Friday, March 6, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

དཔལ་རྒྱལ་དབང་ཀརྨ་པ་ན་རིམ་གྱི་མཚན་ཙམ་སྨོས་པ།།

April 18, 2022
in མི་སྣ་ངོ་སྤྲོད།
0
khampa writers


​​​​​
​​​​​ཀ༽
རྒྱལ་ཀུན་སྙིང་རྗེའི་ངོ་བོ་སྤྱན་རས་གཟིགས།།
གཟིགས་པ་དུས་ལས་མི་གཡོལ་འཕྲིན་ལས་ལྷ།།
ལྷ་གཅིག་འགྲོ་བའི་སྐྱབས་མགོན་ཀརྨ་པ།།
པ་བ་སངས་དང་གསེར་རིའི་ཕྲེང་བ་ལྟར།།
ལྟར་མི་བཟོད་པ་རིམ་བྱོན་ཕྱག་གི་ཡུལ།།
​​​​​1༽
གསར་རྙིང་ཆོས་ཚུལ་ཀུན་ལ་མཁས་པར་སྦྱངས།།
སྟོད་སྨད་སྦས་གནས་རྣམས་སུ་སྒྲུབ་མཐར་ཕྱིན།།
བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀཾ་ཚང་སྲོལ།།
བཏོད་མཛད་རྩ་རླུང་དབང་འབྱོར་ཀརྨ་པ།
དུས་གསུམ་མཁྱེན་པའི་ཞབས་(1110–1193)ལ་གསོལ་བ་འདེབས།།
​​​​2༽
རྒྱལ་པོའི་རིགས་འཁྲུངས་རྒྱལ་པོའི་དབུ་བླར་བྱོན།།
མེ་མཚོན་དུག་སོགས་བྱམས་པའི་སྟོབས་ཀྱིས་བཅོམ།།
ཡིག་དྲུག་མ་ཎིའི་སྒྲ་དབྱངས་ཕྱོགས་བཅུར་བསྒྲགས།།
འཛམ་གླིང་སྤྲུལ་སྐུའི་ཐོག་མ་ཀརྨ་པ།།
པཀྵི་ཆོས་ཀྱི་བླ་མར་(1204–1283)གསོལ་བ་འདེབས།།
​​​​3༽
གོང་མ་རྒྱལ་ཐོག་གཉིས་ཀྱི་དབུ་བླ་གནང་།།
ཉམ་ཐག་དམག་དང་མུ་གེའི་འཇིགས་ལས་བསྐྱབས།།
བདེན་པའི་སྟོབས་ཀྱིས་མེ་ཆུའི་གནོད་པ་བཟློགས།
གཙུག་ལག་རྩིས་ལ་མཁས་པའི་ཀརྨ་པ།།
རང་བྱུང་རྡོ་རྗེའི་ཞབས་(1284–1339)ལ་གསོལ་བ་འདེབས།།
​​​​4༽
རྒྱ་ནག་ཡུལ་དུ་གོང་མའི་མཆོད་གནས་གནང་།།
ཙོང་ཁའི་ཡུལ་ནས་དམ་པའི་གཙུག་ཕུད་བཞེས།།
བོད་ཡུལ་སྡེ་འཁྲུག་གསེར་སྲང་སྟོང་གིས་བསྡུམས།།
ཚུལ་ཁྲིམས་དྲི་ངད་ལྡང་བའི་ཀརྨ་པ།།
རོལ་པའི་རྡོ་རྗེའི་ཞབས་(1340–1383)ལ་གསོལ་བ་འདེབས།།
​​​​5༽
བསྟན་འགྲོའི་དོན་དུ་གོང་མའི་དབུ་བླར་ཕེབས།།
མཉན་ཡོད་ཆོ་འཕྲུལ་དང་མཚུངས་ངོ་མཚར་བསྟན།།
ལྷར་བཅས་འགྲོ་བའི་བསོད་ནམས་མཆོད་སྡོང་ཆེ།།
ཁྲོ་བ་གཏན་སྤངས་མཛད་པའི་ཀརྨ་པ།།
དེ་བཞིན་གཤེགས་པའི་ཞབས་(1384–1415)ལ་གསོལ་བ་འདེབས།།
​​​​6༽
གདུག་ཅན་འདུལ་ལ་དྲག་པོའི་ལས་སྦྱོར་མཛད།།
རིགས་ལྡན་གྲོགས་མཛད་ཀླ་ཀློ་འདུལ་བར་བཞེད།།
ལྷ་མིའི་ཡོན་གནས་དམ་པར་མཁས་པས་བསྔགས།།
སངས་རྒྱས་ཐམས་ཅད་འདུས་པའི་ཀརྨ་པ།།
མཐོང་བ་དོན་ལྡན་ཞབས་(1416–1453)ལ་གསོལ་བ་འདེབས།།
​​​​7༽
རྒྱ་འཇང་ཧོར་གྱི་གོང་མས་ཞབས་ནས་བཏེགས།།
ས་སྐྱོང་དོན་ཡོད་རྡོ་རྗེའི་གཙུག་གིས་མཆོད།།
སྒར་ཆེན་འཛམ་གླིང་རྒྱན་གྱི་སྒྲིག་བཀོད་མཛད།།
ཚད་མའི་གཞུང་ལ་མཁས་པའི་ཀརྨ་པ།།
ཆོས་གྲགས་རྒྱ་མཚོའི་ཞབས་(1454–1506)ལ་གསོལ་བ་འདེབས།།
​​​​8༽
གོང་མའི་གདན་ཞུ་ལམ་ཟུར་རྩྭ་ལྟར་དོར།།
སྒར་པའི་འདུ་འཛི་ཆུ་ནང་ཟླ་ལྟར་གཟིགས།།
མདོ་སྔགས་ལེགས་བཤད་པོ་ཏི་སུམ་ཅུ་མཛད།།
མཁས་སྙན་ས་གསུམ་ཁྱབ་པའི་ཀརྨ་པ།།
མི་བསྐྱོད་རྡོ་རྗེའི་ཞབས་(1507–1554)ལ་གསོལ་བ་འདེབས།།
​​​​9༽
རྒྱ་འཇང་ཧོར་གྱིས་འབུལ་བ་རིང་ནས་བསྟབས།།
བེ་གཙང་གཉིས་སོགས་ཆེ་རྒུས་མཐའ་ནས་བསྐོར།།
ཆོས་བརྒྱུད་འཆམ་མཐུན་འོ་ཆུའི་མཛད་པ་བསྐྱངས།།
ཐབས་མཁས་ཐུགས་རྗེ་མངའ་བའི་ཀརྨ་པ།།
དབང་ཕྱུག་རྗོ་རྗེའི་ཞབས་(1556–1603)ལ་གསོལ་བ་འདེབས།།
​​​​10༽
རིག་གནས་སྤྱི་དང་ཕྱག་རིས་སྒྱུ་རྩལ་འབྱོངས།།
འཁོན་དང་ཁྲོ་བ་སྤངས་ནས་གཞན་ཡུལ་བྱོལ།།
འཇང་དམག་བོད་ལ་མ་བཏང་བཀག་པ་གནང་།།
ནམ་ཡང་ཞི་བར་གནས་པའི་ཀརྨ་པ།།
ཆོས་དབྱིངས་རྡོ་རྗེའི་ཞབས་(1604–1674)ལ་གསོལ་བ་འདེབས།།
​​​​11༽
གོང་ས་ལྔ་པས་བཀུར་བཟོས་བདག་རྐྱེན་མཛད།།
སངས་རྒྱས་རྒྱ་མཚོས་རིགས་ཀྱི་དབུ་བླར་བསྟེན།།
བཀའ་རྙིང་ཟུང་གི་གདམས་པའི་མཛོད་ཆེན་པོ།།
ཀར་བསྟན་མེ་རོ་གསོ་མཛད་ཀརྨ་པ།།
ཡེ་ཤེས་རྡོ་རྗེའི་ཞབས་(1676–1702)ལ་གསོལ་བ་འདེབས།།
​​​​12༽
དཀར་ནག་རྒྱ་དང་བལ་ཡུལ་ཞབས་ཀྱིས་བཅགས།།
གློ་དང་ཡམ་བུ་རྒྱལ་པོས་བཀུར་བཟོས་ཟབ།།
ཇུན་གར་དམག་ཀྱང་དད་པའི་སྤུ་ལོང་གཡོས།།
མཐོང་ན་མི་མཐུན་མེད་པའི་ཀརྨ་པ།།
བྱང་ཆུབ་རྡོ་རྗེའི་ཞབས་(1703–1732)ལ་གསོལ་བ་འདེབས།།
​​​​13༽
གཙུག་ལག་ཁང་དུ་ཆུ་ཡི་གནོད་པ་བཟློགས།།
སྤྲང་ལ་གསེར་འགྱེད་དམན་ལ་ལྷག་པར་བརྩེ།།
གང་བཞུགས་ཁྲ་དང་བྱི་ལས་འཚེ་བ་སྤངས།།
བྱང་སེམས་ཐུགས་ལ་འཁྲུངས་པའི་ཀརྨ་པ།།
བདུད་འདུལ་རྡོ་རྗེའི་ཞབས་(1733–1797)ལ་གསོལ་བ་འདེབས།།
​​​​14༽
འཁྲུངས་མ་ཐག་ནས་སྐྱིལ་ཀྲུང་མཉམ་གཞག་མཛད།།
ཆུང་ངུའི་དུས་ནས་རིག་གནས་ཀུན་ལ་མཁས།།
ས་ཟླའི་ཚེས་བཅུ་སྒྲུབ་ཆེན་གར་འཆམ་མཛད།།
འབྲེལ་ཚད་དོན་ལྡན་མཛད་པའི་ཀརྨ་པ།།
ཐེག་མཆོག་རྡོ་རྗེའི་ཞབས་(1798–1868)ལ་གསོལ་བ་འདེབས།།
​​​​15༽
རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོས་གཟིགས་པ་ཆེ།།
མཐུ་སྟོབས་ནུས་པས་བསྟན་སྲིད་བདེ་བར་མཛད།།
ཀར་འབྲུག་བསྟན་ལར་ཆིག་དྲིལ་གནད་དུ་འཛིན།།
ས་ལམ་གཅིག་ཆར་རྫོགས་མཛད་ཀརྨ་པ།
མཁའ་ཁྱབ་རྡོ་རྗེའི་ཞབས་(1871–1922)ལ་གསོལ་བ་འདེབས།།
​​​​16༽
གློ་འབྲས་བལ་འབྲུག་རྣམས་སུ་ཐེངས་མང་གདན།།
ལྷན་བཅར་དཀར་ནག་རྒྱ་ལ་གཟིགས་སྐོར་མཛད།།
མཐའ་མ་འབྲས་མོ་ལྗོངས་སུ་གཞིས་ཕབ་ནས།།
རྒྱལ་བསྟན་ནུབ་ཕྱོགས་འདྲེན་མཛད་ཀརྨ་པ།།
རང་བྱུང་རིག་པའི་རྡོ་རྗེར་(1924–1981)གསོལ་བ་འདེབས།།
​​​​17༽
འཛམ་གླིང་གོ་ལ་ཟླུམ་པོ་བརྩེ་བས་བཅིངས།
ཚན་རྩལ་འཕྲུལ་གྱིས་དམ་ཆོས་བང་མཛོད་ཕྱེས།།
ཆོལ་གསུམ་བོད་མིས་རེ་བའི་དམིགས་བུ་གཏད།།
དེང་རབས་སྤྲུལ་སྐུའི་ཐོག་མ་ཀརྨ་པ།།
ཨོ་རྒྱན་ཕྲིན་ལས་རྡོ་རྗེར་(1985– ) གསོལ་བ་འདེབས།།
​​​​ཁ༽
​​ཕྱོགས་ལས་རྣམ་རྒྱལ་རྒྱལ་དབང་ཀརྨ་པས།
​​མི་ལོ་སྟོང་ཕྲག་ཕྲག་ཏུ་བསྣམས་པའི་ཁུར།།
​​བསྟན་པའི་ཡང་སྙིང་སྙིང་ནས་འཛིན་པའི་ཚུལ།།
​​ངོ་མཚར་རྨད་བྱུང་བྱུང་བ་རིག་པའི་གཏམ།།
​​མ་ཤེས་གོ་ལོག་ལོག་བཤད་མཆིས་ཚེ་བཤགས།།
ཞེས་པ་འདི་ནི་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་རྩེ་གཅིག་ཏུ་དད་པའི་གྲོགས་ཕོ་མོ་སྐོར་ཞིག་གིས་གང་གི་འཁྲུངས་སྐར་བསུ་བའི་བསྟོད་ཚིག་འགའ་རེ་འབྲི་དགོས་པའི་སྐུལ་མ་ཡང་ཡང་བྱུང་སྟབས། ལྷ་མི་ཡོངས་ཀྱིས་བསྐལ་བརྒྱར་བརྗོད་ཀྱང་སྐུ་ཕྲེང་གཅིག་གི་མཛད་པའི་ཆ་ཕྲ་མོ་ཙམ་ཡང་བརྗོད་པར་མི་ནུས་ན་བདག་ལྟ་བུས་ཤོ་ལོ་ཀ་རེ་ཟུང་ནང་བརྗོད་པ་དེ་བས་ག་ལ་ནུས་ཀྱང་། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་ན་རིམ་རེ་རེའི་རྣམ་པར་ཐར་པ་ལས། གསང་བ་བསམ་གྱིས་མི་ཁྱབ་པ་དང་། རྟོགས་དཀའ་ཞིང་ཐུན་མོང་མ་ཡིན་པའི་གནས་རྣམས་བཞག་སྟེ། བྱུང་རབས་ཀྱི་ཁྱད་ཆོས་ལྡན་པའི་བསྟན་པ་ལ་བྱ་བ་མཛད་ཚུལ་ཁག་ཅིག་ཟུར་འདོན་གྱིས་ཀར་རབས་བཅུ་བདུན་གྱི་གསོལ་འདེབས་འདི་བྲིས་པ་ལགས། འོན་ཀྱང་གུས་པ་ཤེས་ཚད་དམན་ལ་ཀཾ་ཚང་ལ་རྒྱུས་མངའ་མི་ཆེ་བ་དང་། ལོ་རྒྱུས་ཀྱི་རྒྱུ་ཆ་དཀོན་ལ་ཞིབ་ཀློག་བྱེད་པའི་དུས་ཚོད་མི་འདང་བ། བརྗོད་བྱ་སྐུ་ཕྲེང་གཅིག་གི་མཛད་པ་རྣམས་རྗོད་བྱེད་ཤོ་ལོ་ཀ་གཅིག་ནང་ཆུད་དགོས་པ་བཅས་ལས། གཙོ་ཆེ་བ་དང་གལ་ཆེ་བ་མང་པོ་ཞིག་རྩལ་འདོན་བྱེད་མ་ཐུབ་པར་ལྷག་ལུས་བྱུང་ཡོད་པ་ནི་བཤད་མ་དགོས་པས། མཁྱེན་སྤྱན་ཡངས་པ་ཚོས་ཐལ་དྲགས་པ་རྣམས་མཉམ། དམའ་དྲགས་པ་རྣམས་སྤར། ཡོ་བ་བསྲང་། བུག་པར་ལྷན་ཏེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལགས།།
སླར་སྨས་པ།
དཀར་ནག་རྒྱ་དང་བོད་ཧོར་མི་ཉག་ཡུ་གུར་འཇང་དང་བལ་འབྲུག་འབྲས།།
སུམ་གཉིས་ཁྱོན་ལ་ཁྱོད་ཀྱི་མཛད་འཕྲིན་རིང་མོ་ཞིག་ནས་ཁྱབ་པར་གྱུར།།
སླར་ཡང་དེང་འདིར་ཤར་ནུབ་གཉིས་སམ་གླིང་ཆེན་ལྔ་ཡི་ཁྱོན་འདི་ན།།
ཀརྨ་པ་ཞེས་གྲགས་པ་དཀར་པོས་ཕྱོགས་ཀྱི་མཐའ་གྲུ་ཡོངས་སུ་འགེངས།།
ཞེས་དགེ་སྨོན་བཟང་པོས་མཚམས་སྦྱར་དང་བཅས་ཆབ་མདོ་ཤེས་རབ་འབོད་པས་ཕྱི་ལོ་༢༠༡༨ ཟླ་༦ ཚེས་༡༢ བཟང་པོར་ཕུལ།།

Share199Tweet125

Related Posts

སློབ་དཔོན་ཐུ་མི་སམ་བྷོ་ཊ།

སློབ་དཔོན་ཐུ་མི་སམ་བྷོ་ཊ།

July 24, 2022
0

བོད་ཀྱི་ཡི་གེའི་སྲོལ་ཐོག་མར་གཏོད་པ་པོ་སློབ་དཔོན་ཐུ་མི་སམ་བྷོ་ཊ་ནི། སྤྱི་ལོའི་དུས་རབས་བདུན་པའི་༼༦༡༧༽ནང་ཐོན་ལུག་ར་ཁ་བར་བློན་པོ་ཐོན་མི་ཨ་ནུ་ར་ག་ཏ་བྱ་བའི་སྲས་སུ་འཁྲུངས། ཆོས་འབྱུང་ཁ་ཤས་སུ་ཡུལ་དང་ཡབ་ཀྱི་མཚན་མི་འདྲ་བ་ཡང་བྱུང༌།

བོད་ཀྱི་གྲགས་ཅན་ལྷ་རིས་སྒྱུ་རྩལ་བ་ལེགས་སྨོན།

བོད་ཀྱི་གྲགས་ཅན་ལྷ་རིས་སྒྱུ་རྩལ་བ་ལེགས་སྨོན།

June 23, 2022
0

་རིས་སྒྱུ་རྩལ་བ་ཆེན་མོ་ལེགས་སྨོན། ལྷ་རིས་སྒྱུ་རྩལ་བ་ཆེན་མོ་ལེགས་སྨོན་ལགས་ནི་མདོ་ཁམས་ས་ཡི་ལྟེ་བ་སི་ཁྲོན་དཀར་མཛེས་ཁུལ་གསེར་ཐར་རྫོང་སྙན་ལུང་ཡུལ་ཚོ་རུ་སྤྱི་ལོ་1962ལོར་སྐུ་འཁྲུངས། ལོ་ན་ཆུང་བའི་དུས་ནས་བཟུང་ཡི་གེ་འབྲི་ཀློག་དང་

khampa writers

འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

April 22, 2022
0

འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ཕ་ཡུལ་ནི་ཁམས་འབའ་ཐང་ཡིན་ལ་ཕྱི་ལོ་༡༩༢༢ལོར་ སྐུ་འཁྲུངས། ཁམས་འབའ་ཐང་ནི་གངས་ལྗོངས་ཀྱི་སའི་མཐའ་ཡིན་པས་མི་རིགས་གཞན་གྱི་གཉའ་གནོན་དང་བཙན་འཛུལ་ལ་འཐབ་རྩོད་དུས་རྒྱུན་དུ་མྱོང་དགོས་བས་ཕུན་ཚོགས་དབང་རྒྱལ་

བརྩོན་འགྲུས་བསྐྱེད་ན་འབྲས་བུ་འཐོན་རྒྱུ་རེད།

བརྩོན་འགྲུས་བསྐྱེད་ན་འབྲས་བུ་འཐོན་རྒྱུ་རེད།

April 20, 2022
0

ཐོག་མར་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྣམ་པ། དེ་བཞིན། འགན་འཛིན་དང་དགེ་རྒན་རྣམ་པ་གཙོས། སློབ་ཕྲུག་ཚང་མ་ལ་དགའ་བསུ་དང་འབྲེལ། མཛའ་ཞིང་བརྩེ་བའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།