Wednesday, June 18, 2025
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ངོ་སྤྲོད།

April 20, 2022
in དགོན་སྡེ།
0

གསེར་རྟ་ལྔ་རིག་ནང་བསྟན་ཆོས་ཀྱི་གྲོང་ཁྱེར་ཆེན་མོ་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་དབལ་ཤུལ་གསེར་རྟའི་ས་ཁོངས་གསེར་ཁོག་བླ་མ་རུང་ཞེས་པ་དང་། འཛམ་གླིང་སྤྱིའི་ས་ཁྲའི་དབང་དུ་བྱས་ན་འཕྲེད་ཐིག་བྱང་མ་ ༣༡-༣༨ ནས་༣༣ – ༣༠དང་། ཤར་གྱི་གཞུང་ཐིག་༩༨-༤༨ ནས་ ༡༠༡-༠༠ ཐོག་ཏུ་འཁེལ་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་ཕི་ཁྲི་ ༤༠༠༠ ཡན་གྱི་མཐོ་སྒང་དེ་ཉིད་དུ་༧སྐྱབས་རྗེ་དམ་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེ་གོང་མ་ཁྲག་འཐུང་བདུད་འཇོམས་

གླིང་པས་ཕྱི་ལོ ༡༨༨༠ ལོར་ཐོག་མར་ཕྱག་བཏབ་སྟེ་མཚན་ལ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ཅེས་གསོལ་ནས་སྐལ་ལྡན་གྱི་སློབ་ཚོགས་དུ་མ་སྨིན་གྲོལ་ལ་བཀོད། འཇའ་ལུས་པ་བཅུ་གསུམ་བྱུང་བ་སོགས་བྱུང་། ཕྱིས་སུ་ཆོས་སྡེ་དེ་ཉིད་འཐོར་ཞིག་ཏུ་གྱུར་ནའང་། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའམ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་ཞུས་ན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་གནས་དེར་ཕྱི་ལོ ༡༩༨༠ ལོར་འཆད་ཉན་ཀྱི་ཆོས་གྲལ་གསར་འཛུགས་གནང་ནས་རིམ་བཞིན་ཡར་རྒྱས་སུ་ཕྱིན་པ་དང་འབྲེལ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཞེས་པའི་མཚན་གསོལ་མཛད། ཆོས་གླིང་འདིར་ནང་གསེས་ཀྱིས་དབྱེ་ན་དཔའ་བོའི་གླིང་ལྔ།

དཔའ་མོའི་གླིང་གསུམ། དགེ་བསྙེན་གྱི་གླིང་གཉིས་ཏེ་གླིང་བཅུ་ལས་གྲུབ་པ་ཡིན། དེ་ཡང་སྟོད་ནས་རིམ་པ་བཞིན་དུ། ཤར་ཉེས་ཚོགས་རང་གྲོལ་གླིང་། །ལྷོ་འདོད་དགུ་ཀུན་འབྱུང་གླིང་། །ནུབ་སྣང་སེམས་དབང་སྡུད་གླིང་། །དབུས་དོན་གཉིས་ལྷུན་གྲུབ་གླིང་བཅས་ལྔ་རིག་ནང་བསྟན་སློབ་གླིང་ཞེས་དཔའ་བོ་བཙུན་པའི་གླིང་ལྔ་དང་། ། བར་ན་བདུད་ལས་རྣམ་རྒྱལ་གླིང་ཞེས་རྒྱལ་སྤྱིའི་སློབ་གཉེར་བ་དང་རྒྱ་ནག་གི་སློབ་གཉེར་བ་བཅས་རྒྱལ་སྤྱིའི་དགེ་བསྙེན་གྱི་གླིང་གཅིག སྨད་ན་ལྷན་སྐྱེས་ཆོས་སྐུའི་གླིང་། །སྔགས་སྐྱེས་ལོངས་སྐུའི་གླིང་། །ཞིང་སྐྱེས་སྤྲུལ་སྐུའི་གླིང་བཅས་དཔའ་མོ་བཙུན་མའི་གླིང་གསུམ་མམ་བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་དང་། ཉེ་འཁོར་ན་ལེགས་ཚོགས་ཆར་འབེབས་གླིང་ཞེས་མདོ་དབུས་ཁམས་ནས་ཕེབས་པའི་དགེ་བསྙེན་གྱི་གླིང་གཅིག་བཅས་གླིང་ཕྲན་བཅུ་དང་གླིང་ཆེན་བཞི་ལས་གྲུབ་ཅིང་། དེ་དག་ཕལ་བ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་གྲྭ་བཙུན་ཆིག་ཁྲི་ལྷག་དང་། དགེ་བསྙེན་ཉིས་སྟོང་ལྷག་ཙམ། ཕྱི་གླིང་དང་། རྒྱ་ནག་ཡུལ་གྲུ་དུ་མ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མ་གཏན་སྡོད་བྱས་ཡོད་པས་ད་ལྟའི་འཛམ་གླིང་ནང་གི་ནང་བསྟན་སློབ་གླིང་ཆེ་ཤོས་དང་ཚད་ལྡན་དུ་ཆགས་གནས་ཡོད། དེ་དག་གི་སྦྱང་བྱ་གཙོ་བོ་ནི་མདོ་ཕྱོགས་ནས་གཞུང་ཆེན་ལྔ་དང་། སྔགས་ཕྱོགས་ནས་རྒྱུད་སྡེ་བཞི་དྲུག་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་སྦྱང་བརྩོན་ལྷོད་མེད་དུ་གནང་ནས་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་ལ་མཁས་པ་གྲངས་ལས་འདས་པ་ཞིག་བྱུང་ཞིང་བོད་ཡུལ་སྟོད་སྨད་བར་གསུམ་དང་། འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་འཁོར་ལོ་མཚན་ཉིད་པ་སྐོར་བཞིན་ཡོད་པར་མ་ཟད། བོད་རྒྱ་དབྱིན་ཡིག་སོགས་ཡིག་རིགས་དུ་མའི་ཐོག་ནས་ནང་ཆོས་དང་ཚན་རིག་གི་ལྟ་བའི་ཟབ་ཁྱད་དང་། ལག་ལེན་གྱི་དགེ་མཚན་ཆེ་ཆུང་དག་གཤིབས་བསྡུར་བྱས་པ་སོགས་ཀྱི་མཚོན་བོད་ཀྱི་ཆོས་དང་རིགས་གཞུང་ལ་ཕན་འབྲས་རླབས་ཆེན་གྱི་འོད་སྟོང་ཆེན་པོ་གཅིག་འཕྲོ་བཞིན་པ་འདི་དང་། མཁས་བཙུན་གྲུབ་པའི་དབང་ཕྱུག་གིས་ས་ཆེན་པོ་ཁྱབ་པར་མཛད། ཁྱད་པར་དུ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དེ་ཉིད་ཀྱིས་འགྲོ་རྣམས་རིས་སུ་མ་ཆད་པའི་གདུལ་བྱ་མཆོག་དམན་ཀུན་ལ་བྱམས་དང་བརྩེ་བའི་གཟིགས་སྐྱོང་གནང་ནས་སྐལ་ལྡན་རྣམས་སྨིན་གྲོལ་བཀོད་པ་དང་། བོད་ཁ་བའི་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྤྱི་དང་། བོད་ཀྱི་ཡུལ་སྲོལ་གོམ་གཤིས་སྲུང་སྐྱོབ་དང་།

རིག་གཞུང་དར་སྤེལ་གཙོས་པའི་མི་རིགས་ལ་གཞལ་དཀའ་བའི་མཛད་རྗེས་བརླབས་པོ་ཆེ་འཛམ་གླིང་སྤྱི་དང་ལྷག་པར་མཐོ་སྒང་འཛིན་མའི་ཁྱོན་འདིར་བསྐྲུན་ནས་རེ་ཞིག་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་བོད་རབ་བྱུང་༡༧ པའི་ཆུ་མོ་ལུག་ལོའི་ཟླ་༡༡ ཚེ་༡༥ སྤྱི་ལོ་༢༠༠༤ ཟླ་༡ ཚེས་༧ ཉིན་གྱི་ཞོགས་པ་དུས་ཚོད་༩ དང་སྐར་མ་༤༥ ཐོག་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ལགས་སོ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་གི་གསང་གསུམ་ལས་སྐྱེས་པའི་མཁས་དབང་དེ་དག་གིས་ལེགས་བཤད་ཇི་སྙེད་ཅིག་གསར་རྩོམ་གྱིས་བོད་མི་རིགས་སྤྱི་ལ་ཚུལ་མཐུན་གྱི་བླང་དོར་གྱི་ལམ་སྟོན་དང་རྒྱལ་བསྟན་མཚན་ཉིད་དང་ལྡན་པ་ཞིག་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་མཆིས་སོ། །ཝ་ཡེལ་བོད་བརྒྱུད་ནང་བསྟན་ཆོས་གླིང་ནས་ཤྲྰི་ཨནནྟ་བཛྲས་བསྒྲིགས་པ་དགེའོ། །

Share200Tweet125

Related Posts

khampa writers

གཡུང་དྲུང་བོན་གྱི་གྲུབ་མཐའ་བྱུང་ཚུལ་གྱི་རྣམ་བཞག

April 22, 2022
0

དང་པོ། སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་གྱི་སྐོར།   དང་པོ། དེ་ལ་འདིར་གཡུང་དྲུང་གི་བོན་རིན་པོ་ཆེའི་བྱུང་བ་མདོ་ཙམ་བརྗོད་ཅིང་། ཤིན་ཏུ་བསྡུས་ཏེ་ཞལ་ཐང་བཅུ་ཕྲག་བཞི་ལྷག་གི་ཁོངས་སུ་དངོས་བསྟན་གྱི་རིམ་པ་དཀར་ཆག་ཐོ་འགོད་ཙམ་དུ་བྲི་བ་ལ།

khampa writers

རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
0

རི་བོ་དགེ་ལྡན་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་བྱུང་བ་ཡིན་ལ། འདི་ཉིད་ནི་རྣམ་འདྲེན་ཤཱཀྱ་སེངྒེས། འཇམ་དཔལ་རྩ་རྒྱུད་སོགས་མདོ་དང་རྒྱུད་སྡེ་རྣམས་ནས་ལན་གཅིག་མིན་པར་ལུང་བསྟན་པ་ལྟར།

khampa writers

༄༅།། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ་རགས་ཙམ་བཤད་པ།

April 21, 2022
0

མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གདུང་རབས་ལྔ་ལ། ༡ལྷ་རིགས་ཞེས་གྲགས། དེ་དང་སྲིན་པོ་འཁོན་བར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ།

khampa writers

འགྲོ་མགོན་བཀའ་བརྒྱུད་པའི་བྱུང་བ་རགས་ཙམ་གླེང་བ།

April 21, 2022
0

དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་བཀའ་བརྒྱུད་པ་ཞེས་གྲངས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

June 2025
M T W T F S S
 1
2345678
9101112131415
16171819202122
23242526272829
30  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།