ཐོན་མིའི་རྒྱ་མཚོ་ཕྱག་གིས་བསྲུབས་པ་ལས། །
བྱུང་བའི་བརྡ་སྤྲོད་རིག་པའི་རྣམ་གཞག་གི །
གཞུང་ལས་བཏུས་ཏེ་ད་དྲག་ས་དྲག་སྐོར། །
དཀའ་གནད་བསེད་དཀྲོལ་ལས་ལ་འཇུག་པར་བྱ། །
ཞེས་དམ་བཅའ་སྔོན་དུ་བཏང་ནས་ད་དྲག་སྐོར་ལ་ཅུང་ཟད་ཅིག་དཔྱད་པར་བྱའོ།།
སློབ་དཔོན་ཐོན་མིས་ད་དྲག་དགོས་དབང་མཛད། །
གསར་བཅད་སྐབས་སུ་ད་དྲག་ཕལ་ཆེ་བསྡུས། །
ད་དྲག་བསྡུས་ནས་ལེགས་ཆ་ཡོད་ཀྱང་ཟེར། །
ད་དྲག་བསྡུས་པས་རྙོག་འཛིང་ཆེ་སོང་ཟེར། །
ཞེས་པ་སྔོན་བྱོན་ལོ་པཎ་དག་གིས་སྐད་ལ་དག་ཐེར་དང་སྐད་གསར་བཅད་གནང་བ་ལེགས་པའི་ཆ་དབྱར་སྐྱེས་རྔ་སྒྲ་བསྒྲགས་པས་ཤ་མོ་སྤང་ལ་བརྡོལ་བ་ལྟར་མང་དུ་ཡོད་མཆིས། མི་ལེགས་པའི་ཆ་ཡང་ཡོད་པར་སྣང་། ད་དྲག་སྐོར་བཤད་པ་ལ་རྩ་བའི་ས་བཅད་བཞིའི་སྒོ་ནས་བཤད་པར་འདོད།
༡) ད་དྲག་ཅན་གང་ནས་གསུངས་པའི་ཁུངས་འཚོལ་བ། ༢) ད་དྲག་གི་ཐོབ་ཁུངས་འཚོལ་བ། ད་དྲག་དགོས་པའི་རྒྱུ་མཚན། ༣) ད་དྲག་གང་ལ་འཇུག་པ། ༤) ད་དྲག་བསྡུས་པའི་སྐྱོན་དང་བཅས་སོ།།
དང་པོ། ད་དྲག་ཅན་གང་ནས་གསུངས་པའི་ཁུངས་འཚོལ་བ།
སུམ་རྟགས་གཉིས་ཀྱི་གཞུང་རྩ་བའི་སྐབས་སུ་ཡང་འཇུག་ད་ས་གཉིས་ཀྱི་འཇུག་པ་དངོས་སུ་བསྟན་མེད་ལ། ཡང་འཇུག་བཤད་པ་མེད་པས། ཐོན་མིས་ཡང་འཇུག་གཉིས་ཀྱི་སྐོར་བཤད་པའི་བསྟན་བཅོས་གཅིག་ཡོད་པ་ངེས་ཞེས་མཁས་པར་རློམ་པ་དག་གིས་འོལ་ཚོད་ཀྱིས་དེ་འདྲ་གསུངས་པ་མང་། བསྟན་བཅོས་བརྒྱད་བརྩམས་ཞེས་རང་རང་སོ་སོའི་ཚོད་དཔག་དང་འོལ་ཚོད་ཀྱིས་སྒོ་ནས་སྔོན་བྱོན་མཁས་པ་ཡིན་ཟེར་བ་དག་གི་དགོངས་ཚོད་བླངས་ནས་དེ་ལྟར་གསུངས་པ་མ་གཏོགས། གཞན་ང་ཚོས་ད་ལྟ་མཇལ་དུ་མེད། ཡོངས་གྲགས་སུ། ཤར་རྒྱལ་བ་ཙོང་ཁ་པ་རྗེ་བློ་བཟང་གྲགས་པའི་བླ་མ་ལོ་ཆེན་ནམ་མཁའ་བཟང་པོའི་ (འགྲེལ་བ་བསྟན་པའི་སྒྲོན་མེར།) བྱྭ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱྭ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ།།ཞེས་སོགས་ལ་ཁུངས་བཅོལ་ནས་ཐོན་མིས་བསྟན་བཅོས་བརྒྱད་བརྩམས་པར་བཞེད། འོན་ཀྱང་ད་ལྟ་མཇལ་དུ་ཡོད་པ་ནི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལུགས་འདི་ཉིད་ཡིན། དེས་ན། གནའ་མིའི་གཏམ་དཔེར། ཆོས་འགོ་བཀའ་བསྟན་དང་། ཆུ་འགོ་གངས་ལ་གཏུགས་དགོས་པ་ལྟར། གཞུང་འདི་གཉིས་པོ་བསྟན་བཅོས་བརྒྱད་པོ་གང་ལས་ཕྱུངས་མིན་དང་གཞུང་གཉིས་པོ་ལ་ལེའུ་ག་ཚོད་ཡོད་མེད་སོགས་དགོངས་ཚོད་ལེན་པ་ཙམ་ལས་སུས་ཀྱང་ལུང་རིགས་བདེན་དཔང་བྱེད་ཐབས་བྲལ། གལ་སྲིད་གཞུང་གཉིས་པོ་འདི་ལས་ཕྱུངས་པའམ་འདི་ལ་བཏོན་པ་རེད་ཅེས་ཁུངས་གཏུགས་ས་དང་གཞི་བཅོལ་ས་དེ་རྙེད་ན་བསྟན་བཅོས་གཞན་རྣམས་ཀྱང་རྙེད་སྲིད། ཕྱིས་སུ་མཁས་པ་མིང་འདོགས་པ་ཕལ་ཆེར་གྱི་འགྲེལ་བ་བསྟན་པ་སྒྲོན་མེས་གསུངས་པ་འདི་ཉིད་དཔེ་བཤུས་བྱེད་པ་ཙམ་ལས། གཞུང་འདི་གང་ལའང་ཁུངས་བཅོལ་མིན་སོགས་དཔྱད་པ་ཞིབ་མོའི་ལུགས་སུ་སུས་ཀྱང་གནང་མི་འདུག །དཔྱད་བརྗོད་པ་ཕལ་མོ་ཆེའི་འགག་དོགས་ས་འདིའི་རིགས་ལ་སྤྱི་བཤད་ཙམ་དང་ཨ་བཤད་ཡང་བཤད་ཙམ་ལས་དོན་ངོ་མ་འབུར་དུ་ཐོན་པའི་ལེགས་བཤད་ཅིག་བྲིས་པ་ད་བར་མ་མཐོང་ངོ་།།
སྐབས་སུ་བབས་པའི་ད་དྲག་ས་དྲག་སྐོར་སུམ་རྟགས་གཉིས་ཀྱིས་རྩལ་དུ་བཏོན་ནས་བཤད་པ་མེད། དེས་ན། ད་དྲག་ཀྱང་བཤད་ན་སྐབས་འདི་དང་བསྟུན་ནས་འཆད་དགོས་ལ་དེ་འཆད་པའི་རྩ་བ་མེད་པས་ད་དྲག་གང་ནས་འཆད་པ་དང་ད་དྲག་ཡོད་པ་གཞུང་གང་ནས་ངོས་འཛིན་ཐུབ་ཀྱིན་ཡོད་དམ་ཞེ་ན། སུམ་རྟགས་རང་ནང་དངོས་སུ་གསལ་ཁ་མེད་ཀྱང་། ད་དྲག་བེད་སྤྱོད་རྩ་བ་རང་ལས་གནང་ཡོད་པ། དེ་ཡང་རྩ་བ་རང་ལས། རྩོམ་པར་དམ་བཅའ་སྐབས་སུ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། ཞེས་པའི་སྐབས་སུ་འཛིན་བྱ་ཚིག་འདིའི་རྗེས་སུ་ཚིག་ཕྲད་ཅིང་ཐོབ་པས། དེའི་ཤུགས་ལ་ཡང་འཇུག་ད་ཡོད་པ་གྲུབ་ལ། མ་ཟད། གཞུང་འདི་ཉིད་འདོམས་པ་དང་མི་འདོམས་པའི་ཡུལ་གྱི་གང་ཟག་ངོས་བཟུང་བ་དེ་ཉིད་བསྟན་པའི་རྩ་བ་རང་ལས། སློབ་དཔོན་དེ་ཉིད་དུ་འཛིན་ཅིང་།། ཞེས་ད་དྲག་ཡོད་པ་བསྟན། དེ་ཡང་ཡིན་ཏེ། ཚེ་ལྡན་ཞབས་དྲུང་གིས། ཐོན་མིའི་ཞལ་ལུང་དུ། སུམ་ཅུ་བ་རང་གི་གཞུང་ན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། ཞེས་དང་། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།། ཞེས་འཛིན་ད་དྲག་ཅན་དང་། ལེགས་དང་རྣམས་ས་དྲག་ཅན་མང་དུ་ཡོད་པ་འདིས་ནི་སུམ་ཅུ་བའི་གཞུང་དུ་ད་སའི་ཡང་འཇུག་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཟིན་པ་ལ་འཁྱོག་བཤད་གཞན་གྱི་ངལ་བ་བྱེད་མི་དགོས་སོ།། ཞེས་གསུངས།། དེས་ན། ད་དྲག་ཡོད་པ་ཁུངས་དང་གཞི་བཅོལ་ས་འདི་ཡིན་ལབ་ན་མི་འགྲིག་རྒྱུ་མི་འདུག་ཅེས་སྨྲ་ན་འདོད། །
གཉིས་པ། ད་དྲག་གི་ཐོབ་ཁུངས་འཚོལ་བ།
ད་དྲག་གི་ཐོབ་ཁུངས་ཀྱི་ཆ་ནི། ༡) མིང་ལ་འཇུག་པ་དང། ༢) བྱས་ཟིན་འདས་པ་སྐུལ་ཚིག་ལ་འཇུག་པ་གཉིས་སོ། །
༡)མིང་ལ་འཇུག་པ་ནི་དཔེར་ན། ཕར་ཕྱིནད་འཛིན་ཅིང་མཁྱེན་པ་བརྟནད།།ཐརད་པའི་འབྱོརད་པ་རྒྱུརད་ཅིག་གུ །བསལད་ཅིང་འཚལད་ཏོ་བཀའ་སྩོལད་ཅིག །ཅེས་པ་ལྟ་བུ་དང་།
༢)བྱས་ཟིན་འདས་པ་ལ་འཇུག་པ་ནི་དཔེར་ན། འདོན་བྱ་འདོན་བྱེད་ལེགས་བཏོནད་ཅིང་།། སྒྱུར་མཁན་བསྒྱུར་བྱ་རབ་བསྒྱུརད་ཅིང་།། སྒྲོལ་བྱེད་སྒྲོལ་བྱ་བསྒྲལད་ཟིན་ཏོ་ལྟ་བུའོ། །
དེ་བཞིན་དུས་གསུམ་གཟུགས་མི་འགྱུར་བའི་བྱ་ཚིག་ལ་འཇུག་པ་དཔེར་ན། མཁྱེནད། ཐརད། འཚལད་ཅེས་པ་རྣམས་དང་། ཡང་གཟུགས་འགྱུར་བའི་བྱ་ཚིག་ལ་འཇུག་པ་དཔེར་ན། རྟེནད། འཛིནད། རོལད། ཅེས་པ་རྣམས་ཀྱི་མཐར་ཡང་འཇུག་ཡོད་པ་ཡིན། སྐབས་འགའ་བྱ་ཚིག་མིན་པའི་ཚིག་གཞན་ལའང་ད་དྲག་འཐོབ་པ་ཡོད་པ་དཔེར་ན། ཀུནད། ཤིནད། འོནད། ལྟར་བུའོ།།
སྤྱིར་བྱ་ཚིག་དུས་འདས་པ་དང་སྐུལ་ཚིག་གི་སྐབས་སུ་རྗེས་འཇུག་ན་ར་ལ་གསུམ་རྗེས་སུ་ཡང་འཇུག་ད་ཐོབ་གང་ཡིན་པ་དེའི་རྗེས་སུ་ད་དྲག་ཐོབ་པས་ཁྱབ། ན་ར་ལའི་མཐའ་ཅན་གྱི་བྱ་ཚིག་འདས་པ་དང་སྐུལ་ཚིག་གཉིས་ད་དྲག་ཐོབ་པའི་དབང་དུ་བྱས་ནས་འདས་སྐུལ་གཉིས་ཀྱི་བྱ་ཚིག་གང་ཡོད་པ་དེ་བཞིན་དུ་ད་དྲག་ཅན་ཡོད་ཅེས་ལབ་ན་འགྲིག་གོ །
གསུམ་པ། ད་དྲག་དགོས་པའི་རྒྱུ་མཚན།
ད་དྲག་འདི་དགོས་པ་ཅིའི་ཕྱིར་དུ་འཇུག་ཅེ་ན། སྤྱིར་ཡང་འཇུག་རྣམས་དུས་འདས་པ་བསྟན་ཕྱིར་དུ་འཇུག་པ་མང་ཞིང་། ཡང་སྒོས་ད་དྲག་ནི་བོད་སྐད་ཀྱི་གདངས་ལས་ཀྱང་ཡིན་ཏེ། ཕྱིནད། འཛིནད་སོགས་ཀྱི་སྒྲ་རྣམས་ཤིན་ཏུ་དག་པར་ཀློག་པ་དག་གིས་སྒྲའི་ཟུར་ལ་ཕཊ་ཟེར་བ་ལྟ་བུ་ད་ཡིག་གི་གདངས་ངེས་པར་ཐོན་པས། དེ་ཤེས་པའི་ཆེད་དུ་སྒྲ་བསྒྱུར་སྨྲ་བ་རྣམས་ཀྱིས་ད་དྲག་གི་སྲོལ་མཛད་དོ། །ཞེས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས་གསུངས། །
སྨྲ་སྒོའི་ལྡེ་མིག་ནང་དུའང་། ཡང་འཇུག་གི་ཡི་གེ་གཉིས་ལས། ཡང་འཇུག་ད་ནི་རྗེས་འཇུག་ཡི་གེ་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་ཅིང་དེ་ལ་ད་དྲག་ཟེར། ཡང་འཇུག་གི་ཡི་གེ་གཉིས་པོ་གཙོ་བོ་བྱ་ཚིག་ལ་དུས་འདས་པ་སྟོན་པ་དང་། དེ་བཞིན་དུ་མང་པོར་བྱ་ཚིག་ལ་སྐུལ་ཚིག་འགོད་པའི་ཆེད་དུ་སྦྱོར་ཀྱིན་ཡོད། མདོར་དྲིལ་ན་ད་དྲག་མཛད་དགོས་པའི་རྒྱུ་མཚན་ནི་དུས་གསུམ་ལས་དུས་འདས་པ་སྟོན་པའི་བྱ་ཚིག་བསྟན་དང། གྱུར། རོལ། ལྟ་བུ་རྗེས་འཇུག་ན་ར་ལ་ས་རྗེས་སུ་ད་དྲག་ཡོད་པ་སྐུལ་ཚིག་བསྟན་སླད་དུ་ཡིན་ཟེར་ན་འགྲིག་གམ་སྙམ། །
བཞི་པ་ད་དྲག་བསྡུས་སྐྱོན་སྐོར།
ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་རིམ་པ་གསུམ་བྱས་པའི་བར་པ་དུས་རབས་བཅུ་གཅིག་པའི་ནང་རྔོག་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་བསྡུས་པར་གསུངས། ད་དྲག་བསྡུས་པ་དགེ་སྐྱོན་གཉིས་བྱུང་བ་ཡོད་ཅེས་མཁས་བླུན་གྱིས་མགྲིན་པ་གཟེངས་སུ་ཐོན་ནས་སྨྲས། དང་པོ་དགེ་བའང་ལེགས་པའི་ཆ་ནི། ཡིག་ཚོགས་ཆུང་བ་དང་། ཡི་གེ་ཟོར་ཡངས་པ་དང། བྲིས་བདེ་བ། ཀློག་པ་བདེ་བ། ཤོག་གུ་གྲོན་ཆུང་བྱེད་ཐུབ་པ། ད་ཡང་འཇུག་ཅན་བསྐུམས་ཏེ་བྲི་སྲོལ་མེད་པས་མཛེས་པའི་ཆ་ནས་ལེགས་ཕྱོགས་སུ་ཕྱིན་པ་སོགས་དགེ་མཚན་ནམ་ལེགས་ཆ་མང་དུ་ཡོད་པར་སྣང་།
དེ་དང་ལྷན་དུ་སྐྱོན་ཆ་འམ་ཅུང་རྙོག་འཛིང་ཆེ་རུ་ཕྱིན་ཡོད་པ་ནི། བརྡ་སྤྲོད་ཀྱི་ཁྲིམས་ལ་ད་དྲག་ཡོད་མེད་ཀྱི་སྟེང་ནས་སླར་བསྡུ་དང་། ལ་དོན། ཨི་ལྡན་གྱི་ཕྲད། འབྲེལ་སྒྲ་དང་བྱེད་སྒྲ། གཞན་ཡང་། ཅིང་ཅེས་ཅེའོ་ཅེ་ན་ཅིག་ཞེས་པ་རྣམས་ད་དྲག་བསྡུས་པའི་རྗེས་སུ་གང་ལ་ཐོབ་མིན་གྱི་གསལ་ཁ་མ་ངེས་པས་བསྟན་ཅིང་ལ། བསྟན་ཞིང་དང་། གྱུར་ཅིག་ལ་གྱུར་ཞིག་ལྟ་བུ་གང་བྱུང་དུ་བྲིས་པ་དང། ཡང་། སྔོན་གྱི་ཞུ་དག་པ་མང་པོས་ཀུན་ཏུ་ལ་ཀུན་དུ་དང་། ཤིན་ཏུ་ལ་ཤིན་དུ་བྲིས་པ་སོགས་སྐྱོན་གྱི་ཆ་ཡང་ཐོན་འདུག་སྙམ་མོ། ། དོན་གྱིས་ལག་ལེན་ངོས་ནས་ཀྱང། ཡིན་ཡང་། ཡིན་ཀྱང་། རྒྱན་ཅེས་བྱ་བ་དང་། རྒྱན་ཞེས་བྱ་བ་ལྟ་བུའོ། ། འོན་ཀྱང་ལ། འོན་ཡང་། བསྒྱུར་ཏོ་ལ་བསྒྱུར་རོ་བྲིས་པ་སོགས་མང་ལ། ལྷག་པར་དེང་གི་བློ་གསར་བ་རྣམས་མགོ་རྨོངས་སུ་བཅུག རྙོག་འཛིང་ཆེ་བའི་དཀའ་གནད་ཅིག་ལ་ངོས་འཛིན་བྱས། ཞིབ་ཏུ་བསམ་ན་ད་དྲག་བསྡུས་པ་དེ་ལེགས་པའི་ཆ་ཤས་སུ་འགྱུར་འདུག་སྙམ། སྐབས་འགའ་ད་དྲག་སྐོར་ཉི་མའི་འོད་ཟེར་ས་གཞི་ལ་ཕོག་བའི་ཚེ་ས་གཞི་གསལ་མེར་ལེ་མཐོང་བ་བཞིན་མཇལ་དུ་ཡོད་ན་ཅི་མ་རུང་སྙམ་མོ།། །།
བརྡ་སྤྲོད་རིག་པའི་གནས་ལ་མི་མཁས་ཤིང་། །
དཔྱད་པ་ཞིབ་མོལ་བྱེད་པའི་རྣམ་དཔྱོད་མེད། །
ཐོན་མིའི་བཀའ་དྲིན་ཆ་ཤས་ཅུང་ཙམ་ཞིག།།
སྨྱུ་གུའི་རྩེ་མོ་ལན་གཅིག་བརྡར་ནས་ཡོད། །
ལེགས་བཤད་མཁས་པའི་བློ་གྲོས་ང་ལ་མེད། །
དཔྱད་རྩལ་གཤོག་ཟུང་ཡངས་པོ་མེད་ན་ཡང་། །
ད་དྲག་གནས་ལུགས་བུ་མོ་ཞལ་རས་ལ། །
ལན་ཅིག་མིག་ཟུར་ངོས་ལ་བལྟས་པར་ཤོར། །
ཞེས་པ་ད་དྲག་སྐོར་རང་ཉིད་སུམ་རྟགས་ལ་གོམས་ཕྱིར་ས་མཐའི་ཡུལ་ནས་བྱམས་པ་དབང་ལྡན་གྱིས་༢༠༡༨/༩/༢༠ཉིན་བྲིས་སོ།།