Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

༄༅།།བཞུད་ཟིན་པའི་ཡབ་མེས་ཚོའི་ཚེ་སྲོག་སྣང་མེད་དུ་འཇོག་མི་རུང་།

ཐུབ་བསྟན་བཀྲ་ཤིས།

April 2, 2022
in དཔྱད་རྩོམ།
0

བོད་བཙན་པོའི་དུས་རབས་ནས་བཟུང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ནང་བར་ཆབ་སྲིད་དང་།   འཛིན་སྐྱོང་།   ཁྲིམས་ལུགས་དང་དམག་དོན་བཅས་པ་བོད་མི་རང་གིས་དོ་དམ་སྟངས་འཛིན་བྱས་ནས་ཡོང་ཡོད་པ་ལས།   རྒྱལ་ཁབ་དང་ཡུལ་ལུང་གཞན་གྱི་བཙན་འོག་ཏུ་གཏན་ནས་བསྡད་མེད་ལ།   བོད་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་སྨོས་མེད་ཡིན།  ཕྱི་ལོ་༡༩༤༩ ལོ་ནས་བཟུང་རྒྱ་ནག་དམར་པོའི་གཞུང་གིས་དྲག་མཚོན་དང་གཡོ་ཇུས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིམ་པས་བོད་ས་ཡོངས་སུ་བཙན་འཛུལ་བྱས་པའི་བརྒྱུད་རིམ་ཁྲོད་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཡོད་པ་དང་།   དགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར་བཏང་ནས་བོད་མིའི་ཆོས་དང་རིག་གཞུང་གི་བསྟི་གནས་རྣམས་རྨང་མེད་བཟོས་ཡོད་པ་ཙམ་དུ་མ་ཟད།     བོད་གངས་ཅན་ལྗོངས་ཀྱི་ཕ་མེས་ཡང་མེས་ཚོས་མི་ལོར་སྟོང་ཕྲག་མང་པོར་བསགས་པའི་རྩ་ཆེའི་ཤུལ་བཞག་རིག་གནས་དང་རྒྱུ་ནོར་ལོངས་སྤྱོད་ཡོངས་རྒྱ་ནག་དམར་པོའི་གཞུང་གིས་བཙན་ཤེད་ཀྱིས་རྐུ་འཕྲོག་བཅོམ་གསུམ་བྱས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་དང་གཏོར་བཤིག་ཚད་མེད་བཏང་སྟེ་བོད་མི་རིགས་ཀྱི་འཚོ་གནས་ལ་སྒོ་ཀུན་ནས་བརྡབ་གསིག་འཕྲད་ཡོད་པའི་ཉེར་ལེན་ལ་བརྟེན།  བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་སུ་མ་ཆད་པའི་བླ་ཆེན་རྣམ་པ་དང་། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་འཛིན་བཀའ་ཤག་གི་དབུས་བོད་མི་སེར་སྐྱ་འབུམ་ལ་ཉེ་བ་བཙན་བྱོལ་དུ་རིམ་པས་སྐྱབས་བཅོལ་བའི་འཚོ་གནས་བྱེད་དགོས་བྱུང་ཡོད་པ་དང་།   དུས་དེ་ནས་བཟུང་བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོའི་མགོ་ཐོག་ཏུ་དམྱལ་བ་མི་ཡུལ་དུ་འཕོས་འདྲའི་དཀའ་ངལ་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་འདི་དག་བོད་མི་རིགས་འདི་ཤ་ཟད་རུས་ལ་མ་ཐུག་བར་དྲན་ངོར་ནས་དུས་ནམ་ཡང་བརྗེད་མི་རུང་བ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གིས་འཐབ་རྩོད་ཀྱི་གཞི་རྩའམ་མ་རྩ་གཙོ་བོ་དེ་ཡིན་པ་ངེས་ཤེས་རྙེད་དགོས།

དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འཛམ་གླིང་འདིའི་ཐོག་ཁྲིམས་ལུགས་ཀྱི་དབང་བསྒྱུར་འོག་ཆབ་སྲིད་ཀྱི་འགྱུར་བ་སྣ་ཚོགས་ཤིག་འགྲོ་བཞིན་ཡོད་ན་ཡང་ངོ་ཚ་དང་ཁྲེལ་གཞུང་སྤུ་རྩེ་ཙམ་མེད་པའི་རྒྱ་ནག་དམར་པོའི་གཞུང་གིས་ངོས་ནས་ད་དུང་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཆོས་དང་།  རིག་གཞུང་།  སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས་སོགས་རྩ་མེད་བཟོ་རྒྱུའི་ངན་ཇུས་རྒྱུན་མ་ཆད་པར་འཐེན་བཞིན་ཡོད་པ་དང་།     ལྷག་པར་དུ་མི་རིགས་དབྱེ་འབྱེད་དང་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འོག་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཀྱི་ཡོད་པར་བརྟེན།  བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་རྒྱུའི་ཉེན་ཁ་འདི་ལ་ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོའི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དང་བོད་མིའི་ངོ་བོ་མཚོན་བྱེད་ཆོས་དང་རིག་གཞུང་། སྐད་དང་ཡི་གེ།   འཁོར་ཡུག་དང་བཅས་པ་སྲུང་སྐྱོབ་ཡོང་སླད་དུ་ལས་འགུལ་སྣ་མང་མུ་མཐུད་ནས་སྤེལ་ཡོད་ཀྱང་། ནུས་པ་དང་ཁྱབ་ཚད་ཀྱི་ཐོག་ནས་བཤད་ན་དེ་ཙམ་ཕན་ནུས་ཐོན་གྱི་མེད་པ་གསལ་བོ་རེད། རྒྱུ་མཚན་ནི་རྒྱ་ནག་དམར་གཞུང་ལ་གནམ་ས་བླ་འོག་བསྒྱུར་བའི་ནུས་པ་ཁྱད་པར་བ་ཞིག་ཡོད་པས་མ་ཡིན་དེ།  ང་ཚོར་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་དྲག་པ་དང་། ལྷག་དོན་དུ་བོད་མི་མི་རེ་ངོ་རེ་ནས་སེམས་ཀྱི་ཟབ་ས་ནས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་གསོན་པོ་ཞིག་མེད་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ཙམ་སྒུལ་ཤུགས་སམ་ནུས་པ་ཐོན་གྱི་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།                                              

ཕྱི་སྡོད་བོད་པའམ་བོད་མིའི་མགྲིན་ཚབ་པ་ཚོའི་ནུས་པ་དང་སྤོབས་པས་མ་འདངས་བ་བསྡོམས་བརྒྱབ་ནས་བཤད་ཐུབ་པ་ཞིག་རེད།  བོད་ནང་ལོགས་ལ་ཆ་མཚོན་ན། ཕྱི་ལོ་༢༠༠༨  ལོ་ནས་བཟུང་སླར་ཡང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཆོས་དང་རིག་གཞུང་།    སྐད་ཡིག་དང་འཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་རྒྱ་ནག་དམར་པོའི་གཞུང་གིས་དྲང་བདེན་མིན་པའི་སྲིད་ཇུས་ལ་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བོད་ས་ཡོངས་སུ་ཞི་རྒོལ་བྱས་ཡོད་པ་རེད།   སྐབས་དེར་ཡང་རྒྱ་གཞུང་གིས་མངོན་སུམ་འཛེམས་མེད་ཀྱིས་དྲག་གནོན་དམར་གསོད་དང་།    མནར་གཅོད་རྡུང་རྡེག་ཚད་བརྒལ་བཏང་ནས་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་རེད།      དེ་ནས་བཟུང་བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་མཚམས་མ་ཆད་པར་ཞི་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་གནང་ཡོད།    སྐབས་མཚམས་དེ་དག་ཏུ་ཡང་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་བོད་མི་ཚོའི་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་མངོན་སུམ་འཛེམས་མེད་དུ་བྱས་ནས་བོད་མི་ཁྲི་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་སྟོང་ཕྲག་མང་པོ་གཡོ་ཐབས་སྣ་ཚོགས་འོག་དམར་གསོད་བཏང་དང་གཏོང་བཞིན་ཡོད་པའི་ཛ་དྲག་གི་གནད་དོན་འདི་ཡང་བོད་མི་རིགས་ཀྱི་ཟུངས་ཁྲག་གི་བྲིས་པའི་ལོ་རྒྱུས་ཤིག་ཏུ་ངོས་འཛིན་བྱེད་དགོས་པར་སེམས།

  ལར་ནས་དུས་རབས་ཉེར་གཅིག་པ་འདི་ནི་ཞི་བདེ་དང་འཆམ་མཐུན་མང་གཙོ་འཕེལ་རྒྱས་བཅས་ཀྱི་དུས་རབས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ནའང་།  ད་དུང་རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ཚོར་མི་སྤྱོད་ལས་འདས་པའི་བཙན་འཛུལ་དང་གཉའ་གནོན་བཤུ་གཞོག་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པར་མ་ཟད།  བོད་བསྟན་སྲིད་ལ་སྲི་ཞུ་སྒྲུབ་མཁན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། གསེར་རྟ་མཁན་ཆེན་ཆོས་རྗེ་འཇིགས་མེད་ཕུན་ཚོགས། གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་གཙོས་བོད་ཀྱི་བླ་ཆེན་རྣམ་པས་མཚོན་བོད་མི་རིགས་ཀྱི་ནུས་ལྡན་སྣེ་ཁྲིད་པ་ཚོར་ཉེས་མིང་དང་གཡོ་ཇུས་སྣ་ཚོགས་གཡོགས་ནས་རེ་རེ་བཞིན་དམར་གསོད་བཏང་དང་གཏོང་མུས་ཡོད་པ་དང་།   ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་མཚོན་ཉེས་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་ཉེས་མིང་སྣ་ཚོགས་གཡོགས་ཏེ་འཛིན་བཟུང་བཙོན་འཇུག་གི་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པའི་གནད་དོན་འདིའི་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ངན་ཇུས་འཐེན་བཞིན་ཡོད་པ་གསལ་སྟོན་བྱས་ཡོད།

ཕྱི་ལོ་༢༠༠༩ ནས་བཟུང་ས་སྒང་ཧྲིལ་པོའི་ཁྱོན་ཡོངས་སུ་ཉེ་རབས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་པའི་བོད་མི་ཚོས་ཆེས་འུ་ཐུག་ཐབས་ཟད་ཀྱི་རང་བསྲེགས་རྒྱ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་མི་སྤེལ་ཀ་མེད་བྱུང་ཡོད་ལ།   དོན་གནད་འདིའི་འབྱུང་རྐྱེན་དེ་ཡང་རྒྱ་ནག་དམར་པོའི་གཞུང་གིས་ཆེས་གཡོ་ཧམ་དང་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་སྤུ་ཙམ་མེད་པར་མ་ཟད།    དུས་རབས་དང་དངོས་ཡོད་གནས་སྟངས་གང་དང་ཡང་གཏན་ནས་མི་མཐུན་པའི་མི་སྤྱོད་ལས་འདས་པའི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་སྣ་ཚོགས་ཤིག་གཏོང་བཞིན་ཡོད་པ་དང་།   ལྷག་དོན་དུ་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་བཟོ་དང་བཟོ་མུས་ཡོད་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་ཚོས་རང་བསྲེགས་རྒྱ་རྒོལ་གྱི་ལས་འགུལ་འདི་མི་སྤེལ་ཀ་མེད་འབྱུང་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན་པར་སོང་།   རྒྱ་ནག་དམར་པོའི་གཞུང་གིས་གནད་དོན་འདིའི་འབྱུང་རྐྱེན་ཐོག་འཛམ་གླིང་རྒྱལ་སྤྱིའི་ཁྱོན་དུ་འཁྱོག་བཤད་དང་རྗུན་བསྒྲགས་ལོགས་འགྲེལ་སོགས་ག་ཚོད་བྱས་ཀྱང་བརྡ་འཕྲིན་གྱི་དུས་རབས་འདིར་འཛམ་གླིང་མི་མང་རྒྱ་གཞུང་གིས་མགོ་སྐོར་གཏན་ནས་གཏོང་མི་ཐུབ་ལ།  བོད་རྒྱའི་དོན་དངོས་ཀྱི་གནས་སྟངས་དང་ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་སོགས་གསལ་བོ་ཤེས་རྟོགས་ཐུབ་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད།   

བོད་ནང་རང་ལུས་མེར་བསྲེགས་ཀྱི་མཚོན་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་མང་དག་ཅིག་གིས་འབྱུང་རྐྱེན་གཙོ་བོ་ཇི་ཡིན་ལ་རྒྱ་ནག་གཞུང་གིས་རྟོག་ཞིབ་དང་བསམ་ཤེས་དེ་བཞིན་དོན་དངོས་ཀྱི་རྒྱུ་རྐྱེན་སོགས་ལ་བརྟག་དཔྱད་གང་ཡང་བྱེད་ཀྱི་མེད་པར་མ་ཟད།       གནད་དོན་དེ་དག་གི་འབྱུང་རྐྱེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས། དེ་འབྲེལ་གྱི་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་ཀྱི་ལས་རིགས་ཁག་ནས་སྐུལ་སློང་དང་བྱ་ངན་སྤེལ་གྱི་ཡོད་ཚུལ་གྱི་མ་རུང་ཁོག་བཅངས་ཀྱི་དངོས་བདེན་མིན་པའི་བསྙོན་དཀྲི་དང་དྲིལ་བསྒྲགས་སྣ་ཚོགས་ཤིག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དུས་ནས་དུས་སུ་སྤེལ་དང་སྤེལ་མུས་ཡོད་པ་ཡིན་དུས། ང་ཚོའི་ངོས་ནས་ད་དུང་རྣམ་པ་གསར་པ་དང་འགྱུར་བ་གསར་པ་ཞིག་ཡོང་བར་རེ་བ་ཆེན་པོ་ཞིག་རྒྱག་ས་ལྷག་ཡོད་མེད་ཐོག་ངེས་པར་དུ་འགོ་མང་ཡོངས་ནས་བསམ་བློ་ཞིབ་འདངས་རེ་རྒྱག་དགོས་པ་གལ་ཆེན་དུ་མཐོང་།

མདོར་ན་བོད་ཡུལ་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་རྒྱ་གཞུང་གི་དྲག་པོའི་དམག་གི་སྒྲིག་འཛུགས་སྔར་ལྷག་ཉིན་རེ་ནས་ཉིན་རེ་ཤུགས་ཆེ་རུ་བཏང་ནས་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་དང་འགྲོ་བ་མའི་ཐོབ་ཐང་། འགྲོ་འདུག་གི་རང་དབང་ཙམ་ཡང་མེད་པར་མ་ཟད། བོད་རིགས་ལ་མནར་གཅོད་གཏོང་རྒྱུར་ཡ་ང་སྙིང་རྗེ་སྤུ་རྩེ་ཙམ་མེད་པར་ཁག་དཀྲི་བསྙོན་འཛུགས་སྣ་ཚོགས་འོག་ཉེས་འཛུགས་དྲག་གནོན་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་དང་།  དེ་བཞིན་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་།  རིག་གཞུང་ལ་དམའ་འབེབ་དང་འཁོར་ཡུག་རྩ་གཏོར་བཅས་ཀྱི་ལས་འཆར་སྣ་ཚོགས་ཤིག་མུ་མཐུད་ནས་འཐེན་བཞིན་ཡོད་པ་རེད།  ལྷག་པར་དུ་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཚོ་དང་འབྲེལ་ཡོད་ལྟོས་བཅས་ཡོངས་ཀྱིས་མཚོན། བོད་བསྟན་སྲིད་ལ་སྲི་ཞུ་སྒྲུབ་མཁན་ཡོངས་ལ་མ་ཉེས་ཁག་གཡོགས་དང་ཉེས་མེད་ཉེས་འཛུགས་ཀྱིས་འཁྱོག་བཤད་རྫུན་བསྒྲགས་དང་འཛིན་བཟུང་བཙོན་འཇུག་སོགས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཇི་རིགས་གཏོང་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན་དུས།  བོད་རྒྱའི་གནད་དོན་གཙང་སེལ་ཡོང་མིན་དེ་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་བཅས་ཀྱི་རྒྱབ་སྐྱོར་ཡོད་མེད་དང་། རྒྱབ་སྐྱོར་མཚོན་ཆེད་དུ་གྲོས་ཆོད་བཞག་ནས་གཏམ་བཤད་ཕྲན་ཚེགས་རེ་སྤེལ་བ་ཙམ་ལ་རེ་བ་བརྒྱབས་ནས་བསྡད་ན་དུས་ཚོད་འཕྲོ་བརླག་ཙམ་ལས་གྲུབ་འབྲས་རྒྱ་ཆེན་པོ་ཞིག་ཐོན་ཐུབ་པར་ངོས་འཛིན་གཏན་ནས་བྱེད་ཀྱིན་མེད། རྒྱུ་མཚན་འདས་པའི་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ནང་རང་དབང་རང་བཙན་ཤོར་ཡོད་པའི་རྒྱལ་ཁབ་ཚོ་ལ། རྒྱལ་ཁབ་གཞན་གྱིས་རོགས་རམ་ལ་བརྟེན་ནས་རང་བཙན་བླངས་ནས་སྤྲད་བཞག་པའི་ལོ་རྒྱུས་ཧ་ལམ་གཅིག་ཙམ་ཡང་མེད་པའི་གནས་སྟངས་ང་ཚོས་ཤེས་དགོས་ལ། རྒྱལ་ཁབ་དེ་དག་གིས་སོ་སོའི་རྒྱལ་ཁབ་ཀྱི་ཕྱིར་ཚོང་འབྲེལ་ལམ་སོགས་སོ་སོའི་རྒྱལ་དོན་ལས་བོད་དོན་གལ་ཆེ་ལ་རྩི་མཁན་ཞིག་གཏན་ནས་མེད་པ་དེ་ཡང་ངེས་པར་དུ་ཤེས་དགོས།  མི་རིགས་རང་ཉིད་ཀྱི་ནུས་པ་དང་ཆོད་སེམས་སྤོབས་པ་བཅས་ལ་བརྟེན་ནས་རང་གི་རྒྱལ་ཁབ་ཀྱི་ཁེ་དབང་དང་ཐོབ་ཐང་རྩོད་ལེན་བྱས་ནས་རང་དབང་རང་བཙན་ཐོབ་བཞག་པ་ད་ལྟའི་ང་ཚོའི་མིག་མདུན་ན་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཕྱེད་བརྒལ་ཙམ་བོད་རྒྱལ་ཁབ་ཤོར་བའི་རྗེས་སུ་རང་བཙན་ཐོབ་བཞག་པ་ཡིན་ཙང་།  ང་ཚོའི་ནང་ཁུལ་མགོ་རྡུང་སྤྲད་ཐབས་དང་གྲི་སོ་མདུང་སོ་ནང་ལ་བསྐོར་ནས་དགྲ་དགའ་གཉེན་སྡུག་གི་ལས་ཀར་འབད་རྩོན་བྱས་ནས་མ་བསྡད་པར། དངོས་ཡོད་ལོ་རྒྱུས་བདེན་དཔང་བྱས་ནས་མེས་པོ་ཚོའི་ཚེ་སྲོག་གི་རིན་ཐང་སྣང་མེད་དུ་མི་འཇོག་པར་རྡོག་རྩ་ཆིག་སྒྲིལ་གྱི་བདེན་དོན་འཐབ་རྩོད་ཀྱི་ལས་ལ་ཞུགས་དགོས་པའི་དུས་ལ་བབ་ཡོད་པར་མཐོང་།

                                                        ཕྱི་ལོ་༢༠༡༦ ཟླ་ ༠༣ ཚེས་ ༡༠ ཉིན་བོད་ཀྱི་རྩོམ་པོའི་གྲལ་འཁོད་པ་ཐུབ་བསྟན་བཀྲ་ཤིས་སམ་སྨྱུག་མིང་བོད་དུང་བས་བྲིས།  བོད་རྒྱལ་ལོ། །       

Share198Tweet124

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།