ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་རྣམ་ཐར་ཆེན་མོའི་ངོ་སྤྲོད་མདོར་བསྡུས།མཁན་པོ་ཚུལ་ཁྲིམས་བློ་གྲོས། འཇིགས་མེད་སྟོབས་བཅུའི་མངའ་བདག་ཆོས་ཀྱི་རྗེ། །ཕུན་ཚོགས་ཕྲིན་ལས་སྙིགས་དུས་འགྲོ་བའི་མགོན། །འདི་ཕྱིའི་ལེགས་དགུའི་འབྱུང་གནས་ཡིད་བཞིན་ནོར། །དྲིན་ཅན་བླ་མས་ཚེ་རབས་ཕྲེང་བར་སྐྱོངས། །དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་པ་མེད་པ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ ྋ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཞབས་ཀྱིས་རབ་འབྱམས་ཞིང་གི་གདུལ་བྱ་སྣ་ཚོགས་པའི་སྣང་ངོར་ཕྲིན་ལས་ཀྱི་རོལ་བ་བསམ་གྱིས་མི་ཁྱབ་པ་ཞིག་མཛད་པ་ནི་སུས་ཀྱང་བརྗོད་པའི་རྔོ་མི་ཐོགས་མོད། ད་རེས་ཀྱི་སྐབས་སུ་བབ་པ་སྐལ་བཟང་གི་སློབ་མ་ཁོ་བོ་ཅག་གི་བསོད་ནམས་ཀྱི་དཔལ་དུ་སྤྲུལ་བའི་ཟློས་གར་ཡུད་ཙམ་ཞིག་སྣང་བར་མཛད་པའི་རྣམ་པར་ཐར་བ་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡིད་དགའ་བ་འབུམ་གྱིས་འགེངས་པར་བྱེད་ཅིང་། ས་ལྒང་གི་ཤར་ནུབ་ཡོངས་ན་གནས་པའི་སློབ་ཚོགས་མཐའ་དག་གི་སེམས་སུ་ནམ་ཡང་ཡལ་དུ་མེད་པའི་དད་གདུང་གི་རླབས་ཤུགས་དྲག་པོའི་འབྱུང་གནས་སུ་གྱུར་ལ། མ་འོངས་པའི་སྐལ་ལྡན་གྱི་སྐྱེ་བོ་བགྲང་དུ་མེད་པ་ཞིག་གི་སེམས་ཀྱི་གསོས་སྨན་རྨད་དུ་བྱུང་བ་ཞིག་ཏུ་གནས་པ་གོར་མ་ཆག་པའི་ཕྱིར་ན། རྣམ་པར་ཐར་བའི་ལོ་རྒྱུས་ཡི་གེར་འགོད་པ་འདི་ཅིས་ཀྱང་དགོས་པའི་བགྱི་བ་གལ་ཆེན་པོ་ཞིག་ཏུ་གྱུར་ཏོ།།དེ་ཡང་ ྋ ཆོས་རྗེ་ཡིད་བཞིན་ནོར་བུ་བཀའ་དྲིན་ཅན་ཞལ་བཞུགས་པའི་སྐབས་སུ་ཁོ་བོ་ཅག་གུས་སློབ་ཉུང་ཤས་ཤིག་གིས་བྲིས་པའི་རྣམ་ཐར་ཞིག་བཞུགས་པ་ནི། སྒྲོ་སྐུར་དང་བྲལ་བའི་དོན་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་བརྗོད་པ་ཞིག་ཡིན་ན་ཡང་། ནང་དོན་བསྡུས་དྲགས་ལ་ཁ་ཡང་མི་ཚང་པས་ཀུན་གྱི་ཐུགས་བཞེད་སྐོང་བར་མི་ནུས། དེས་ན་རྣམ་ཐར་རྒྱས་པ་ཁ་ཚང་བ་ཞིག་དགོས་པར་སློབ་ཚོགས་ཐམས་ཅད་ལ་ཐུགས་རེ་ཤིན་ཏུ་ཆེ་ཞིང་། དེ་ཡང་ཆོས་ཀྱི་མཆེད་པོ་སྤྲུལ་བསྟན་འཛིན་རྒྱ་མཚོས་ཕྱག་བྲིས་གནང་ན་དོན་ལ་གནས་ཤིང་བློ་ལ་འཚམ་པ་ཞིག་འོང་བར་ངེས་པས་ཆོས་གྲོགས་འགའ་རེས་ཁོང་ལ་རྩོམ་སྐུལ་མཛད། ཁོ་བོས་ཀྱང་ཐེངས་ཁ་ཤས་ཞུས། སྐབས་དེར་འཕྲལ་དུ་ཞལ་བཞེས་མ་མཛད་དེ། མཁན་སྤྲུལ་གཞན་ཞིག་གིས་བྲིས་ན་བཟང་ཚུལ་གྱི་ཁེངས་སྐྱུང་གནང་ན་ཡང་ཕྱིས་སུ་ཕྱག་ལས་ཀྱི་དབུ་བཙུགས། རྡོ་རྗེ་མཆེད་ལྕམ་དང་ཡུལ་མི་རྒན་རབས་པ་མང་པོ་མཉམ་ཞུགས་བྱས། ཉག་རྩྭ་ར་དགོན་རོང་ཆེན་སྐལ་བཟང་དབང་འདུས་ཀྱིས་རྒྱུ་ཆ་བསྡུ་བ་སོགས་ཀྱི་གྲོགས་དན་བྱས་པ་ལ་བརྟེན་ནས། ྋ ངེས་དོན་བསྟན་པའི་གསལ་བྱེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པར་བཀོད་པ་ཆོས་བཟང་ལྷའི་དུནྡུ་བྷིཿཞེས་བྱ་བ་འདི་ད་ལམ་ལེགས་གྲུབ་བྱུང་ངོ་། །རྣམ་ཐར་འདིའི་ནང་དུ་ ྋ ཆོས་རྗེ་ཡིད་བཞིན་ནོར་བུའི་མཛད་ཕྲིན་སྐྱེ་བོ་ཡོངས་ལ་མཐུན་སྣང་དུ་བྱུང་བ་རྣམས་ལས་མང་རབ་ཅིག་འདུས་འདུག་པས་དོན་རྒྱས་ཤིང་། ཐ་མའི་མཛད་པ་ཡན་ཆད་ཡོད་པས་ཁ་ཚང་བ་དང་། དེར་མ་ཟད་གསུང་འཕྲོས་སུ་སྩལ་བའི་ཞལ་གདམས་གལ་ཆེན་ད་སྔོན་ཡི་གེར་མ་འཁོད་པ་དུ་མ་ཞིག་ཀྱང་བསྡུས་འདུག་ལ། དེ་དག་ཐམས་ཅད་སྒྲོ་སྐུར་སྤངས་ཏེ་ཡིད་རྟོན་ཕེར་ངེས་སུ་མཛད་སྣང་བས་བརྗོད་བྱ་ཕུན་སུམ་ཚོགས་པ་དང་། རྗོད་བྱེད་ཀྱི་ཚིག་རྒྱས་ལ་མ་ཉོག་པའི་སྒྲོས་གཙང་བ་དང་། སྐྱེ་བོ་མཆོག་དམན་ཀུན་གྱིས་གོ་སླ་བའི་ཞལ་གསལ་བ་བཅས་ཀྱི་ཁྱད་ཆོས་དང་ལྡན་པས་ཁོ་བོ་ཅག་སློབ་ཚོགས་ཡོངས་དང་དད་ལྡན་གྱི་སྐྱེ་བོ་རྣམས་ལ་གསེར་སྲང་སྟོང་ལས་ལྷག་པའི་མོས་གུས་ཀྱི་རྟེན་ཁྱད་པར་ཅན་དུ་གྲུབ་བོ། །དེ་ལྟ་བས་ན་རྣམ་ཐར་རྩོམ་སྒྲིག་གི་བགྱི་བ་ལ་ཞུགས་པའི་རྡོ་རྗེ་མཆེད་ལྕམ་རྣམས་དང་ཡུལ་མི་བཅས་ལ་རང་ཅག་སློབ་ཚོགས་ཐམས་ཅད་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞིང་། སླད་མར་འབྱུང་བའི་སྐྱེ་བོ་དག་གིས་ཀྱང་རྣམ་ཐར་གྱི་ཡི་གེ་འདི་ལས་ ྋ མཚུངས་མེད་བླ་མ་ཡིད་བཞིན་ནོར་བུ་རྫོགས་པའི་སངས་རྒྱས་མིའི་གཟུགས་སུ་བྱོན་པ་དང་། ཁྱད་པར་དུ་སྙིགས་དུས་ཀྱི་བསྟན་དང་འགྲོ་བའི་དེད་དཔོན་མཆོག་ཏུ་ངེས་པ་གཏིང་ནས་ཐོབ་སྟེ་ཡིད་ཆེས་ཀྱི་དད་པ་རྙེད་ལ། དེའི་མཐུས་བླ་མའི་བྱིན་རླབས་སེམས་ལ་ཞུགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་པར་གདོན་མི་ཟ་བས་མཇལ་ཀློག་ཅི་ནུས་སུ་གནང་བར་ཞུ་བ་ལགས་སོ། །ཞེས་ལོ་འཁོར་ཉི་ཤུ་ཐམ་པའི་རིང་ལ་ ྋ ཆོས་རྗེ་ཡིད་བཞིན་ནོར་བུ་བཀའ་དྲིན་ཅན་གྱི་ཞབས་ཀྱི་རྡུལ་དྲི་མ་མེད་པ་སྤྱི་བོར་ལེན་པའི་རྫོགས་ལྡན་གྱི་སྐལ་བ་བཟང་པོ་ཐོབ་པའི་གུས་སློབ་ཚུལ་ཁྲིམས་བློ་གྲོས་ཀྱིས་རབ་གནས་མེ་བྱ་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས ༢༢ ལྷ་བབས་དུས་ཆེན་ཉིན་བྲིས་པའོ།། །།
མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་འབུམ་སྐོར།
མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་གི་གསུང་འབུམ་བོད་སྡེ་དགེ་རྫོང་གསར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་ཕྱོགས་བསྒྲིགས་དང་ཁྱབ་སྤེལ་བྱས། མཛད་པ་པོ་ངོ་སྤྲོད་མདོར་བསྡུས།