཚུངས་སུ། ལྗོན་ཤིང་འདེབས་འཛུགས་དང་། ཁོར་ཡུག་སྦགས་བཙོག་བྱེད་པའི་དུག་རླངས་ཉུང་ཕྲི། ཚད་བརྒལ་གྱི་གཏེར་ཁ་བསྔོག་འདོན་མཚམས་འཇོག བཟོ་གྲྭའི་སྙིགས་རོ་རྒྱུག་ཆུར་གཡུགས་པ་སོགས་མཚམས་འཇོག་དང་འདོར་ལེན་དགོས་ཚུལ་གླེང་། ཚན་རིག་པ་དང་། རྒྱལ་ཁབ་ཁག་གི་མཐོ་རིམ་དབུ་ཁྲིད་ཚོས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་། ཁོར་ཡུག་སྦགས་བཙོག་ཆགས་བཞིན་པ་སོགས་གསལ་གསལ་ཐང་ཐང་ཤེས་བཞིན་ཡོད་ན་ཡང་། ནུས་པ་ལྡན་པའི་ཕྱག་ལས་ཤུགས་ཆེན་ཞིག་གནང་བར་ད་བར་ལམ་ལྷོངས་ཆེན་པོ་ཡོང་གི་མེད། དེའི་རྒྱུ་མཚན་ནི་འགྲོ་མིའི་རིགས་ཀྱི་འདོད་རྔམ་ལ་ཐུག་ཡོད་པ་སྟེ། ༢༠༡༢ ལོར་སྐྱེ་དངོས་ཚན་རིག་གི་ཟབ་སྦྱོང་ཞིག་གི་སྐབས་སུ། ནུབ་ཕྱོགས་ཀྱི་ཚན་རིག་པ་སྐོར་ཞིག་དང་དྲིས་ལན་སྐབས་ཁོང་ཚོས“སྣོད་བཅུད་ཀྱི་ནུས་ཤུགས་སྐྱེ་འཕེལ་གྱི་སྒོ་མོ་ཡོངས་རྫོགས་འགྲོ་བ་མིའི་འདོད་རྔམ་དང་ཧམ་ཤེད་ཀྱིས་རྩ་གཏོར་བཏང་བ་དང་དུས་མཚུངས་སུ། བཟོ་གྲྭ་དང་འཕྲུལ་ལས་རིག་པའི་མིའི་འདོད་རྔམ་གྱི་མེ་ལྕེ་ལ་སྐུལ་ལྕག་གིས་ནུས་ཤུགས་བསྐྲུན་ཏེ། ད་སྐབས་འགྲོ་བ་མིའི་འཚོ་རྟེན་སྣོད་ཀྱི་གོ་ལ་དང་ཁོང་ཅག་གིས་འདོད་པའི་སྲོག་ལྡན་གྱི་གོ་ལ་ཡོངས་རྫོགས་ཉམ་ཉེས་ཀྱི་ཀློང་དུ་ཚུད་ཡོད་པར་བཤད། ངས་ཁོ་ཚོར་ཡང་དང་བསྐྱར་དུ་ཅིའི་ཕྱིར་ཚན་རིག་པ་དག་གིས་ཤེས་བཞིན་དུ་འཕྲུལ་ལས་དར་སྤེལ་དང་། དེ་ལ་བརྟེན་པའི་གོ་ལ་སྦགས་བཙོག མིའི་འགྲོ་བ་དག་གི་འཚོ་གནས་གཏོར་སྐྱོན་གྱི་ལས་གཞི་འདི་ལྟར་བརྩམས་པ་རེད་དམ་ཞེས་དྲིས་པ་ཡིན། ཁོང་ཚོའི་དེ་ལ་ལན་གཅིག་རང་གཅིག་ཡོད་པ་ནི། དེ་ནི་མིའི་སེམས་ཁམས་ཀྱི་ཆོས་ཉིད་རང་བཞིན་གྱི་འདོད་རྔམ་ལ་ཐུག་ཡོད་པས་ཅི་བྱ་ཟེར། ད་གཟོད་ངེས་ཤེས་གཏིང་ཟབ་མོ་ཞིག་རྙེད་པ་ནི་མིའི་འགྲོ་བ་དག་གི་དགོས་མཁོའི་རང་བཞིན་གྱི་དོན་དངོས་ལག་ལེན་གྱི་ཁྲོད་ནས་དངོས་གཙོ་རིག་པའི་སྒྲོམ་གཞིའི་ཁ་གསབ་ཏུ་སེམས་གཤིས་རིག་པའི་གྲུབ་ཆ་དགོས་ངེས་ཡིན་པའི་གནས་ལུགས་དམར་རྗེན་རྗེན་དུ་འགྱུར་བཞིན་པ་དེའོ།།” ༡༡ ༢༠༡༢ ལོའི་ཟབ་སྦྱོང་གི་སྐབས་བྲིས་ཤིང་བོད་ཀྱི་བང་ཆེན་ཚགས་ཤོག་ཏུ་སྤེལ་བའི་ཁོ་བོའི་རྩོམ་ཡིག༼ཚན་རིག་དང་སེམས་གཤིས་ཀྱིས་གོ་ལར་སྐྲུན་པའི་འཇིག་སྔངས།༽ ཞེས་པ་ལས་དྲངས། རྩོམ་ཡིག་འདིས་བསྟན་པ་ནི་ཚན་རིག་པ་དག་ཀྱང་མིའི་འདོད་རྔམ་ལ་ཁ་གཏད་གཅོག་པའི་ནུས་པ་ཟད་དེ་ཅི་བྱ་མེད་པར་ལུས་ཡོད་པ་དེ་ཚན་རིག་པ་རང་ཉིས་ཀྱིས་བདེན་པ་དཔང་བྱས་པ་དེ་རེད། དེས་ན་ང་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡོད་པ་ནི། རྒྱུན་སྤྱོད་བྱེད་བཞིན་པའི་ལྗོན་ཤིང་འདེབས་འཛུགས་སོགས་ཀྱི་ཐབས་ལམ་རྣམས་རང་འཇགས་འཕེལ་རྒྱས་སུ་གཏོང་བ་དང་དུས་མཉམ་དུ། ནང་བསམ་བློའི་འདུ་ཤེས་འཛིན་སྟངས་ཏེ། འདོད་རྔམ་དང་། སྣོད་བཅུད་རྟེན་འབྱུང་གི་འབྲེལ་བ་ལ་ཞིབ་འཇུག་བྱས་ཤིང་། འདོད་རྔམ་ཆུང་དུ་གཏོང་བའི་སྒོ་ནས་ཁོར་ཡུག་སྲུང་རྒྱུ་དེ་ཡིན། ནང་སེམས་དང་ཕྱིའི་ཁོར་ཡུག་གི་བར་གྱི་དམིགས་བསལ་འབྲེལ་བ་ནི་ལོ་ ༢༥༠༠ བརྒྱའི་གོང་དུ་སྟོན་པ་མཆོག་གིས་གསུངས་ཤིང་། དེང་སྐབས་དཔེ་མཚོན་འདི་དག་གིས་ཀྱང་མངོན་གསལ་དུ་འགྱུར་ཡོད་པ་ནི། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གིས“གསང་སྔགས་རྒྱུད་དང་སྨན་རྩིས་གཞུང་སོགས་ལས།།ཕྱི་ཡི་སྣོད་དང་སྐྱེ་བོའི་ནང་གི་ཁམས།།ཕན་ཚུན་ཟུང་དུ་འབྲེལ་བའི་རྟེན་འབྲེལ་གཤིས།།གསུངས་པའི་བདེན་དོན་དེང་སྐབས་མྱོང་བས་གྲུབ།།”ཅེས་བསྡོམས་ཚིག་གནངས་ཡོད། ༡༢ གང་གི་གསུང་རྩོམ། ༼སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ།༽ཞེས་པ་ལས་དྲངས། དེ་བཞིན། བདག་ཉིད་ཆེན་པོ་གན་ངྒི་མཆོག་གིས་ཀྱང“འཛམ་གླིང་འདིས་མིའི་དགོས་མཁོ་སྐོང་ཐུབ་ཀྱང་། དེས་མིའི་འདོད་རྔམ་སྐོང་མི་ཐུབ”ཅེས་བསྡོམས་ཚིག་བླ་ན་མེད་པ་ཞིག་བརྒྱབས་ཡོད། ༡༣ ཁོང་གི་ལེགས་བཤད་ཟུར་འདོན་བྱས་པའི་དེབ་ཆུང་ཞིག་ལས་དྲངས། གནས་ལུགས་དང་རྒྱུ་མཚན། འོས་བབ་བཅས་ཀྱིས་ཕྱུག་པའི་ལམ་སྟོན་འདི་ལ་སོགས་པ་ཡོད་བཞིན་དུ། ད་དུང་དེར་མི་འཇུག་པ་ནི་བླུན་པོའི་ཚུལ་ལགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འདིར་ཅིས་ཀྱང་འཇུག་དགོས།
༢༠༡༦/༩/༢/ བོད་ལྗོངས་མང་གཙོའི་དུས་ཆེན་ཉིན་མཇུག་རྫོགས་པར་བྲིས།