དེ་རིང་རེས་གཟའ་ཕུར་བུ་ཕྱི་ལོ་༢༠༢༢ ཟླ་བ་༨ ཚེས་༤ ཉིན་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་དང་སྐབས་༡༥ པའི་རྒྱུན་ལས་བར་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་ཞིག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ནང་འཚོགས་གནང་ཡོད། ཆེད་གཉེར་གདན་ཞུས་རྩིས་དཔང་དུ་ཚོགས་ཟུར་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག དེ་བཞིན་སྐུ་ངོ་བློ་བཟང་གྲགས་པ་མཆོག་བཅས་ ཆེད་ཕེབས་གནང་ཡོད། དེ་ཡང་ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ངོས་ནས་ལས་ཡུན་ལོ་གཅིག་རིང་དམིགས་བསལ་ཁམས་པའི་སྨྱུག་ཚོགས་དང་འབྲེལ་བའི་གལ་ཆེའི་ལས་དོན་ཁག་དང་འབྲེལ་བའི་ལས་བསྡོམས་དང་རྩིས་ཁྲ། དེ་བཞིན་སྐབས་ཁམས་པའི་སྨྱུག་ཚོགས་༡༤ པར་ཚོགས་དངུལ་བྱུང་བའི་རྩིས་ཐོ། ཁམས་པའི་སྨྱུག་ཚོགས་ཀྱི་མ་དངུལ།ཁམས་པའི་སྨྱུག་ཚོགས་ཀྱི་སྒྲིག་གཞི། ཁམས་པའི་སྨྱུག་ཚོགས་ཁྲིམས་མཐུན་དེབ་སྐྱེལ་གྱི་ཡིག་ཆ་ཚང་། ཁམས་པའི་སྨྱག་ཚོགས་ཀྱི་ལས་ཤོག་དང་ལས་ཐམ། ཁམས་པའི་སྨྱུག་ཚོགས་ཀྱི་དྲ་ཚིགས་དང་ངོས་དེབ། མྱུར་འཕྲིན་སོགས་ཀྱི་ཁ་བྱང་དང་གསང་ཚིག ཁམས་པའི་སྨྱུག་ཚོགས་ཀྱི་དུས་དེབ་འབྲི་ཆུ་འདོན་ཐེངས་བཞི་པ་དང་ལྔ་པ་གཉིས་ཀྱི་ལྷག་འཕྲོ་བཅས་ཁམས་པའི་སྨྱུག་ཚོགས་ལ་གང་ཡོད་པའི་ཁར་དབང་ཡོངས་རྩིས་སྤྲད་རྩིས་ལེན་ཁམས་གཙང་ཕུགས་འཕེལ་བྱུང་ཡོད་པ་རེད།
ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཐུན་མོང་གིས་ཕྱི་ལོ་༢༠༢༢ ཟླ་བ་༨ ཚེས་༤ ཉིན་ཕུལ།