སྐུ་འགྲན་བྲལ་གྱི་དེད་དཔོན་དམ་པ། གསུང་འཚེ་མེད་ཀྱི་ཞི་བའི་ལམ་སྟོན། ཐུགས་བྱང་བགྲོད་ཀྱི་སངས་རྒྱས་རློན་པ། ཤར་ཀློང་ཆེན་པའི་རྒྱལ་སྲས་ངོ་མ། ཡབ་ཁྱུང་ཆེན་གྱི་བུ་རྒྱུད་དག་མ། འཁོར་སློབ་ཚོགས་ཀྱི་དད་པའི་སྟོན་པ། སྡེ་འབངས་མི་ཚོའི་སེམས་ཀྱི་ཁེན་ས། དགོན་གྲྭ་མང་ཚོའི་ཐུགས་ཆགས་བརྟེན་ས། བོད་སིལ་ཆད་ཀྱི་མཛངས་མི་དང་པོ། གཞུང་བརྡ་སྤྲོད་ཀྱི་སྐད་གཉིས་སྨྲ་བ། བོད་ཕྱི་རབས་པའི་མིག་ལྟོས་དམ་པ། ས་མཐོ་སྒང་གི་རེ་བའི་སྐར་ཆེན། ཡུལ་གདོང་དམར་པའི་དབུ་ཁྲིད་བཟང་པོ། རི་ཧི་མ་ལའི་རྒོད་པོ་གཤོག་ཐོགས། བྱང་ཤམ་བྷ་ལའི་འཕགས་མཆོག་གསོན་པོ། ཨེ་མ་དེ་བས་ཀྱང་ཡིད་དགའ་བའི་ཁྱད་མཚར་གྱི་ཤོག་ལྷེ་ཞིག་དང་སེམས་སྤྲོ་བའི་དད་འདུན་གྱི་མེ་ཏོག་ཅིག་ནི། ཉེར་གཅིག་དུས་རབས་ཀྱི་བག་གསར་མགྲོན་དུ་འོང་ཞིང་ཚན་རྩལ་རིག་གནས་ཀྱི་ལག་ཟུང་དར་གྱིས་བརྐྱངས་ཏེ། འཛམ་གླིང་ཤར་ནུབ་གྱིས་རྐན་སྒྲ་ཐག་ཐག་བྱེད་དུས། གང་གིས་འཕྲིན་ལས་ཀྱི་དུས་བབས་ཆེན་པོས། བྱིན་རླབས་ཀྱི་ཟེགས་མ་རེ་དང་བྱམས་བརྩེ་ཡི་བདེན་པ་རེ་རེས་མུན་ནག་གི་དུར་ཐང་ཡངས་བར་བྱས་ཤིང་། མཚུངས་བྲལ་གྱི་མཛད་པ་རེ་དང་ཚད་གྲུབ་གྱི་བདེན་གསུང་རེ་རེས། འཇིག་རྟེན་གྱི་རྨོངས་པ་སད་པར་བྱས། ཀྱེ བོད་གངས་ཅན་གྱི་གཅེས་ཕྲུག་རྣམ་པས་ལྟོས་དང་། ཞི་དུལ་གྱི་རྣམ་པ། སྒོ་གསུམ་གྱི་རང་ཚུགས། གཞུང་དྲང་གི་གཤིས་ཀ ཡ་རབས་ཀྱི་ཀུན་སྤྱོད། ད་དུང་དཔྱོད་ཤེས་ཀྱི་བློ་མིག་དང་གཞན་ཕན་གྱི་ཐུགས་བསྐྱེད་སོགས་མ་བཅོས་རང་བྱུང་གི་མཚན་བཟང་ནབ་པ་ནི། གངས་ཅན་པ་སྨྲ་བའི་དབང་ཕྱུག་རེད། ཀྱེ རི་མཐོ་སྒང་གི་གཞོན་ནུ་རྣམ་པས་ཉོན་དང་། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་བློ་དང་འཕྲོད་པ། ལྷ་ཆོས་ཀྱི་གཞུང་ལ་རན་ཞིང་མི་ཆོས་ཀྱི་ལུས་དང་འཚམ་པ། རྩ་ཁྲིམས་ཀྱི་གནད་དང་མཐུན་ཞིང་འཚོ་གནས་ཀྱི་བབས་དང་འགྲིག་པའི་དུས་བབས་ཀྱི་ཁ་ཏ་གསུང་མཁན་དང་སྐབས་བབས་ཀྱི་ཕྱག་ལས་གནང་མཁན་ནི། རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་རེད། ཁྱེད་ནི་གནའ་དེང་གཞུང་ལུགས་ལ་མཁྱེན་རྩལ་འབར་བའི་ཐུབ་པ་ཞིག ཁྱེད་ནི་སྔོན་དཔྱོད་རྗེས་དཔག་ལ་བློ་གྲོས་ཡངས་པའི་མཁས་པ་ཞིག ཁྱེད་ནི་ཤཱཀྱའི་འདུལ་གཞུང་ལ་དང་བ་ཐོབ་པའི་ཆོས་པ་ཞིག ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པ་མེད་པའི་སྐྱེས་བུ་ཞིག ཁྱེད་ནི་རྒྱགས་པ་ཆུང་ཞིང་དམན་ས་འཛིན་པའི་ཕལ་བ་ཞིག ཁྱེད་ནི་མཐའ་གཉིས་སྤངས་ཤིང་དབུས་ལ་དགྱེས་པའི་བཤེས་གཉེན་ཞིག ཁྱེད་ནི་ལུས་སེམས་གཙང་ལ་ལང་ཚོ་རྒྱས་པའི་སྐྱེ་ཡག་ཅིག ཁྱེད་ནི་དམ་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་ལུང་ཟིན་གྱི་སྐྱེས་བུ་ཞིག ཁྱེད་ནི་བླ་མ་ཡིས་རྒྱལ་སར་བཀོད་པའི་ཚབ་མཚོན་གྱི་མི་སྣ་ཞིག ཁྱེད་ནི་མུན་ནག་གི་ཁོར་ཡུག་སྣང་བའི་འོད་དཀར་གྱི་སྒྲོན་མེ་ཞིག ཁྱེད་ནི་ཚན་རྩལ་གྱི་ཀོང་ཇོ་བསུ་བའི་མཐོ་སྒང་གི་རྫི་བོ་ཞིག ཁྱེད་ཀྱི་སེམས་འགུལ་རང་བྱུང་གི་སློབ་གསོ་རེ་རེ་ནི་རྣ་བ་ལ་སྙན་འཇེབས་སྟེར་བའི་ཚངས་པའི་གླུ། ཡང་ན་དྲི་ཟའི་ངག སེམས་ཁུངས་ལ་བདེ་སྐྱིད་སྩོལ་བའི། དགེ་བའི་གཏམ། ཡང་ན་འདུན་པའི་ཚིག ཀྱེ གང་ལྟར་ཁྱེད་ནི་རང་བཞིན་གྱི་མཁས་པ་དཀྱུས་མ་ཞིག་ནི་མ་ཡིན་ཏེ་འགྱུར་མེད་ཀྱི་སྙིང་སྟོབས། ཞུམ་མེད་ཀྱི་སྤོབས་པ། ཉམས་མེད་ཀྱི་འཕྲིན་ལས། བླ་མེད་ཀྱི་མཁྱེན་པ། འགྲན་མེད་ཀྱི་ལྗགས་རྩལ། རང་སྲུང་གི་ཐབས་ཇུས། འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན། མདོར་ན། ཁྱེད་ཀྱི་སྐུ་ཚེ་ཡི་དུས་ཡུན་ནང་ལ་གངས་ཅན་པའི་དར་རྒུད་འདུས་ཡོད། ཁྱེད་ཀྱི་རྣམ་ཐར་གྱི་ཤོག་ལྷེའི་ངོས་ན་གདོང་དམར་པའི་འཕེལ་འགྲིབ་འཁོད་ཡོད། ཁྱེད་ཀྱིས་མཛད་པ་ཡི་འཕྲིན་ལས་དཀར་པོས། ང་ཚོ་ལ་རྒྱལ་ཁ་དང་གཟི་བརྗིད་གནང་ཡོད། ཁྱེད་ཀྱིས་བཀའ་སློབ་གྱི་ཞལ་ཏ་སྙན་མོས། ང་ཚོ་ལ་སྐུལ་མ་དང་སྙིང་སྟོབས་བསྩལ་ཡོད། ཁྱེད་ཀྱིས་ཐུགས་རྗེ་དང་བརྩེ་བ་ཟབ་མོས། ང་ཚོ་ལ་བདེ་སྐྱིད་དང་དགོད་སྒྲ་གནང་ཡོད། དེའི་ཕྱིར་ང་ཚོ་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་བསྐྱོད་ན་འདོད། དེ་ཕྱིར་ང་ཚོ་ནི་ཁྱེད་ཀྱི་གམ་ལ་གཅར་ནས་འདུག་ན་འདོད། ཀྱེ མི་དབང་གི་གདུང་འཚོབ། ཤམ་བྷ་ལའི་རྒྱལ་སྲས། ཁྱེད་མེད་ན་འགོས་ཁྱབ་རང་བཞིན་གྱི་ཨེ་ཛི་ལ་ཉེན་བརྡ་ཇི་ལྟར་གཏོང་། ཚེ་སྲོག་ཀུན་འཇོམས་ཀྱི་ནད་ཡམས་ལ་བཀག་རྒྱ་ཇི་ལྟར་བྱེད། ངེས་དོན་གྱི་མ་ཧ་པཎྜི་ཏ། ཁྱེད་མེད་ན་སྐད་ཡིག་གི་ཚེ་སྲོག བརྡ་སྤྲོད་ཀྱི་རྨང་གཞི། རྒྱུན་བཀོལ་གྱི་ཐ་སྙད་སོགས་ཟུངས་ཟད་ཀྱི་ནད་པ་བཞིན་འཆི་ལ་ཉེ། སྣུམ་ཟད་ཀྱི་མར་མེ་བཞིན་གཟིམ་ལ་ཉེ། མཚུངས་བྲལ་གྱི་སྐྱབས་མགོན་ཆེན་པོ། ཁྱེད་ཀྱིས་ཤར་ནུབ་གྱི་རྣམ་བཞག རིག་གཞུང་གི་སྐྱེ་འཆི། གནང་བཀག་གི་བསླབ་བྱ། བདེ་ཐང་གི་མཛུབ་ཁྲིད། ཚེ་ཐར་གྱི་ཕན་ཡོན། སྲོག་སླུ་ཡི་དགེ་མཚན་སོགས་དགོས་གལ་རང་བཞིན་གྱི་བཀའ་སློབ་བསྩལ། བདེན་པ་ར་སྤྲོད་ཀྱི་གོ་བ་གནང་། གནས་ལུགས་ངོ་སྤྲད་ཀྱི་གདམས་པ་སྩལ་། གནའ་དེང་གི་སློབ་དཔོན་ཆེན་པོ། ཁྱེད་མེད་ན་དྭངས་གཙང་གི་ཕ་སྐད་གང་ནས་འཚེར། སྦྲགས་སྐད་ཀྱི་བསྟན་པ་ཅི་ལྟར་བསྣུབས། དགེ་བཅུ་ཡི་མཚན་སྙན་གང་ནས་ཡོང་། དཀར་ཟས་ཀྱི་གྲུབ་མཐའ་གང་ནས་དར། དམར་ཟས་ཀྱིས་ངན་གཤིས་ཇི་ལྟར་སྤངས། མདོར་ན་ཁྱེད་ཀྱིས་རྣམ་དཀར་གྱི་མཛད་རྗེས་དང་རླབས་ཆེན་གྱི་འཕྲིན་ལས་ནི་རྩིས་མཐའ་ཡས་པའི་དུང་མདོག་གི་སྐར་ཚོམ་བཞིན། གུས་པ་ངས་ཆ་ཡི་ཆ་ཤས་ཙམ་ཡང་གཞལ་ག་ལ་ཐུབ། གང་ལྟར་སྔ་འགྱུར་པའི་བསྟན་པའི་མངའ་བདག ཁྱེད་མེད་ན་ཕ་ཤུལ་སུ་ཡིས་འཛིན། ཕ་མཁར་སུ་ཡིས་སྐྱོང་། ཕ་གཞིས་སུ་ལ་བཅོལ། དེ་ཕྱིར་ས་སྒང་སྤྱི་དང་ཁྱད་པར་གངས་ཅན་པའི་བསོད་ནམས་ཀྱི་སླད་དུ་སྐུ་ཚེ་བསྐལ་བརྒྱའི་བར་དུ་འཚོ་ཞིང་བཞུགས་ཏེ་དགོངས་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་བ་དང་བཅས།། །།མཁྱེན་དཔྱོད་ཡངས་པ་ནམ་མཁའི་མཐའ་དང་མཉམ།།ཐབས་དང་ཤེས་རབ་ཉི་ཟླ་ཟུང་གཅིག་ལ།།མཛངས་པ་རྒྱུ་སྐར་དབུས་ཀྱི་ཐོ་རེངས་སྐར།།མཁས་པ་གཞན་རྣམས་སྲིན་བུ་མེ་ཁྱེར་འདྲ།།རྩོམ་པ་པོ། རྫ་པདྨ་དབང་རྒྱལ།
སློབ་དཔོན་ཐུ་མི་སམ་བྷོ་ཊ།
བོད་ཀྱི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་སློབ་དཔོན་ཐུ་མི་སམ་བྷོ་ཊ་ནི། སྤྱི་ལོའི་དུས་རབས་བདུན་པའི་༼༦༡༧༽ནང་ཐོན་ལུག་ར་ཁ་བར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏ་བྱ་བའི་སྲས་སུ་འཁྲུངས། ཆོས་འབྱུང་ཁ་ཤས་སུ་ཡུལ་དང་ཡབ་ཀྱི་མཚན་མི་འདྲ་བ་ཡང་བྱུང༌།