Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

<<ང་ཚོའི་འགྲུལ་བཞུད་རིང་མོ་>>མཚམས་སྦྱོར། 

January 24, 2024
in རྩོམ་རིག
0

    ནགས་ཤོད་ཅོང་བརྡ།   

སྤྱི་ལོ་ལྟར་ན་༢༠༢༤ ལོར་གུས་པས་བཀླགས་པའི་དེབ་དང་པོ་དེ་<<ངོ་ཚོའི་འགྲུལ་བཞུད་རིང་མོ་>>ཞེས་པ་འདི་ཡིན།   དེབ་འདིའི་རྩོམ་པ་པོ་དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ་ལགས་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་སུ་སྐྱེས་པ་དང་།  བོད་ཕྱི་ནང་གཉིས་དང་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེ་ཕྲ་གང་མང་བརྒྱུད་མྱོང་མཁན་ཞིག་ཡིན་པས་དང་།   བོད་རང་གི་ཆོས་རིག་ལ་སློབ་གཉེར་ཚད་མཐོར་བྱེད་མྱོང་བ་མ་ཟད་སྐད་ཡིག་གཞན་པའི་ཆུ་ཚད་ཀྱང་བཤད་མ་དགོས་པ་ཞིག་རེད་འདུག་པས་འདབ་ཤོག་གཉིས་ལྡན་ཟེར་བ་དེ་ཡིན་འདུག།  

    དེབ་འདིའི་བརྗོད་བྱ་དང་ཚིག་རྩ་འཛིན་སྟངས། ཡང་ན་བརྗོད་བྱེད་ཀྱིས་བརྗོད་བྱའི་གལ་གནད་འཛིན་སྟངས་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག་བསམ་ཡོད།    ཡང་བསམ་མནོ་གཞན་པ་ཞིག་གཏོང་ན་དབྱངས་གསལ་གྱི་སྐུད་པ་འཁེལ་རྒྱུར་དཀའ་ངལ་ཆེར་མེད་མཁན་ཞིག་ལ་མཚོན་ན་རྩོམ་འདི་འདྲ་ཞིག་རྒྱག་རྒྱུར་ཉམ་ང་ཆེར་མེད་སྣང་ཡང་སྐྱེས་བྱུང་།   དེབ་འདིའི་ཁྱད་ཆོས་གཙོ་བོ་དེ་དངོས་ཡོད་ཀྱི་འཚོ་བ་ཟབ་མོར་འབྲི་ཐུབ་འདུག་པ་འདི་རེད་བསམ་ཡོད།  འཚོ་བ་འདི་འདྲ་བ་ཞིག་ང་ཚོ་ཡུལ་གྱར་བ་ཕལ་ཆེ་བས་བརྒྱུད་ནས་ཡོང་བ་སོང་།  རྩོམ་འདི་འདྲ་ཞིག་ང་ཚོ་སུས་ཀྱང་རྒྱག་ཐུབ་ལ་ཐུབ་དགོས་ངེས་ཀྱང་ཡིན།  རེད་དེ།  ང་ཚོ་མང་པོས་འདི་ནི་གལ་ཆེན་པོ་ཞིག་ཡིན་པ་ཤེས་མེད། དེ་ནི་ཤེས་རབ་ལྡན་མིན་ལ་རག་ལས་ཡོད་པ་རེད། གོ་བདེ་བོར་བཤད་ན་མིག་རྒྱང་རིང་ཐུང་ཟེར་བ་དེ་ཤོར་སོང་བ་འདྲ།  

     དེབ་འདི་སྐད་ཆ་ཉུང་ཉུང་ཞིག་གིས་བཤད་དགོས་ན་དེ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་གལ་ཆེན་ཞིག་རེད་ཅེས་བཤད་ན་འདོད།  རེད་ཀྱང་དེ་འདྲ་ཞིག་རེད་དོ།།

    ཅུང་ཟད་ཞིབ་མོར་བཤད་ཁུལ་བྱས་ན།   དང་པོ། ཁོང་གི་བྱིས་དུས་ཀྱི་འཚོ་བ་ནི་རིག་གནས་གསར་བརྗེ་ཞེས་པའི་སྐད་གྲགས་ཅན་དེའི་སྐབས་སུ་ཁེལ་བ་དང་། རྩོམ་པོ་པོའི་ཁྱིམ་ཚང་ནི་འབྱོར་མེད་གྲལ་རིམ་ཡིན་ནའང་། སྐབས་དེའི་རང་ཉིད་ཀྱི་འཚོ་བ་ནི་མུ་གེས་མ་ཤི་ཙམ་ཞིག་ཡིན་སྐོར་དང་།   སློབ་གྲྭ་འགྲོ་བའི་གོ་སྐབས་ཉུང་བ། སློབ་གྲྭ་ཞིག་ཡོད་ཀྱང་དགེ་རྒན་དང་སློབ་དེབ་སོགས་ཚད་ལྡན་མིན་པ།  རུ་ཁག་གི་སྐར་མའམ་ཕོགས་ཐོབ་ཀྱིས་ཁྱིམ་ཚང་གི་ཁ་སོས་དཀའ་བ། ཐ་ན་སྟོན་དུས་སུ་ཁོང་གི་ཨ་མ་རུ་ཁག་གི་ཞིང་ལས་སུ་ཕྱིན་སྐབས་ལྷམ་གྱི་ཨེ་ཁུང་ནས་འཛུལ་ཡོང་བའི་འབྲུ་ཆུ་བཙོས་བརྒྱབ་ནས་ཟ་རྒྱུ་བྱུང་ན་དགོང་ཟས་སྤུས་དག་ཤོས་དེ་ཡིན་སྐོར་སོགས་སྐབས་དེའི་འཚོ་བ་ཟབ་མོར་བྲིས་འདུག། 

གཉིས་པ། ཁོང་གི་ཕ་དགོན་བྱིན་པ་ཅན་ལྟར་སྨོན་དགོན་གྱི་བྱུང་བ་རགས་བཤད་དང་རིགས་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས། ཕྱིས་སུ་དགོན་པ་བསྐྱར་ཞིང་བྱས་སྐོར་དང་སྐབས་དེའི་འགན་ཁུར་བ་སུ་དང་སུ་ཡིན་མིན།  རིག་གནས་གསར་རྗེའི་སྐབས་སུ་སྲོག་གཏའ་མར་བཞག་སྟེ་སྦས་སྐུང་བྱས་པའི་དགོན་པའི་ཅ་དངོས་མང་པོ་ཞིག་དགོན་པ་བསྐྱར་གསོའི་སྐབས་སུ་ཕྱིར་དགོན་པར་ཕུལ་བའི་སྐོར་དང་། དགོན་པ་དེའི་ལྷ་སྡེ་མི་སྡེས་ཕྱར་གྲུ་མཉམ་འདེགས་བྱས་སྐོར། སྐབས་དེའི་གྲྭ་རྒྱུན་སྔ་བ་རྣམས་ཀྱི་མཚན་དང་ལས་འགན་ཁུར་ཕྱོགས་སོགས་བྲིས་གནང་འདུག། 

གསུམ་པ། ལྟར་སྨོན་དགོན་གྱི་གྲྭ་རྒྱུན་མང་པོ་ཞིག་སྔ་གཞུག་ཏུ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་སྐོར་དང་། དེའི་སྐུལ་སློང་དང་དམིགས་ཡུལ་ལམ་བར་གྱི་དཀའ་ཚིགས།  ལམ་བར་ནས་ཇག་པ་དང་ཁྲམ་པ་མང་པོ་ཐུག་སྐོར།   ས་སྲུང་དམག་གིས་བཟུང་ཞིང་ས་ཚིགས་བཅུ་གཅིག་བརྒྱུད་དེ། ཕྱིར་འགྲམ་ཁུལ་གྱི་རྒྱ་དམག་ལ་རྩིས་སྤྲད་པ་དང་། སྐབས་དེའི་འགྲམ་ཁུལ་གྱི་ཆབ་སྲིད་ཀྱི་གནས་སྟངས། བོད་ཀྱི་སྤྱི་ཚོགས་སུ་སེར་མོ་བར་བཟུང་བའི་དད་གུས་དང་ཡིད་ཆེས་སོགས་བྲིས་གནང་འདུག།

བཞི་བ།  རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་རྗེས་ནགས་ཤོད་ལུང་པའི་གྲྭ་རྒྱུན་མང་པོའི་འཚོ་བའི་གནས་སྟངས་དང་སློབ་གཉེར་གྱི་བརྒྱུད་རིམ།  དེ་བཞིན་འབྲེལ་ཡོད་ནགས་ཤོད་པ་མང་པོའི་སྔ་ཕྱིའི་གནས་བབས་དང་ང་དགུའི་གཡས་གཡོན་ལ་སྐྱབས་བཅོལ་དུ་སོང་བའི་རང་ཡུལ་གཅིག་པ་འགའ་དང་འཕྲད་སྐོར་སོགས་བྲིས་གནང་འདུག།

དེབ་འདི་ནི་རྩོམ་པོས་དངོས་སུ་བརྒྱུད་མྱོང་བའི་འཚོ་བ་ཡི་གེར་ཕབ་པ་སོང་། རྩོམ་འདིའི་རིན་ཐང་གཞལ་དུ་མེད་པར་སྣང་།  སྤྱི་ཚོགས་ཀྱི་འགྱུར་འགྲོས་མགྱོགས་དྲགས་པས་འཚོ་བའི་ཆུ་ཚད་དང་སྲིད་འབྱོར་རིག་གསུམ། རིན་ཐང་ལྟ་སྟངས། ཡུལ་སྲོལ་གོམས་གཤིས་སོགས་ཡོད་ཚད་འགྱུར་བ་ཧ་ཅང་སྐྱེན།  དེས་ན། འདས་ཟིན་པའི་འཚོ་བ་དང་གནས་བབས་མཚོན་པའི་བྱུང་བ་འདི་དག་མ་འོངས་པའི་མི་རབས་གསར་པས་མཐོང་མི་ཐུབ་པ་དང་།  ང་ཚོ་ནི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ལ་སྐྱེས་པ་སོང་།  ང་ཚོས་བརྒྱུད་མྱོང་བའི་འཚོ་བ་དངོས་ཡིག་ཐོག་ཏུ་འཇོག་ཐུབ་དགོས་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་འགན་ཁྲི་གཡོལ་དུ་མེད་པ་ཞིག་ལོས་ཡིན།  རྩོམ་པ་པོས་ཀྱང་དམིགས་ཚད་དེ་འདྲ་ཞིག་བཟུང་ཡོད་པ་དེབ་འདིའི་ཕྱོགས་ཡོངས་ནས་མཐོང་ཐུབ།    གང་ལྟར་ཀྱང་མ་འོངས་པར་ལོ་རེ་རེ་བཞིན་དུ་དེབ་འདིའི་རིན་ཐང་ཇེ་ཆེར་འགྲོ་རྒྱུ་ཡིན་པར་བཤད་ག་ལ་དགོས།   དེབ་འདིས་བོད་སྤྱིའི་ལོ་རྒྱུས་ཀྱི་ཡིག་ཚགས་ལ་ཁ་སྐོང་གི་ནུས་པ་གལ་ཆེན་ཐོན་ཡོད་པ་དང་།  ལྷག་པར་དུ་ནགས་ཤོད་འབྲི་རུའི་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད།   ཡང་སྒོས་སུ་ནམ་ཞིག་གི་དུས་སུ་ང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་རྒྱ་གར་དུ་བྲོས་སོང་བའི་སོ་སོའི་ཨ་ཁུ་ཨ་ནེ་ཨ་ཞང་རྣམས་ཀྱིས་དཀའ་བ་ཅི་ལྟར་སྤྱད་པ་དང་གྲུབ་འབྲས་ཇི་ཙམ་ཐོབ་པ།  དམིགས་འབེན་ཅི་ཞིག་བཟུང་བ་སོགས་ཞིབ་འཇུག་བྱེད་མཁན་བྱུང་ཚེ་<<ང་ཚོའི་འགྲུལ་བཞུད་རིང་མོ་>>ཞེས་པ་འདི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་དོ།  

    སླད་རྩོམ་པོར་ལྷག་བསམ་གཙང་མས་བཀའ་དྲིན་ཆེ་ཡང་ཡང་ཞུའོ།   སྤྱི་ལོ་༢༠༢༤/༠༡/༡༨ ལ།

Share200Tweet125

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

མཐོ་སྒང་ནས་ཤོར་བའི་རྫི་གླུ

མཐོ་སྒང་ནས་ཤོར་བའི་རྫི་གླུ

October 29, 2023
0

རྩོམ་པ་པོ། གསེར་རྟ་བསོད་ཕུན། མི་རྐྱང་རི་ལ་ཡན་ཤོར། །ལུས་སེམས་དེ་རུ་བདེ་བྱུང་།། ཉི་འོད་མཚོ་ལ་ཕོག་བྱུང་། །ཟླ་འོད་སེམས་ལ་ཞིམ་པ།། སིལ་ཏོག་རི་ལ་འཁྲུངས་བཞག བྲོ་བ་ལྕེ་ལ་མྱང་པ།།  ཉི་འོད་ལུང་པ་མཛེས་བྱུང་།། འབྲོག་པའི་གླུ་ཆུང་ལེན་སྙིང་། ། སྨག་རུམ་འདི་ན་མི་གདའ།། སེམས་པ་གཏིང་ནས་སྐྱིད་པ།། འདམ་རྫབ་འདི་ན་མི་འདུག ནགས་ཚལ་མཚམས་སྤྲིན་བསྡེབས་པ།། གནམ་མཐའི་སྤྲིན་དཀར་མཛེས་པ།། དགུང་སྔོན་གཡུ་ཡི་བརྒྱན་བྱུང་།།  མེ་ཏོག་འཁྲི་ཤིང་བརྩེགས་པ།།  སྲིབ་རིའི་ལྕང་ལོ་ཡག་བྱུང་།། ཀུན་རྟོག་རླུང་གི་ཁམས་ན།།  ཕྱི་སྣོད་ལྷིང་འཇགས་ལྡན་པ།། དངོས་གྲུབ་བགོ་སྐལ་དབེན་ཀྱང་།། སྣང་སྲིད་ཟློས་གར་འཛོམས་བཞག གྲང་རེག་མེད་པའི་ཡུལ་འདི།། བོད་ཡུལ་ལས་ཀྱང་སྐྱིད་པ།། མོན་ཡུལ་ཁུ་བྱུག་ལས་ཀྱང་།། ལྕང་ལོའི་བྱ་སྐད་སྙན་བྱུང་།། རི་འདི་གཡུ་ལུང་སྔོན་མོ། །རླུང་འདི་བསིལ་བ་བདེ་བ།། ཆུ་འདི་རྟ་མཆོག་ཁ་འབབ།། སེམས་འདི་ལྷོ་སྤྲིན་ཕྱུག་མོ།། ང་ནི་མི་ཡུལ་འདི་ན།། སེམས་པ་རི་ཆུ་དུང་བ།།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།