དཔའ་བརྟུལ།
མ་གཞི་འདི་ནི་སྐབས་འཕྲལ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་ཀྱང་འགྲུལ་ནད་(Car Sickness)དབང་གིས་བརྗེད་ཐོ་ཙམ་ལས་བྱུང་མི་འདུག་པས་བསྐྱར་སྒྲིག་བྱས་པ་ཡིན། ཚང་མ་དཀྱུས་གཅིག་ཏུ་བཤད་ན་བརྗོད་གཞི་རིགས་མཚུངས་པ་རྣམས་ཁ་འཐོར་འགྲོ་བས། དང་པོ་མཁའ་འགྲུལ་དང་གླ་འཁོར་སྐོར། གཉིས་པ་མགྲོན་ཁང་དང་ཟ་ཁང་སྐོར། གསུམ་པ་ཡུལ་སྐོར་དང་གནས་མཇལ་སྐོར། བཞི་པ་ཙག་ཙིག་འགའ་བཅས་ཚན་པ་བཞི་ལ་བགོས་པ་དང་། ཚན་པ་རེ་རེའང་བྱུང་བའི་རིམ་པ་ལྟར་མ་ཡིན་པར་གོ་བདེ་ཆེད་ལྡོག་ཟླ་ཅན་རྣམས་མཉམ་དུ་བཤད་ཡོད། གལ་སྲིད་གོ་མ་བདེ་བ་གྱུར་འདུག་ན་བསླབ་བྱ་ཞིག་དང་ཚོད་ལྟ་ཐེངས་གཅིག་ལ་བརྩི་རོགས་ཞུ། མདོར་ན། དུས་ཚོད་བཏང་ནས་འདི་འབྲི་དགོས་པའི་རྒྱུ་མཚན་ནི། མ་འོངས་འགྲུལ་བཞུད་བྱེད་མཁན་རྣམས་ལ་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་གྱུར་ཏེ། འགྲུལ་བཞུད་དངོས་སུ་བྱེད་སྐབས་ལས་སླ་ལ་སྟབས་བདེ་པོ་ཡོང་བ་དང་། ལུས་སེམས་དངུལ་གསུམ་ལ་ངལ་དུབ་གྲོན་གསུམ་སྔོན་འགོག་ཐུབ་པའམ་ཉུང་དུ་གཏོང་ཐུབ་པའི་ཆེད་དུ་ཡིན། དེས་ན། གཞན་ལ་ཕན་ཕྱིར་བྱས་པས་ཆོས་ཕྱོགས་ཀྱི་དགེ་ཚོགས་རླབས་པོ་ཆེ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ཅིག་ཡིན་ཀྱང་སྲིད། ད་དུང་མཁྱེན་སྤྱན་ཡངས་པ་ཚོས་སྒྲ་དག་དོན་གསུམ་གང་ལའང་ནོར་བཅོས་གནང་བ་ཡིན་ན་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ་གདོན་མི་ཟ།
གཅིག
ཕྱི་ལོ་༢༠༡༨ ཟླ་བ་བཅུ་པའི་མཇུག་ཙམ་དེར་ཨ་རི་ནས་རྒྱ་གར་དུ་ཐོན་པ་དང་། ཕར་ཚུར་གཉིས་ཀར་རྒྱ་གར་གནམ་གྲུ་(Air India)ནང་ཕྱིན། གནམ་གྲུ་དེའི་ནང་མི་གྲངས་སུམ་བརྒྱ་ལྔ་བཅུ་དང་། རྐུབ་སྟེགས་དཀྱུས་མའི་ཐོག་གི་མི་རེས་ཅ་དངོས་ཀི་ལོ་དྲུག་ཅུ་ཙམ་ཁུར་འགྲོ། འོག་ཏུ་ཀི་ལོ་ཉེར་གསུམ་རེ་ཡོད་པའི་དོ་པོ་གཉིས་དང་། གོང་དུ་མི་དང་མཉམ་དུ་ཀི་ལོ་བཅུ་གྲངས་ཁུར་ཆོག །མི་གཅིག་གིས་ཅ་དངོས་མང་པོ་འདི་འདྲ་ཁུར་ཆོག་མཁན་གནམ་གྲུ་རེ་ཟུང་ལས་མེད་ལ། ཨ་རི་དང་ལྷག་པར་ཡོ་རོབ་ཀྱི་གནམ་གྲུ་ཡིན་ན་དེའི་ཕྱེད་ཙམ་ཡང་ཁུར་མི་ཆོག ལྕི་བོང་གཉིས་ཀ་ལ་ཚད་གཞི་ཡོད་སྟབས་ལྕི་ཚད་མ་ལོན་ཀྱང་བོང་ཚད་བརྒལ་ན་ཁུར་མི་བཅུག་པས་དེ་ཡང་ཐུགས་ལ་བཞག་དགོས། གནམ་གྲུ་འདིའི་ཁྱད་པར་གཅིག་ནི་ཨ་རིའི་རྒྱལ་ས་ནས་རྒྱ་གར་རྒྱལ་སའི་བར་འཕུར་ཐེངས་གཅིག་(Non Stop)ཡིན་པ་དང་། ཕར་ལམ་ཆུ་ཚོད་༡༤ དང་ཚུར་ལམ་༡༥ ལས་འགོར་གྱི་མེད། ཕར་ཉིན་ཕྱེད་ཙམ་ལ་མུན་པའི་གདོང་བསུས་ནས་ཕྱིན་པས་མཚན་མོ་ཆུ་ཚོད་བདུན་ཙམ་ཡིན་ཚོད་ལ། ཚུར་མཚན་ཕྱེད་ཙམ་ལ་མུན་པའི་རྗེས་དེད་ནས་ཡོང་བས་ཆུ་ཚོད་བཅོ་ལྔ་རིང་ནམ་མ་ལངས།
གནམ་གྲུ་ཡག་ལོད་བཤད་སྐབས་བརྗོད་གཞི་གཅིག་ནི་ཞལ་ལག་གི་སྐོར་རེད། རྒྱ་བལ་གྱི་གནམ་གྲུ་ནང་ནུབ་ཕྱོགས་ཀྱི་གནམ་གྲུ་ལས་ཞལ་ལག་ཡག་བ་དང་། ཐེངས་མང་བ་ཡོད་པ་ཡོངས་གྲགས་ཆགས་འདུག །སྤྱིར་འཕུར་བའི་དུས་ཚོད་ལ་ལྟོས་ནས་ཁྱད་པར་ཏོག་ཙམ་ཡོད་འདུག་ཀྱང་། ཚུར་ལམ་ཆུ་ཚོད་བཅོ་ལྔའི་རིང་ཞལ་ལག་ཐེངས་བཞི་ཙམ་སྤྲད་སོང་། ཞལ་ལག་སྣ་ཁ་གཅིག་ལ་མང་པོ་ཞིག་མེད་ནའང་སྣ་འཛོམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། ནང་གསེས་མང་ཉུང་དང་སྔོན་རྗེས་གོ་རིམ་སོགས་ནི་དམིགས་བསལ་ཁྱད་ལས་པས་བཀོད་སྒྲིག་བྱས་ཡོད་པ་གོར་མ་ཆག་ལ། ཞལ་ལག་ཅི་ཞིག་ཟ་དགོས་པ་དང་ཇི་ལྟར་ཟ་དགོས་པ་མི་ཤེས་མཁན་རྣམས་ལ་བསླབ་བྱ་དང་མིག་དཔེ་ཡག་པོ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ཇ་དང་ཀོ་ཕི་གཉིས་པོ་ཞལ་ལག་གི་རྗེས་སུ་འཐུང་བའི་ཕྱི་ལུགས་འདི་དང་། ཞལ་ལག་གི་སྔོན་དུ་འཐུང་བའི་བོད་ལུགས་གཉིས་པོ་གང་ཞིག་གནས་ལུགས་དང་མཐུན་མིན་ད་དུང་བཤད་དཀའ་སྙམ།
དཀའ་རྙོག་གཅིག་ནི་འགྲུལ་བཞུད་ལག་འཛིན་(Ticket)སྐོར་ཡིན། ལྷག་པར་ཨིན་རྒྱ་སྐད་ཡིག་མི་ཤེས་མཁན་ལ་མཚོན་ན་དཀའ་ངལ་ཆེན་པོ་ཡོད། འགྲུལ་བཞུད་ཞབས་ཞུ་ཁང་(Travel Agency)ཁག་ཅིག་གིས་ཚད་ལས་བརྒལ་བའི་བར་ཟོས་ཤུགས་ཆེན་བྱེད་པ་མ་ཟད། འགྲུལ་པ་མགོ་འཐོམ་ཞིག་ཏུ་མཐོང་ཚེ་རྐུབ་སྟེགས་ཡག་ལོད་དང་། དུས་ཚོད་སྔ་ཕྱི་བརྗེ་ཚོང་བྱེད་པ་སོགས་སྤྲ་ལག་མང་པོ་རྩེ་ཡོང་། དེས་ན། དེང་སང་ཐད་ཀར་དྲ་ཐོག་ནས་ཉོས་ན་དུས་ཚོད་དང་དངུལ་སྨར་གཉིས་ཀ་སྲི་ཐུབ་ལ་སྟབས་ཀྱང་བདེ་པོ་ཡོད། སྤྱིར་གནམ་གྲུ་གཅིག་ཡིན་ཀྱང་རྐུབ་སྟེགས་རིམ་པ་ཁ་ཤས་ཡོད་པ་རིན་གོང་མི་འདྲ་ལ། དེ་ལ་ལྟོས་པའི་ཅ་དངོས་ཁུར་ཆོག་པའི་ལྕི་ཚད་ཀྱང་མི་འདྲ། རིམ་པ་གཅིག་ཀྱང་ཉིན་མ་རེ་རེ་དང་ཆུ་ཚོད་རེ་རེ་བཞིན་གོང་ཚད་འགྱུར་འགྲོ་བས། ད་ཐེངས་ངས་རིམ་པ་གསུམ་པའི་རྐུབ་སྟེགས་(Economy Class)གཅིག་ལ་ཕར་ཚུར་གཉིས་བསྡོམས་ཨ་སྒོར་བདུན་བརྒྱ་ལྔ་བཅུ་ལས་མ་ཤོར། ཕྱོགས་གཅིག་ནས་ཨ་སྒོར་གྱི་འཛའ་ཐང་འཕར་བས་ཡིན་སྲིད་ཀྱང་། གཙོ་བོར་དུས་ཚོད་གང་ཞིག་ལ་རིན་གོང་ཆུང་བ་ཡོད་མེད་ཞིབ་ཏུ་འཚོལ་དགོས།
སྤྱིར་གནམ་གྲུ་མང་པོ་བརྗེ་བ་དང་དུས་ཚོད་མང་པོ་འགོར་མཁན་རྣམས་རིན་གོང་ཆུང་བ་དང་། དུས་ཚོད་ཐུང་ངུའི་ནང་སླེབས་པར་རིན་གོང་མཐོ་བ་ཡོད། འོན་ཀྱང་དུས་ཚོད་ཡག་པོ་སྒྲིག་ན་དུས་ཐུང་གོང་ཆུང་དེ་འདྲ་ཡང་མང་པོ་ཡོད་པས་“ཕོ་སྤྲོ་ཐུང་གཅིག་དང་མ་ཐུག་ན། རྡོ་གོར་མོ་གཅིག་ལ་སྣ་དགུ་ཡོད”ཅེས་པ་ལྟར་ཡག་པོ་བལྟ་དགོས་པ་གལ་ཆེ། དཔེར་ན། ང་རང་ཕར་འགྲོ་བའི་དུས་ཚོད་ལ་མཚོན་ན། ཉིན་འགའ་རེ་དང་སྔ་དགོང་ལ་རིན་གོང་ཁྱད་པར་དེ་ཙམ་མི་འདུག་མོད། ཚུར་ཡོང་བའི་དུས་ཚོད་ཉིན་གཅིག་སྔ་ན་ཨ་སྒོར་སུམ་བརྒྱ་འཕར་བ་དང་། ཉིན་གཅིག་འཕྱི་ན་ཨ་སྒོར་བཞི་བརྒྱ་མཐོ་རུ་འགྲོ་གི་འདུག དེ་ནི་རྟོགས་དཀའ་བའི་གནས་གང་ཡང་མ་ཡིན་པར། ང་རང་ཕྱིར་ཡོང་ཉིན་ཏག་ཏག་རྒྱ་གར་གྱི་དུས་ཆེན་གྲགས་ཅན་དྷི་ཝ་ལི་(Diwali)ཁེལ་ཡོད་པས་རེད། ནམ་རྒྱུན་ནས་ལམ་བར་མི་བཀག་པ་ཤར་རེ་འགྲོ་མཁན་གནམ་གྲུ་དེའི་ནང་གི་འགྲུལ་པ་བརྒྱ་ཆ་དགུ་བཅུ་གོ་ལྔ་རྒྱ་གར་བ་ཡིན་པ་དང་། རྒྱ་གར་བ་གང་ཞིག་དུས་ཆེན་ཁྱད་པར་ཅན་གྱི་ཉིན་དེར་ཕྱི་ལ་འགྲོ་མཁན་དཀོན་པོ་ཡིན་པས་རིན་གོང་ཆུང་ཆུང་ཆགས་པ་རེད། དེས་མཚོན། ཡུལ་དུས་སོ་སོ་ལ་ལྟོས་ནས་རིགས་བགྲེ་གཏོང་སྟེ་འཚོལ་ཤེས་ན་ལག་འཛིན་རིན་གོང་ཁེ་པོས་ཉོ་ཐུབ།
ང་སྡོད་སའི་གནམ་གྲུ་དེ་ཨ་རི་ནས་རྒྱ་གར་དུ་ཐད་ཀར་མི་འཕུར་པར་ཁ་བྱང་ཤར་དུ་ཕྱོགས་ནས་ཁེ་ཎ་ཌ་དང་། གྷི་རེན་ལན་ཌི། ཨི་སེ་ལན་ཌི། ཨིན་ལན་གྱི་བྱང་ངོས་ནས་བསྐོར། ནོར་ཝེ། སེ་ཝེ་ཌེན་ནས་ཁ་ལྷོ་ལ་ཕྱོགས་ཏེ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་བརྒྱུད་འཇའ་ལམ་ལྟར་གུག་ནས་འཕུར་བཞིན་འདུག་པས་ལྟད་མོ་ཆེན་པོ་མཐོང་རེས་དགའ་པོ་བྱུང་། རྒྱ་མཚོ་ཕྲེད་བཅད་མི་བྱེད་པར་ཕལ་ཆེ་བ་སྐམ་ས་བརྒྱུད་ནས་འཕུར་བ་ནི་དཀའ་ངལ་འཕྲད་ཚེ་གདོང་ལེན་བྱེད་བདེ་བའི་ཆེད་དུ་ཡིན་ནམ་སྙམ། ངས་བལྟ་འདོད་པ་ནི་མོ་སུ་ཀོའི་ལྷོ་ཕྱོགས་ནས་པཱ་ཀི་སི་ཐན་བར་གྱི་ཁ་ཛག་སི་ཐན་དང་། ཨུ་ཛ་བྷེ་ཁི་སི་ཐན། ཁུར་ཁེ་སི་ཐན། ཏ་ཇིག་སི་ཐན། ཏུར་ཁུ་མེ་ནི་སི་ཐན། ཨབ་གྷན་སི་ཐན་སོགས་ཡུལ་ལུང་དེ་དག་གི་བཀོད་དབྱིབས་སྤྱི་དང་། ཡུལ་གྲུ་དེ་དག་དང་བོད་བར་གྱི་ས་བབ་ཆགས་སྟངས་དེ་ཡིན། འོན་ཀྱང་སྐབས་དེར་བར་སྣང་སྤྲིན་སྨག་གིས་གང་ནས་གསལ་པོ་མི་མཐོང་བ་དང་། ཁེ་ཎ་ཌ་ནས་ཁ་ཛག་སི་ཐན་ཡོལ་བ་དང་ས་རུབ་པ་ཁེལ་བ་བཅས་ཀྱིས་ས་ཁུལ་མང་པོ་ཞིག་མཐོང་མ་ཐུབ།
ཞོགས་པ་སྒེ་ཁུང་ནས་གསལ་ལ་མི་གསལ་ཞིག་མཐོང་བ་ལྟར་ན། ཁ་ཛག་སི་ཐན་ནས་ཇི་ཙམ་གྱིས་ལྷོ་ཕྱོགས་སུ་ཕྱིན་པ་ན་རི་ཚོགས་ཇེ་མང་དུ་འགྲོ་བ་དང་། ས་གཞི་ཇེ་སྐྱ་ལ་འགྱུར་འགྲོ། ཧིནྡུ་ཀུ་ཤ་ཡིན་ནམ་སྙམ་པ་གངས་ཀྱིས་གཡོགས་པའི་རི་རྒྱུད་འགའ་བརྒལ་རྗེས་ཨབ་གྷན་སི་ཐན་གྱི་རྒྱལ་ས་ཀ་བྷུལ་དུ་འབྱོར་བ་དང་། དེ་ནི་མཐའ་ཡོངས་སུ་རི་ཚོགས་ཀྱིས་བསྐོར་བའི་ལུང་གཤོང་ཆེན་པོ་ཞིག་ལས་གྲོང་ཁྱེར་ཆེན་པོ་མེད་ལ། ཁང་རྩེག་ཆེན་པོ་དང་མཐོན་པོ་ཡོད་པ་འདྲ་པོའང་མི་འདུག །བྱང་ངོས་ཀྱི་གངས་རི་དང་། བྲག་རི། བྱེ་ཐང་། གྲོག་རོང་དེ་ཚོ་མཐོང་སྐབས་གྷི་རིག་དང་སྟག་གཟིག་བ། ཧུ་ན་དང་ཏུ་རུ་ཁའམ་ཊར་ཀི་བ། སོག་པོ་མོང་གྷོལ་བ་སོགས་རྒྱ་གར་དུ་བཙན་འཛུལ་བྱེད་མཁན་རྣམས་དང་། ཤར་ཙི་ནའི་ཡུལ་ནས་ནུབ་འཕགས་མཆོག་གླིང་དུ་ཆོས་དང་ཟོངས་ལེན་དུ་ཡོང་མཁན་རྣམས་ཀྱི་སྙིང་སྟོབས་ལའང་ཡིད་སྨོན་མ་བྱས་ཀ་མེད་བྱུང་། ད་དུང་སྔར་ཡུལ་དེར་རྒྱལ་པོ་ཀཎིཥྐ་སོགས་སྟོབས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཇི་སྙེད་ཅིག་བྱོན་པ་དང་། དུས་རབས་བཅུ་དགུ་པར་རུ་ཨིན་བཙན་རྒྱལ་ཆེན་པོ་གཉིས་ཀྱིས་ཡུལ་དེ་ལྷོ་བྱང་གཉིས་སུ་བགོས་ནས་འགྲན་རྩེད་ཆེན་མོ་(The great game)ཇི་ལྟར་བརྩེས་པ་དང་། དེང་སང་གི་མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་ཡ་ང་བ་རྣམས་ཀྱང་དྲན་ཡོང་།
ཀ་བྷུལ་ནས་ཤར་ལྷོའི་ཕྱོགས་སུ་ཡོང་སྐབས་པཱ་ཁི་སི་ཐན་དུ་སླེབས། བོད་པས་ཨུ་རྒྱན་(Swat)གྱི་ཡུལ་དུ་འབོད་པའི་ལྷོ་ཕྱོགས་དང་། གྷན་དྷ་ར་སྟེ་འགྲོ་ལྡིང་གི་ཡུལ། ཏཱ་ཤི་ལཱ། ཡུལ་རྡོ་འཇོག་བཅས་ཀྱི་མཁའ་དབྱིངས་བརྒྱུད་སྐབས་ཡུལ་དེ་དག་ཏུ་སྔར་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་ཚུལ་དྲན་ནས་སེམས་པ་དུང་ངེ་བ་ཞིག་དང་། གནའ་བོའི་ཞང་ཞུང་གི་ཁྱབ་ཁོངས་ཀྱང་ཡིན་སྲིད་སྙམ་པ་སོགས་རྣམ་རྟོག་སྣ་ཚོགས་ཤིག་སྐྱེས། བོད་བཙན་པོའི་མངའ་ཁོངས་ཀྱི་ནུབ་མཚམས་སྟག་ཤ་དུང་གི་སྒོ་མོ་ཟེར་བ་ནི་གངས་རི་ཧིནྡུ་ཀུ་ཤའམ། ཡང་ན། གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ཏཱ་ཤི་ལཱའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་སྒོ་དཀར་པོ་གང་རུང་ལས་མི་འདའ་བ་འདུག་སྙམ་པའང་བྱུང་། བོད་སྐད་དུ་སེངྒེ་གཙང་པོའམ་ཆུ་བོ་སིནྡུ་(Indus River)བརྒལ་ནས་ཇི་ཙམ་གྱིས་ལྷོར་ཕྱིན་པ་དེ་ཙམ་གྱིས་བདེ་ཐང་དང་ཞིང་ས་ཇེ་མང་དུ་འགྲོ་ཞིང་། མཐར་བར་སྣང་རྡུལ་སྨག་གིས་གང་བ་དང་། ས་གཞི་ཁང་རྩེག་གིས་གང་བ། ལམ་རྣམས་མོ་ཊ་དང་མི་ཚོགས་ཀྱིས་གང་བ། ལམ་ཟུར་རྣམས་ལྗོན་ཤིང་གིས་གང་བ་བཅས་གང་བ་བཞི་དང་ལྡན་པའི་རྒྱལ་ས་ལྡི་ལི་གསར་པར་འབྱོར།
གནམ་ཐང་གི་སྒོར་དོན་པ་དང་གཞུང་འབྲེལ་གྱི་གླ་འཁོར་གླ་ས་ཞིག་འདུག་མོད་འཚང་ཁ་ཆེ་ལ་བང་རིང་བས་སྒུག་མ་ཐུབ་པར། ལྡི་ལིའི་གནམ་ཐང་ནས་བོད་སྒར་བསམ་ཡས་གླིང་(Majnu Ka Tilla)བར་གླ་འཁོར་ལ་ཧིན་སྒོར་ཉིས་སྟོང་སྤྲད་ནས་ཡོང་། རྗེས་སུ་ཤེས་པ་ལྟར་ན། བོད་སྒར་ནས་གླ་འཁོར་ཞིག་གནམ་ཐང་དུ་འགྲུལ་པ་ལེན་ས་གཏོང་ན་ཧིན་སྒོར་བརྒྱད་བརྒྱ་ལས་དགོས་ཀྱི་མི་འདུག་པས། མ་འོངས་ཕེབས་མཁན་ཚོས་བོད་སྒར་དུ་ངོ་ཤེས་ཡོད་ཚེ་མངགས་པའམ། གལ་སྲིད་མགྲོན་ཁང་སྔོན་མངག་གནང་ཡོད་ན་ཁང་གཉེར་ལ་གླ་འཁོར་ཞིག་བསུ་བར་གཏང་རོགས་ཞུས་ན་ཡག སྟབས་བདེ་ཤོས་ཤིག་ནི་གྲོགས་པོ་བརྒྱུད་ནས་རྒྱ་གར་ལུགས་ཀྱི་དྲ་ཐོག་གླ་འཁོར་(Uber)མངགས་པའམ། དྲ་ལམ་ཡོད་ཚེ་ནུབ་ཕྱོགས་ནས་དྲ་ཐོག་གླ་འཁོར་མངག་སའི་མཉེན་ཆས་(APP)ལས་ཀྱང་མངགས་ཐུབ་པ་དེ་ཡིན། དེ་མིན་གཞུང་འབྲེལ་གླ་འཁོར་ཆེད་བང་རིམ་སྒུག་མ་ཐུབ་པར་གནམ་ཐང་རང་ནས་གླ་འཁོར་གླ་དགོས་ན་ཉིས་སྟོང་ནས་ཉིས་སྟོང་ལྔ་བརྒྱ་བར་དགོས་པ་དང་། དེ་ཡང་ལས་སླ་པོ་རག་གི་མི་འདུག་པས། ངལ་དུབ་ཀྱིས་མནར་བའི་ཐག་རིང་འགྲུལ་པ་རྣམས་ཡི་ཐང་ཆད་ངེས།
ལྡི་ལི་ནས་རྡ་སར་ཡར་གནམ་གྲུ་(Spice Jet)ནང་ཕྱིན་པ་ཆུ་ཚོད་གཅིག་ལྷག་ལ་ཧིན་སྒོར་བཞི་སྟོང་ཙམ་དང་། མར་ཡུལ་སྐོར་བྷ་སི་ཨ་མ་ཟེར་བའི་ནང་ཡོང་བར་ཧིན་སྒོར་བརྒྱད་བརྒྱ་ཏག་ཏག་སྤྲད། གྲང་རླུང་ཡོད་མཁན་གྱི་བྷ་སི་ལ་ཧིན་སྒོར་བརྒྱ་ལས་འཐོལ་པ་མི་དགོས་ཟེར་ཡང་། གནམ་གཤིས་ལ་བལྟས་ན་གྲང་རླུང་ཅན་ནང་བསྡད་ཚེ་འཁྱག་ས་རེད་བསམས་ནས་མི་དགོས་ལབ། ལྡི་ལི་ནས་བལ་ཡུལ་ཡར་མར་གཉིས་ཀ་གནམ་གྲུ་(Nepal Airlines)ནང་སྐྱོད་པ་བསྡོམས་ཧིན་སྒོར་ཁྲི་གཅིག་ལྷག་དང་། ལམ་བར་ཆུ་ཚོད་གཉིས་ཙམ་ལ་ཁ་ལག་ཡག་པོ་ཞིག་ཟོས་རྗེས་སླེབས་ཚར་བས་སྐྱིད་པོ་བྱུང་། འོན་ཀྱང་བལ་ཡུལ་གྱི་ལམ་ཡིག་(Visa)གནམ་ཐང་ནས་ཞུ་རྒྱུ་བྱས་པས་རྙོག་དྲ་ཚ་པོ་དང་། འཚང་ཁ་ཧ་ཅང་ཆེ་བས་ཆུ་ཚོད་གསུམ་ཙམ་འགོར། ནུབ་ཕྱོགས་པ་དང་ལྷག་པར་ཡོ་རོབ་པ་ཧ་ཅང་མང་ལ། རྒྱ་ནག་ནས་ཐད་ཀར་ཉིན་རེར་ཡུལ་སྐོར་བ་གནམ་གྲུ་བཞི་རེ་འབྱོར་གྱི་རེད་ཟེར། གཅིག་བྱས་ན་ད་ཐེངས་བལ་ཡུལ་ཡུལ་སྐོར་ནམ་དུས་དང་ཁེལ་བས་ཡིན་སྲིད་ཀྱང་། སྤྱིར་བཏང་ལམ་ཡིག་སྔ་ས་ནས་ཞུ་ཐུབ་ན་སྟབས་བདེ་བར་སྙམ།
འགྲུལ་བཞུད་ལག་འཛིན་ཉོ་སྟངས་གོང་མཚུངས་འཚོལ་ཞིབ་ཡག་པོ་བྱས་ན་རིན་གོང་ཧ་ཅང་ཁེ་པོ་རག་མཁན་ཡང་འདུག གནམ་གྲུ་འདྲ་མིན་ལས་ཁུར་ཆོག་པའི་ཅ་དངོས་ཀྱི་ལྕི་ཚད་ཀྱང་མི་འདྲ་བ་འདུག་ལ། ང་རང་སྡོད་སའི་གནམ་གྲུ་ནང་འོག་ཏུ་ཅ་དངོས་ཀི་ལོ་ཉི་ཤུ་དང་། གོང་དུ་བཅུ་ཙམ་ལས་ཁུར་མི་བཅུག སྤྱིར་བཏང་གོང་དུ་མི་དང་མཉམ་དུ་ཁུག་མ་ཆུང་ཆུང་(Small bag)གཉིས་ཙམ་ཁུར་ཆོག་པ་དང་། ལྷག་པར་གནམ་ཐང་ནང་ལོགས་ནས་ཉོས་པའི་བཅའ་དངོས་ཡིན་ཚེ་མང་ཙམ་ཁུར་ཡང་ཅི་མི་ཟེར་བ་འདྲ། གནམ་ཐང་ནས་ཉོས་པ་ཕུད། ཁ་ཟས་ཙག་ཙིག་རིགས་གོང་དུ་ཁུར་ན་སྔོག་བཤེར་ནན་པོ་བྱེད་པ་དང་། ངོ་སྣུམ་དང་སོ་སྨན་སོགས་ཆེ་ཆུང་གི་ཚད་གཞི་ལས་བརྒལ་ན་གཏན་ནས་ཁུར་བཅུག་གི་མི་འདུག འོན་ཀྱང་གྲི་དང་སྟ་རེ་སོགས་སྤྱིར་བཏང་གི་མཚོན་ཆ་དང་། སྤྱིར་བཏང་གི་ཁ་ཟས་སོགས་གོང་དུ་ཁུར་མི་ཆོག་པ་མང་པོ་ཞིག་འོག་ཏུ་བཏང་ཆོག་པ་ཡང་ཤེས་དགོས།
བལ་ཡུལ་རྒྱལ་ས་ནས་མོ་ཊ་ཞིག་གླས་པ་བལ་སྒོར་ཆིག་ཁྲི་ལྔ་སྟོང་སྤྲད་པ་ཆུ་ཚོད་དྲུག་གིས་པོག་ར་མཚོ་འགྲམ་(Lake side)དུ་འབྱོར་བ་དང་། པོག་ར་(Pokhara)ནས་གནམ་གྲུ་ལ་ཡོང་བ་བལ་སྒོར་བཞི་སྟོང་སྤྲད་པ་ཆུ་ཚོད་ཕྱེད་ཀ་ཙམ་གྱིས་ཀ་ཐ་མན་ཌུར་འབྱོར། ཡུལ་སྐོར་བྷ་སིར་ཕྱིན་ན་བལ་སྒོར་ཆིག་སྟོང་ལས་མི་དགོས་པ་དང་། སླེབས་མགྱོགས་ལ་གོང་ཁེ་བའི་གནམ་གྲུ་ལའང་མ་ཕྱིན་པར་ཡར་ལམ་མོ་ཊ་ནང་འགྲོ་དོན་ཅི་ཡིན་ཟེར་ན་དོན་དག་གཅིག་རང་ཡོད། ང་ཡི་ཞང་པོ་གསུམ་གློ་དམག་སྒར་ནང་ཞུགས་མྱོང་བ་དང་། རྒྱ་གར་ནས་ཀ་ཐ་མན་ཌུ། ཀ་ཐ་མན་ཌུ་ནས་པོག་ར། པོག་ར་ནས་གློ་སྨོན་ཐང་བར་ཇི་ལྟར་ཕྱིན་པའི་སྐོར་བཤད་པ་མང་པོ་ཐོས་མྱོང་བ་ལས། ཁོང་ཚོ་ཇི་ལྟར་ཕྱིན་ཡོད་པ་དང་། འགྲོ་སའི་ས་ལམ་ཅི་འདྲ་ཞིག་ཡོད་པ་ཤེས་པའི་ཆེད་དུ་ཡིན། ངོ་མ་ཧང་སང་བྱུང་། ང་རང་མོ་ཊ་སྒེར་བདག་ཏུ་གླས་ནས་ཕྱིན་པའང་ཐང་ཆད་འགྲོ་ན། ཁོང་ཚོ་གསང་བའི་ཐོག་གོམ་པ་བརྒྱབ་ནས་ཕྱིན་པ་ནི་ལས་སླ་པོ་ཞིག་ག་ལ་ཡོད། གློ་དམག་གི་གསང་བའི་འཕྲིན་སྐྱེལ་བ་ཞིག་གིས་བཤད་པ་ལྟར་ན། ཀ་ཐ་མན་ཌུ་ནས་པོག་ར་ཡོང་བར་ས་ཁུག་རེ་ཙམ་ལ་བྷ་སི་ནང་ཡོང་བ་དང་། ཉེན་རྟོག་ས་ཚུགས་དང་ཐུག་པའམ། ལམ་འགག་པ་སོགས་ཀྱི་སྐབས་མཐའ་རྒྱ་རི་བསྐོར་གྱིས་ཚ་དུབ་དང་དྲག་ཆར། གྲང་ངར་དང་བཀྲེས་ལྟོགས་སོགས་དཀའ་ངལ་གང་ལའང་ལྟོས་པ་མེད་པར་གནས་ཚུལ་དུས་ཐོག་ཏུ་སྤྲོད་ཐུབ་པ་དགོས་ཟེར་བ་ཡང་ཡང་ཡིད་ལ་འཁོར་ཡོང་།
གཉིས།
ཅ་དངོས་མང་པོ་ཡོད་ཚེ་མགྲོན་ཁང་སྔོན་ནས་མ་མངགས་ན་ཁང་པ་རེ་རེ་བཞིན་སྒོ་རྡུང་སྟེ་འགྲོ་བ་ཁག་པོ་ཡོད་པའི་ཉམས་མྱོང་གཞིར་བཟུང་། ངོ་ཤེས་བརྒྱུད་མགྲོན་ཁང་གང་ཞིག་ཡག་མིན་དྲིས། ཁ་གཅིག་གྲག་གིས་ལྡི་ལི་བོད་སྒར་གྱི་མགྲོན་ཁང་ཡག་ཤོས་ནི་དགའ་ལྡན་ཤར་རྩེའི་མགྲོན་ཁང་རེད་ཟེར་བ་དང་། འགོ་བྱེད་ཕྱག་མཛོད་ཀྱང་ངོ་ཤེས་གྲོགས་པོ་ཞིག་རེད་འདུག་པས་དེར་སྡོད་རྒྱུར་སྔོན་མངག་གཏན་ཁེལ་(Booking)བྱས། ངོ་མ་ཡག་དུ། མགྲོན་ཁང་གསར་པ་ཡིན་པས་གཙང་མ་འདུག་ལ་ནང་གི་སྒྲིག་ཆས་ཚང་མ་སྤུས་དག་རྐྱང་རྐྱང་རེད། ཉལ་ཁྲི་གཉིས་ཅན་གྱི་ཁང་མིག་གཉིས་གླས་པར་ཁང་མིག་གཅིག་ལ་ཆིག་སྟོང་ཉིས་བརྒྱ་དང་། གཅིག་ལ་ཆིག་སྟོང་བརྒྱད་བརྒྱ་བཅས་རིན་གོང་ཡང་འཚམས་པོ་འདུག ཅ་དངོས་ལྕི་པོ་ཡོད་མཁན་ལ་མཚོན་ན་གློག་འདེགས་སྐས་ཁང་(Elevator)ཡོད་པ་དེས་ལས་སླ་པོ་ཡོད་པ་དང་། ཕྱི་རོལ་དུ་འགྲོ་སྐྱོད་བྱེད་པའང་སྟབས་བདེ་པོ་འདུག མགྲོན་ཁང་གི་ཟ་ཁང་དེ་ཡང་ཡག་པོ་འདུག་ལ་ཞོགས་པའི་བྷུ་ཕེར་(Buffet)དེ་ལ་སྐད་གྲགས་ཆེན་པོ་འདུག ད་དུང་རིང་མིན་ཞལ་ལག་དུས་གསུམ་ག་བྷུ་ཕེར་བྱེད་རྩིས་ཡོད་ཟེར། གང་ལྟར་ཡར་ལམ་མར་ལམ་གཉིས་ཀར་མགྲོན་ཁང་དེར་བསྡད་པས་བློ་བདེ་པོ་དང་སྐྱིད་པོ་བྱུང་།
རྡ་ས་ནས་ཉིན་དང་པོ་རྡ་ཤོད་དྷོ་ལཱ་དྷར་(Dhauladar)མགྲོན་ཁང་ནང་བསྡད་པ་དང་། ཉིན་རེ་ཧིན་སྒོར་སུམ་སྟོང་དང་ཁྲལ་རིགས་ཁ་ཤས་བསྡོམས་ན་སུམ་སྟོང་ལྔ་བརྒྱ་ལྷག་རེད་འདུག དེར་སྡོད་དོན་ནི་ཡུལ་ལྗོངས་ལྟ་ཆེད་ཡིན་མོད་ས་མ་རུབ་བར་མགྲོན་ཁང་དུ་ལོག་མི་ཐུབ་པས་དེ་རྗེས་རྡ་སྟེང་པདྨ་ཐང་མགྲོན་ཁང་དུ་སྤོས། ཉལ་ཁྲི་གཉིས་ཅན་རྣམས་དྷོ་ལཱ་དྷོ་དང་རིན་གོང་འདྲ་པོ་འདུག་ཀྱང་། ཉལ་ཁྲི་གཅིག་ཅན་ཞིག་ལ་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་སྤྲད། ཉིན་གཅིག་གི་རྗེས་སུ་ཁང་མིག་(Rome)བརྗེས་ན་མ་གཏོགས་ཁྱོད་རང་སྡོད་ས་དེ་སྔོན་ནས་མིས་སྔོན་མངག་བྱེད་ཚར་འདུག་ཟེར། ཉིན་དང་པོ་ཁང་པ་གླ་སྐབས་ཁང་མིག་དེར་ཉིན་བཞི་བར་སྡོད་ཆོག་པ་ཐོ་འགོད་རེ་མིག་ནང་གསལ་པོ་འདུག་པ་དང་། ཐོ་འགོད་བྱེད་མཁན་གྱིས་གསལ་བཤད་ཀྱང་བྱས་བྱུང་མོད། གློ་བུར་དུ་སྐུ་མགྲོན་གལ་ཆེན་ཞིག་སླེབས་པའམ་གནད་དོན་གང་ཡིན་ཆ་མ་འཚལ། སྤྱིར་བྱེད་སྟངས་དེ་སྐུ་མགྲོན་ལ་དབྱེ་འབྱེད་དང་གུས་ཞབས་མེད་པའི་བྱ་སྤྱོད་ཅིག་ཡིན་མོད། རྩོད་གླེང་བྱེད་ལོང་མི་འདུག་པས་ཁང་མིག་སྤོས། འོན་ཀྱང་ཐོ་འགོད་བྱེད་མཁན་བུ་མོ་ལོ་ཆུང་གསུམ་འདུག་པ་ལ་དེ་ལྟར་སྐྱག་རྫུན་ཤོད་དུ་བཅུག་ན། ཁོང་ཚོའི་སེམས་ཁམས་ལ་གནོད་འཚེ་ཆེན་པོ་ཐེབས་སྲིད་སྙམ་པ་བྱུང་།
བལ་ཡུལ་རྒྱལ་སར་སླེབས་སྐབས་དང་པོ་མགྲོན་ཁང་བྷུ་སུ་ཇེན་(Hotel Butsugen)ནང་བསྡད་པ་དང་། པོག་ར་ནས་ཕྱིར་འཁོར་རྗེས་ཏི་སི་མགྲོན་ཁང་དུ་བསྡད་པས་སྐྱིད་པོ་བྱུང་། ཁང་མིག་གི་སྒེ་ཁུང་ནས་མཆོད་རྟེན་མཇལ་ཐུབ་པ་དང་། རིན་གོང་ཡང་སྔོན་མ་ལས་ཁེ། ཉིན་རེ་བལ་སྒོར་སུམ་སྟོང་ལྔ་བརྒྱ་ལྷག་དང་། ཁྲལ་བཅས་བསྡོམས་ན་བལ་སྒོར་བཞི་སྟོང་ལྔ་བཅུ་ཙམ་རེད་འདུག །པོག་ར་ནས་ཨ་ན་པུར་ན་མགྲོན་ཁང་ཟེར་བ་ཞིག་ཡོད་རབས་ཐོས་པས་དེར་སྡོད་དགོས་བསམས་ཀྱང་། ཁ་ལོ་བས་ཨ་ན་པུར་ན་གསར་པ་ཟེར་བ་ཞིག་ལས་མི་ཤེས་འདུག་ལ། ཁ་པར་ལ་དྲ་བ་མེད་པས་འཚོལ་མ་ཐུབ་པར་རྟ་མང་རིགས་ཡིན་ནམ་སྙམ་པའི་མཚོ་འགྲམ་གྱི་མགྲོན་ཁང་ཞིག་ཏུ་བསྡད། ཉིན་གཅིག་ལ་བལ་སྒོར་ཉིས་སྟོང་དང་། ཞོགས་པའི་ཞལ་ལག་རིན་མེད་དུ་སྟེར་བ་ནི་བལ་ཡུལ་གྱི་མགྲོན་ཁང་ཚང་མ་ཐུན་མོང་ཡིན་ནམ་སྙམ། གསལ་བཤད་དགོས་པ་ཞིག་ནི། མགྲོན་ཁང་གཅིག་ལའང་ཁང་མིག་ལ་གཞིགས་པས་རིན་གོང་ཆེ་ཆུང་སྣ་ཚོགས་ཡོད་པས། གོང་དུ་བཤད་པའི་རིན་གོང་ནི་ང་རང་སྡོད་སའི་ཁང་མིག་ལ་གོ་དགོས་པ་དང་། ཁང་མིག་གཅིག་ཡིན་ཀྱང་ནམ་དུས་མི་འདྲ་བ་ལ་རིན་གོང་འཕར་ཆག་ཡོང་བའང་ཤེས་དགོས།
ཞལ་ལག་ནི་བོད་པ་དང་རྒྱ་བལ་རེས་མོས་བྱས་པ་དང་། གྲོད་པ་ཏོག་ཙམ་མི་བདེ་བས་ཤ་རིགས་མང་པོ་མ་ཟོས། ཞལ་ལག་ཕལ་ཆེ་བ་ལུང་པ་གང་དུ་སླེབས་པའི་ཡུལ་ལུགས་ཐ་ལི་(Thali)ཟེར་བ་ཟོས་པ་འཕྲོད་པོ་བྱུང་། སྣ་འཛོམས་ཐ་ལི་ཞིག་ཟོས་ཚེ་ཤ་ཚལ་སོགས་འགའ་ཞིག་ཕུད། འབྲས་དང་ལྡ་ལི་སོགས་སྤྱིར་བཏང་གི་ཚལ་རིགས་རྣམས་ག་ཚོད་དགོས་ཟེར་ནའང་སྤྲད་པའི་ལམ་སྲོལ་བཟང་པོ་ཡོད། རྩ་བའི་ཆ་ནས་རྒྱ་བལ་གཉིས་པོ་ཞལ་ལག་འདྲ་པོ་ཡོད་ཀྱང་། རྒྱ་གར་གྱི་ཞལ་ལག་རྣམས་སྣུམ་དང་སྨན་སྣ་མང་བ་དང་། བལ་ཡུལ་གྱི་ཞལ་ལག་རྣམས་སྣུམ་དང་སྨན་སྣ་འདྲ་མིན་ཉུང་ལ་བྲོ་བ་ཆེ་བ་འདྲ་པོ་འདུག དོ་སྣང་བྱུང་བ་ཞིག་ནི་གྷ་གྷལ་གནམ་ཐང་ནས་ཀང་ར་གཞུང་ལམ་(Kangra Rd)བརྒྱུད་རྡ་སར་འགྲོ་བའི་ལམ་བར་ངལ་གསོ་ཁང་(Midway resorts)གི་འཁྲིས་ལ་ཡོད་པའི་ཟ་ཁང་ཞིག་ནས་མཱ་ས་ལ་དྷོ་སཱ་(Masala dosa)ཞིག་ཟོས་པ་དེ་ཡིན། དྷོ་སཱ་དེ་བྲོ་བ་ཤིན་ཏུ་ཆེ་ལ་ཇ་མངར་མོ་དེ་ཡང་ཧ་ཅང་ཞིམ། གཅིག་བྱས་ན་ང་རང་གྲོད་པ་ལྟོགས་པ་དང་ཁེལ་བ་ཡིན་སྲིད་ཀྱང་ཁྱེད་རྣམ་པས་ཚོད་ལྟ་ཞིག་གནང་དང་མཁྱེན་ཡོང་། རྡ་ས་བོད་ཀྱི་གསོལ་མགྲོན་ཁང་(Hote Tibet)ནས་མོག་མོག་མངར་མོ་ཞིག་ཟོས་པ་ཞིམ་པོ་འདུག ངོ་ཤེས་ཚོས་ཟེར་ན། དྷོ་ལ་དྷར་དང་བོད་ཀྱི་གསོལ་མགྲོན་ཁང་གི་ཞལ་ལག་ཡག་པོ་ཡོད་ཀྱང་རིན་གོང་མཐོན་པོ་ཡོད་པ་དང་། དེང་སང་རིན་གོང་ཆུང་ལ་ཞལ་ལག་ཡག་ཤོས་དང་སྐད་གྲགས་ཆེ་ཤོས་ནི་ཀཻ་ལ་ཤ་ཟ་ཁང་རེད་ཟེར།
ཞལ་ལག་གི་རིན་གོང་ཐད་ནས་བཤད་ན། གནམ་ཐང་གི་ཞལ་ལག་རྣམས་རིན་གོང་ལྡབ་ཀྱིས་མཐོ་བ་བཤད་མ་དགོས། ཞལ་ལག་གི་རིན་གོང་མཐོ་ཤོས་སུ་བརྩི་བའི་རྡ་ས་ནས་ཇ་མངར་མོ་ཕོར་པ་གང་ལ་ཧིན་སྒོར་བཅུ་ཡིན་ཀྱང་། ལྡི་ལི་གནམ་ཐང་ནས་ཇ་མངར་མོ་ཕོར་པ་གང་ལ་སྒོར་བརྒྱ་ལྷག་ཙམ་ཡིན། ཕར་འགྲོ་སྐབས་ལུས་བཤེར་ཚར་རྗེས་ཀྱི་དགག་སྒོ་ནང་མའི་ཟ་ཁང་རྣམས་ཁ་ལག་ཏོག་ཙམ་ཡག་པོ་འདུག་ཀྱང་། ཕྱིར་ཡོང་སྐབས་དགག་སྒོ་ཕྱི་མ་དང་བར་མའི་ནང་གི་ཟ་ཁང་དེ་ཚོའི་ཇ་ནི་འཐུང་བ་ལས་མ་འཐུང་ན་དགའ་ཆེ། སྔོན་མ་ནས་སྣ་ཁུང་བརྡབས་ཟིན་པས་ད་རེས་ནི་འཐུང་རྩིས་ཡང་མ་བྱས་ལ། མིག་གིས་ཀྱང་ཡག་པོ་ཞིག་བལྟས་མེད། ཤོད་སྲོལ་ཞིག་ལ། ཕྱི་རྒྱལ་ནས་རྒྱ་བལ་དུ་འབྱོར་རྗེས་གཞན་མ་ཟོས་སྔོན་དུ་ཨ་རག་ཁམ་བུ་ཁ་ཤས་འཐུང་ནས་ཏོག་ཙམ་ཉལ་ན་ཡུལ་བབ་ཀྱི་ན་ཚ་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་ཟེར། ད་ཐེངས་ངས་ཀྱང་ཚོད་ལྟ་ཞིག་བྱས་པས་ཕལ་ཆེར་བདེན་འདུག་སྙམ་པ་བྱུང་སྟེ། འགྲོ་ཐེངས་སྔོན་མ་རྣམས་དང་བསྡུར་ན་ཆམ་རིམས་སོགས་ཀྱི་དཀའ་ངལ་གང་ཡང་མ་བྱུང་། གཅིག་བྱས་ན་གནམ་གཤིས་དང་འབྲེལ་བའང་ཡོད་སྲིད། གྲོད་པ་ཏོག་ཙམ་མི་བདེ་བ་ནི་སྔོན་ནས་ན་བའི་རྒྱུན་ཙམ་ཞིག་ཡིན་ལ། དེ་ཡང་རིམ་བཞིན་དྲག་སྐྱེད་བྱུང་།
གསུམ།
ད་ཐེངས་ཡུལ་སྐོར་སྤྲོ་འཆམ་གྱི་ཐད་ནས་བཤད་ན། བལ་ཡུལ་པོག་རའི་ཡུལ་ལྗོངས་སྐད་གྲགས་ཆེ་བ་ཕལ་ཆེ་བར་ཕྱིན་པ་དང་། རྡ་ས་ནས་ལྔ་དང་ལྔ་བཅུའི་ཚོགས་ཆེན་ཚོགས་སའི་མགྲོན་ཁང་པཱ་བི་ལོན་(Pavilion)དེ་སྐད་གྲགས་ཆེན་པོ་འདུག་པས་ལྟ་ཙམ་བྱེད་དུ་ཕྱིན་པ་ལས་གཞན་སྤྲོ་འཆམ་བྱེད་ལོང་མ་བྱུང་། ཞང་པོ་གློ་དམག་ཟུར་པ་ཞིག་གིས་བཤད་པ་ལྟར་པོག་ར་ནི་དབེན་གནས་ཉམས་དགའ་བ་ཞིག་ཡིན་པར་བསམས་མོད། མི་ཚོགས་ཧ་ཅང་མང་བའི་གྲོང་ཁྱེར་ཆེན་པོ་ཞིག་རེད་འདུག་པས་ཡུད་ཙམ་རིང་ཡིད་མ་ཆེས་པ་ལྟར་བྱུང་། འོན་ཀྱང་ཞིབ་ཏུ་བསམ་ཚེ་སྔོན་མ་གློ་དམག་སྒར་སྐབས་སུ་མི་ཚོགས་དེ་ཙམ་མང་པོ་མེད་པ་དང་། ཉེ་བའི་ལོ་ཤས་ནང་འཕེལ་རྒྱས་ཕྱིན་ཡོད་པ་ཁང་པའི་རྒྱུ་ཆ་དང་བཟོ་ལྟ་སོགས་འཛུགས་སྐྲུན་བྱེད་སྟངས་ལས་ཤེས་ཐུབ་པ་འདུག དེར་གློ་སྒྲིག་གི་རྒན་གསོ་ཁང་གཅིག་དང་། བོད་པའི་གཞིས་འགོ་གསུམ། བོད་པའི་གཞིས་ཆགས་བཞི། བོད་པའི་དགོན་པ་ལྔ་བཅས་འདུག བོད་པ་དང་འདྲ་བ་ཐོག་རྩེག་ཅན་གྱི་ཁང་པ་མང་པོའི་ཐོག་ན་རླུང་རྟ་དང་དར་ལྕོག་བསྒྲོན་འདུག་པ་ཕལ་ཆེ་བ་ནི་རྟ་མང་དང་གྷུ་རུང་(Gurung)བ་རྣམས་རེད་ཟེར། རྟ་མང་ནི་བོད་ཀྱི་ས་སྲུང་རྟ་དམག་གི་རྒྱུད་ཡིན་པའི་ཤོད་སྲོལ་ཡོད་པ་དང་། གྷུ་རུང་ནི་བོད་པས་གོར་ཁ་(Gorkha)ཞེས་འབོད་པ་དེའི་ཆ་ཤས་གཙོ་བོ་དེ་ཡིན་ཟེར། སྤྱིར་པོག་རའི་ཕྱོགས་གསུམ་ནི་གྷུ་རུང་གིས་བསྐོར་ཡོད་པ་དང་། ལྷོ་མཐའ་ནི་ཆེ་ཏི་རིའམ་(Chhetri)བོད་པས་རོང་པ་ཞེས་འབོད་པ་རྣམས་ཡིན། ལོ་རྒྱུས་འགའ་ནང་རིགས་རྒྱུད་འདི་ལ་པཱ་ཧ་རི་(Pahari)ཞེས་བྲིས་འདུག
པོག་ར་ནི་ངོ་མ་སྐྱིད་པོ་འདུག །བྱང་ངོས་ནས་གངས་རི་གྲགས་ཅན་ཨ་ན་པུར་སོགས་ཤེལ་གྱི་མཆོད་རྟེན་དང་དུང་གི་བ་གམ་ལྟ་བུ་རྣམས་ཀྱི་རྩེ་མོ་འོད་འཚེར་འཚེར་དུ་མཐོང་བ་དང་། གངས་རི་དེ་དག་གི་རྩེ་མོར་ཞོགས་དགོང་གི་ཉི་འོད་ཕོག་སྐབས་མཛེས་སྡུག་ལྷག་པར་ཆེ། ཕྱོགས་གཞན་རྣམས་ནགས་ཚལ་གྱིས་གཡོགས་པའི་རི་བོ་ཆེ་ཆུང་སྣ་ཚོགས་པས་རྒྱང་རིང་པོ་ནས་བསྐོར་བ་དང་། དབུས་སུ་གནམ་ཐང་གཉིས་དང་གྲོང་ཁྱེར་ཆགས་ཡུལ་ཐང་གཤོང་རྒྱ་ཁྱོན་ཧ་ཅང་ཆེ། སྤོ་ཐང་རྩིས་ཀྱི་ལུགས་ལྟར་ན་གནམ་འཁོར་ལོ་རྩིབ་བརྒྱད་དང་ས་པདྨ་འདབ་བརྒྱད་སོགས་ས་བཀྲ་བཟང་པོ་རྣམས་ཡོངས་སུ་ཚང་འདུག གྲོང་ཁྱེར་གྱི་དཀྱིལ་ནས་ཡན་ལག་བརྒྱད་ལྡན་གྱི་སེ་ཏི་གྷན་དྷ་ཀི་གཙང་པོ་(Seti Gandaki River)བྱང་ནས་ལྷོ་རུ་དྭངས་གཙང་ལྷུང་ལྷུང་དུ་འབབ་པ་དང་། གྲོང་ཁྱེར་གྱི་ནུབ་ངོས་སུ་པེ་ཝ་མཚེའུ་(Phewa Lake)གཡུའི་མེ་ལོང་ལྟར་མཛེས་པར་འཁྱིལ་འདུག ནུབ་རིའི་རྩེ་མོར་འཛམ་གླིང་ཞི་བདེའི་མཆོད་རྟེན་(World Peace Pagoda)ཆེན་མོ་ཞེས་པ་ཞིག་འཇར་པན་གྱིས་བཞེངས་ཡོད་པ་དང་། དེའི་སྐོར་ལམ་དང་མཆོད་རྟེན་གྱི་བང་རིམ་ནས་བལྟས་ན་ཡུལ་ལུང་དེའི་བཀོད་པ་ཆ་ཚང་གསལ་བར་མཐོང་ཐུབ། གངས་རི་དང་མཚོ་སོགས་ཕྱིའི་མཛེས་ལྗོངས་ཁག་གིས་ཡིད་དབང་ཡོངས་སུ་འཕྲོག་པ་མ་ཟད། མཚོ་འགྲམ་གྱི་ཟ་ཁང་དང་ཆང་ཁང་ཁག་གི་བཀོད་པ་དེ་དག་གིས་ཀྱང་ལུས་སིམ་པ་དང་སེམས་ལ་སྐྱིད་སྣང་འཆར་ཡོང་།
གནས་མཇལ་ལ་མཚོན་ན། བལ་ཡུལ་མཆོད་རྟེན་རྣམ་གསུམ་དང་། ཞོར་དུ་དགོན་པ་འགའ་དང་ལྷ་འགའ་མཇལ། བལ་ཡུལ་མཆོད་རྟེན་རྣམ་གསུམ་ནི། བྱང་རུང་ཁ་ཤོར་མཐོང་གྲོལ་གྱི་མཆོད་རྟེན། འཕགས་པ་ཤིང་ཀུན་རང་བྱུང་གི་མཆོད་རྟེན། སྟག་མོ་ལུས་སྦྱིན་བྱང་ཆུབ་ཀྱི་མཆོད་རྟེན་བཅས་གསུམ་ཡིན། ངག་རྒྱུན་ལའང་། བོད་ཀྱི་ཇོ་ཤཱཀ་རྣམ་གསུམ། བལ་ཡུལ་མཆོད་རྟེན་རྣམ་གསུམ། ཡར་ཀླུང་རྟེན་གསུམ་གནས་གསུམ་ཞེས་སྐད་གྲགས་ཧ་ཅང་ཆེ། མཆོད་རྟེན་གསུམ་པོ་ཉིན་གཅིག་ལ་མཇལ་ན་དུས་གསུམ་དུ་བསགས་པའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདག་པར་གྲགས།
མཆོད་རྟེན་བྱ་རུང་ཁ་ཤོར་ནི། སངས་རྒྱས་འོད་སྲུང་སྐབས་སུ་བྱ་གསོ་བའི་བུད་མེད་ཅིག་གིས་བྱ་གསོས་པའི་རིན་གྱིས་བཞེངས་པར་གྲགས། བུད་མེད་དེ་རྒྱལ་པོའི་མདུན་དུ་བཅར་ནས། བ་ཞིག་གི་ཀོ་བས་འཁྱིག་ཙམ་གྱི་ས་ལ་མཆོད་རྟེན་ཞིག་བྱེད་ཆོག་པར་ཞུས་པ་རྒྱལ་པོས་ཀྱང་ཞལ་བཞེས་གནང་། ཞལ་བཞེས་གནང་རྗེས་བྱ་རྫི་མས་ཀོ་བ་དྲས་ནས་རྒྱུན་བུས་འཁྱིག་ཙམ་ལ་མཆོད་རྟེན་བཞེངས་པ་ན། བློན་པོ་རྣམས་ཀྱིས་བྱ་རྫི་མ་ཞིག་གིས་མཆོད་རྟེན་ཆེན་པོ་འདི་འདྲ་བཞེངས་ཚེ། རྒྱལ་བློན་རྣམས་ཀྱིས་དེ་ལས་ཆེ་བ་བཞེངས་དགོས་པར་འགྱུར་བས་འདི་མི་རུང་ཞེས་ཞུས་པར། རྒྱལ་པོས་ངས་བྱ་རུང་བ་ཁ་ཤོར་བས་ཐབས་མེད་དོ་ཞེས་གསུངས་པ་ལས་བྱ་རུང་ཁ་ཤོར་དུ་མིང་ཐོགས་ཟེར།
བལ་ཡུལ་དུ་སླེབས་ནས་མགྲོན་ཁང་དུ་ཅ་དངོས་བཞག་རྗེས་ཁ་ལག་ཀྱང་མ་ཟོས་པར་མཆོད་རྟེན་མཇལ་དུ་ཕྱིན། མ་བྱ་རྫི་མའི་མདུན་དུ་སླེབས་པ་དང་ཞྭ་མོ་ཕུད་ནས་སྐྱབས་འགྲོ་སེམས་སྐྱེད་ནས་འགོ་བཙུགས། ཀུན་སློང་སོགས་ལེགས་པར་བཅོས་ཏེ། མཐའ་སྐོར་གསུམ་དང་བང་རིམ་འོག་མ་ནས་སྐོར་བ་གསུམ་སྟེ་ཁྱོན་སྐོར་བ་དྲུག་བརྒྱབ་ནས་འགྲོ་བ་རིགས་དྲུག་གི་ཆོས་སྐལ་དང་སྐོར་སྐལ་ཡོང་བའི་སྨོན་ལམ་བཏབ། སྐོར་བ་ཚར་རྗེས་མ་བྱ་རྫི་མའི་འགྲམ་གྱི་མཆོད་མེ་ཚོང་ཁང་ནས་མཆོད་མེ་གསུམ་བསྒྲོན་ནས་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར་བའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་དུག་གསུམ་གྱི་རྩ་བ་མ་རིག་པའི་མུན་པ་བསལ་བ་དང་། བསལ་བ་དེ་ཡང་བདག་གིས་བྱའོ་ཞེས་མཆོད་རྟེན་གྱི་མདུན་དུ་སེམས་སྐྱེད་པའི་མོས་པ་བྱས། མདོར་ན། ཀ་ཐ་མན་ཌུར་ཉིན་གསུམ་སྡོད་རིང་ཞོགས་པ་སྔ་པོ་ལངས་ནས་མགྲོན་ཁང་གི་ཞོགས་ཇའི་དུས་ཚོད་མ་ཟིན་བར་སྐོར་བ་བརྒྱབ། ཉིན་གུང་གི་སྐོར་བ་རྣམས་ནི་ལྟད་མོ་དང་ཚོང་གི་ཆེད་དུ་གྱུར་པས་ཆོས་རྣམ་དག་ཅིག་ཡིན་དཀའ་ཡང་། འབུ་གྲོག་མས་མཆོད་རྟེན་སྐོར་བའི་ཕན་ཡོན་ལ་བསམས་ན་ཕན་ཡོན་མེད་པ་ཡང་ག་ལ་ཡིན།
སྟག་མོ་ལུས་སྦྱིན་མཆོད་རྟེན་ནི། སངས་རྒྱས་ཉིད་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོ་བཀྲེས་ནས་རང་གི་ཕྲུ་གུ་ཟ་བར་བརྩམས་པ་ལ་སྙིང་རྗེ་སྐྱེས་ནས་རང་ལུས་སྦྱིན་པ་བཏང་བ་དང་། སྐུ་ལུས་སྟག་མོས་ཟོས་པའི་རུས་ལྷག་མ་དང་སྐྲ་རྣམས་གཟུངས་སུ་བྱས་པའི་མཆོད་རྟེན་ཞིག་ཡིན། ང་ཚོ་འགྲོ་སྐབས་ཨིན་ཇི་མང་པོ་ཞིག་འགྲོ་བཞིན་འདུག་པ་དང་། རྒྱ་གར་གྱི་གདོང་པ་འདྲ་བའི་སློབ་ཕྲུག་མང་པོ་ཞིག་ཀྱང་སླེབས་འདུག ཁོང་ཚོ་ལ་མཚོན་ན་སྟག་མོ་ལུས་སྦྱིན་གྱི་མཆོད་རྟེན་ལས་ཀྱང་ཁྲ་འགུ་དགོན་པའི་ཕྱི་ནང་གི་བཀོད་པ་མཇལ་རྒྱུ་དམིགས་འབེན་གཙོ་བོར་བཟུང་ཡོད་པ་ཤེས་ཐུབ། ཨིན་ཇི་དང་རྒྱ་རིགས་ཡིན་ནམ་སྙམ་པ་མང་པོ་ཞིག་ནི་རྒྱལ་ས་ནས་རི་གཤམ་བར་འགྲུལ་སྐྱེལ་སྦ་སི་ནང་ཡོང་བ་དང་། དེ་ནས་སྣེ་ཤན་པ་གླས་ཏེ་རི་ལ་འཛེགས་ནས་ཆོས་མཇལ་ཚར་བ་ན། སླར་རི་གཤམ་དུ་བབས་ནས་འགྲུལ་སྐྱེལ་སྦ་སི་ནང་ལོག་འགྲོ་བ་རེད་ཟེར། ང་ཚོས་སྟག་མོ་ལུས་སྦྱིན་གྱི་བྱང་ཆུབ་མཆོད་རྟེན་ཆེན་པོ་བསྐོར་བ་གསུམ་བརྒྱབ་པ་དང་། སྟག་ཚང་དུ་ངོས་འཛིན་བྱས་པ་ཁ་ཤས་འདུག་པ་ཚང་མ་མཇལ་བ་མ་ཟད། ཁྲ་འགུ་བཀྲ་ཤིས་ཡང་རྩེའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་མཇལ།
ངོ་མ་ཧང་སང་ཡ་རེད། སྟག་མོ་ལུས་སྦྱིན་གྱི་ཁྲ་འགུ་དགོན་པ་ནི་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་ལས་གཞི་རྒྱ་ཆེ་བ་ཡོད་ཚོད། དགོན་པའི་བཟོ་བཀོད་ལེགས་ལ་འདུ་ཁང་དུ་ཀར་རབས་བཅུ་བདུན་གྱི་ལྡེབས་རིས་རྡོ་ཚོན་ཅན་བྱོན་ལེགས་པ་མིག་གི་བདུད་རྩིར་གྱུར། སྐབས་དེར་ཁྲ་འགུ་རིན་པོ་ཆེ་(1933-)བཞུགས་པ་དང་ཁེལ་བས་མཇལ་ཁ་ལེགས་པར་ཐོབ་པ་དང་། དགུང་གྲངས་ཆེན་པོ་དེ་ཙམ་ལ་ཕེབས་ཀྱང་སྐུ་གཟི་མདངས་ཆེན་པོ་འདུག་པ་མཇལ།
འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ནི། སངས་རྒྱས་གཙུག་ཏོར་ཅན་གྱི་སྐབས་སུ་ཐོག་མའི་ས་བོན་ལྟ་བུ་ཤེལ་གྱི་མཆོད་རྟེན་གྲུ་གང་ཙམ་ཞིག་བྱུང་བ་དང་། ཕྱིས་རྒྱ་གར་གྱི་རྒྱལ་པོ་རབ་ཚིམ་ལྷས་ཤེལ་གྱི་མཆོད་རྟེན་དེ་ཉིད་སྦས་པའི་དོན་དུ་གཟུངས་སུ་བྱས་ནས་ད་ལྟའི་མཆོད་རྟེན་ཆེན་པོ་འདི་བཞེངས་པར་བཤད། གཡུང་དྲུང་བོན་རྣམས་ལྟར་ན། སྟོན་པ་གཤེན་རབ་འཇིག་རྟེན་འདིར་བྱོན་པའི་སྐབས་སུ་བལ་བོན་ཨ་ཤོ་དང་དྷ་ར་གཉིས་ཀྱིས་བཞེངས་ཟེར། གང་ལྟར་མཆོད་རྟེན་འདི་དུས་རབས་བདུན་པའི་ནང་ཡོད་པ་ནི་བལ་བཟའི་ཡབ་འོད་ཟེར་གོ་ཆས་ཤིན་ཀུན་མཆོད་རྟེན་དུ་ཚོགས་འཁོར་མཛད་ཚུལ་བོད་ཀྱི་ལོ་རྒྱུས་ཁག་ནང་གསལ་བ་ལྟར་ཡིན་འོས། ད་ཐེངས་ཀྱི་ཆོས་མཇལ་འདི་དང་བསྟུན་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་སྐོར་རྒྱས་ཙམ་ཞིག་བྲིས་ཡོད་པ་གཞན་དུ་བཀོད་པ་ལས་ཤེས་པར་མཛོད་ཅིག།
འཕགས་པ་ཤིང་ཀུན་མཇལ་ནས་ཚུར་ལམ་བོད་ཐང་མགོན་པོ་མཇལ་དུ་ཕྱིན། བོད་ཐང་མགོན་པོ་ནི་ཞལ་གཅིག་ཕྱག་གཉིས་པ། དངུལ་གྱི་གྲི་གུག་དང་ཐོད་པ་འཛིན་པ། མི་མགོ་གསུམ་གྱི་མཚན་པའི་དངུལ་གྱི་བེ་ཅོན་ནམ་གཏོར་མའི་རྩེ་ཁྲ་འདྲ་པོ་ཞིག་བསྣམས་པ། དབུ་སྐྲ་དངུལ་གྱིས་གཏུམས་པའི་རྩེ་ན་ཟླ་ཕྱེད་ཀྱིས་མཚན་པ། རྣ་བ་གཉིས་ལ་ཉི་མ་ལྟ་བུའི་གསེར་གྱི་མེ་ལོང་ཆེན་པོ་རེ་འདོགས་པ། ཤང་གསེར་ལས་གྲུབ་པ། སྤྱན་གཉིས་ནག་པོ་རུས་སྦལ་ལྟར་འབུར་བ། དངུལ་ལས་གྲུབ་པའི་མི་མགོའི་དོ་ཤལ་རིང་པོ་འཕྱངས་བ། མེ་རི་རྡོ་ཕྲེང་དང་བཅས་པའི་འོད་སྐོར་གསེར་ལས་གྲུབ་པ། གཡས་གཡོན་ན་འབྲུག་གཉིས་ཀྱིས་འཁྱུད་པའི་བཞུགས་སྒྲོམ་གསེར་ལས་གྲུབ་པ་བརྗིད་ཉམས་ཅན། མདུན་གྱི་སྒོ་འགྲམ་ན་ལུས་ཆུང་ཆུང་། ཁ་ཆེན་པོ་གདང་པ། སྐེ་ལ་དྲིལ་ཆུང་བཏགས་པ། ནུ་མ་གཉིས་མདུན་དུ་འབུར་བ། རལ་པ་བྱ་གཤོག་ལྟར་བཀྲབས་པ། རྔ་མ་ཕོངས་སྟེང་ན་གྱེན་དུ་བསྒྲིལ་བ། དཔུང་མགོ་དང་སྒྱིད་མགོ་ཉ་གཤོག་ལྟར་དཔྱངས་པའི་སེངྒེ་ཆུང་ཆུང་སྙིང་རྗེ་མོ་གཉིས་གཡས་གཡོན་ན་འགྱིངས་པ། ལྷ་སྙན་དཀྲོག་བྱེད་གཡེར་དྲིལ་ཆེ་ཆུང་དང་གསར་རྙིང་མང་པོ་དཔྱངས་པ། ལྷ་ཚུགས་ལ་བལྟས་ན་ལྷ་སའི་གྲྭ་བཞི་ལྷ་མོ་དང་། གཙུག་ལག་ཁང་གི་དཔལ་ལྷ་མོ་སོགས་དང་འདྲ་བ་ཡ་མཚན་པ་ཞིག་འདུག །
སྐུ་རྒྱུ་རྡོ་ནག་ལས་གྲུབ་པ་བཤད་ལུགས་ལ་བལྟས་ན་བྷང་གལ་ནས་ཁུར་ཡོང་བ་ཞིག་ཡིན་ནམ་སྙམ་མོད། སྐུ་འདི་སྔོན་བོད་ན་བཞུགས་པའི་རང་བྱོན་ཞིག་ཡིན་པ་ནམ་མཁར་འཕུར་ནས་འདིར་ཕེབས་པ་རེད་ཀྱང་ཟེར། འགའ་རེས་ཡེ་རང་གི་རི་ནས་འཕུར་ཡོང་བ་རེད་ཡང་ཟེར། འགའ་རེས་ཀླུ་སྒྲུབ་ཀྱིས་ཕྱག་བཟོ་རེད་ཀྱང་ཟེར། འགའ་རེས་ལོ་སུམ་སྟོང་གི་སྔོན་ནས་འདིར་ཡོད་པ་རེད་ཀྱང་ཟེར། བཞུགས་སྒྲོམ་ལ་བལྟས་ན་རྒྱ་ནག་གི་ལུགས་སྲོལ་ལམ་ལྷ་སའི་ཇོ་བོའི་བཞུགས་སྒྲོམ་དང་ཕྱོགས་འདྲ་པོ་འདུག །ལར་ནས་སྐུ་འདི་རྒྱ་ནག་ཏུ་འཕུར་གྲབས་བྱས་པའི་ཤོད་སྲོལ་ཡང་འདུག །རྒྱ་ནག་ཏུ་འཕུར་གྲབས་བྱེད་སྐབས་ཡུལ་དེའི་གྲུབ་ཐོབ་ཅིག་གིས་གཟའ་སྤེན་པ་ནམ་ཡིན་ལ་མཆོད་པ་རྒྱ་ཆེན་པོ་འབུལ་རྒྱུ་ཁས་བླངས་ནས་བཞུགས་པར་གསོལ་བས་ན། གཟའ་སྤེན་པ་ཉིན་ལྷ་ཡེ་ཤེས་པ་ཉིད་རྟེན་དེ་ལ་དངོས་སུ་བཞུགས་པའི་ཤོད་སྲོལ་ལས་ཉིན་དེར་མཇལ་མཁན་མི་ཚོགས་ཧ་ཅང་མང་སྐད། ཤོད་སྲོལ་ཞིག་ལ། འདི་དང་པོ་རྡོ་ལས་གྲུབ་པའི་མགོན་སྐུ་སྟབས་བདེ་ཞིག་ཡིན་པ་ལ་ཕྱིས་སུ་ནང་པ་དང་ཧིན་དུ་སོགས་དད་ལྡན་པ་འདྲ་མིན་གྱིས་གསེར་དངུལ་གྱི་རྒྱན་ཆ་སྣ་ཚོགས་ཕུལ་ནས་ད་ལྟའི་ཆ་ལུགས་འདི་བྱུང་བ་རེད་ཟེར། པར་ཞིག་རྒྱག་བསམས་མོད། སྒོའི་ངོས་སུ་པར་རྒྱག་མི་ཆོག་པའི་སྦྱར་ཡིག་ཆེན་པོ་ཞིག་སྦྱར་འདུག་པ་རྒྱུ་མཚན་ཅི་ཡིན་མ་ཤེས།
བོད་ཐང་མགོན་པོའི་མདུན་ན་སྨོན་ལམ་གང་ཞིག་བཏབ་ཀྱང་འགྲུབ་པའི་ཤོད་སྲོལ་ཡོད་འདུག་པས་འཚང་ག་ཆེ་ཡང་། སྐུ་དེ་ལྷ་ཁང་ཆུང་ཆུང་ཞིག་ནང་བཞུགས་སུ་གསོལ་བས་ནང་དུ་མི་གཉིས་གསུམ་ལས་མི་ཤོང་བ་འདུག ཡིད་ཆེས་དང་དད་པ་རྩེ་གཅིག་ཏུ་བྱེད་མཁན་གྱི་རྒན་གོག་དང་། མི་ཚེའི་མདུན་ལམ་དང་འབྲེལ་བའི་སྨོན་ལམ་འདེབས་ཆེད་ཡིན་ནམ་སྙམ་པའི་གཞོན་ནུ་མ་མང་པོ་ཞིག་འདུག་པ་རྣམས་སྔོན་དུ་བཏང་ན་མགོན་པོ་ཡང་ཐུགས་མཉེས་པར་བསམས་ནས། ང་རང་ནང་དུ་མ་འཚང་པར་སྒོ་ཟུར་ནས་མཇལ་བཞིན་བསྡད། ལྷ་ཁང་གི་གཞོགས་གཡས་ན་མགོན་པོ་མཆོད་བྱེད་ཆང་རག་དང་། མཆོད་མེ། ཤིང་ཐོག་གི་ཁུ་བ། མེ་ཏོག་དང་ཤིང་ཐོག་སྐམ་རློན་སྣ་ཚོགས་ཤིག་འདུག་པ་ལས་ཨ་རག་དཀར་པོ་ཞིག་ཉོས་ནས་ཕུལ། ཞབས་ཐད་དུ་ལྷུང་བཟེད་འཐོལ་པ་ཞིག་འདུག་པར་ཨ་རག་བླུགས་ནས་ཕུལ་རྗེས་དེ་ལས་ཅུང་ཟད་ཅིག་ཕྱིར་སྤྲོད་པ་བྱིན་རླབས་དུ་བརྩི། དཀོན་གཉེར་དེ་ནི་བལ་ཡུལ་གྱི་དཀྱུས་ཆས་སྤྲས་པའི་རྒྱ་གར་གྱི་རིགས་ཤིག་ཡིན་ནམ་སྙམ་པ་ལོ་རྒན་ཙམ་ཞིག་འདུག །
བོད་ཐང་ཟེར་དོན་ནི་བལ་བཟའ་ཁྲི་བཙུན་མནའ་མ་བསུ་མཁན་བོད་པ་རྣམས་སྒར་བབས་སའི་ཐང་ཡིན་པས་ན་བོད་ཐང་ཡིན་ཟེར་བ་དང་། བལ་བཟའ་ཁྲི་བཙུན་བོད་དུ་བྱོན་པའི་སྐལ་བར་ཐང་ཆེན་པོ་ཞིག་ཞིང་དུ་བྱས་ཏེ་བྱིན་པ་ད་ལྟ་བོད་ཐང་དུ་གྲགས་ཀྱང་ཟེར། གང་ལྟར་དགེ་འདུན་ཆོས་འཕེལ་(1903-1951)གྱིས་བལ་ཡུལ་དེ་བཞིན་བོད་ཀྱི་དབང་འོག་ཏུ་ཡོད་པའི་རྟགས་སུ་བོད་ཐང་དང་ཕམ་ཐང་སོགས་ས་མིང་མང་དུ་ཡོད་ཅེས་པ་དེ་དག་གི་གྲས་ཤིག་ཡིན་ནམ་སྙམ། འོན་ཀྱང་ཁོ་རང་ཚོས་བོད་ཐང་མི་ཟེར་བ་ཏུན་དྷི་ཁེལ་ཟེར།
སྤྱིར་བལ་ཡུལ་ཡང་རྒྱ་གར་དང་མཚུངས་པར་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་ནས་བཟུང་ཆོས་ལུགས་ཚང་མ་ལས་ནང་ཆོས་དར་རྒྱས་ཆེ་བ་ཡོད་ངེས་ཀྱང་། ཕྱིས་ཁ་ཆེའི་དམག་གིས་གཏོར་བཅོམ་བཏང་བའི་རྗེས་སུ་ནང་ཆོས་བསྐྱར་གསོ་མ་ཐུབ། ཧིན་དུ་ནི་དེ་ལས་ལྡོག་སྟེ་བསྐྱར་དར་ཆེན་པོ་བྱུང་ནས་ནང་ཆོས་ནུབ་པ་ལྟར་གྱུར་ཡོད་ཀྱང་། ད་སྐབས་ཀྱང་བལ་ཡུལ་དུ་ནང་ཆོས་ཕྲན་བུ་ཞིག་གནས་པ་ནི་བོད་ཐང་མགོན་པོའི་བཀའ་དྲིན་ཡིན་ཞེས་ཟེར། ཤོད་སྲོལ་ཞིག་ལ། ཁ་ཆེའི་དམག་གིས་བལ་ཡུལ་གྱི་ནང་པའི་རྟེན་གཞི་ཁག་གཏོར་བཅོམ་བྱེད་བཞིན་ཡོང་བ་བོད་ཐང་མགོན་པོ་ལ་ཐུག་བ་དང་། དེར་སླེབས་ནས་མགོན་པོ་འདི་ཇི་ལྟར་བྱས་ཀྱང་གཏོར་མ་ཐུབ་པས་དེ་ནས་བཟུང་ནང་པའི་རྟེན་གཞི་ཁག་གཏོར་མཚམས་བཞག་པ་རེད་ཟེར།
གསལ་བཤད། ཅིག་ཅིག་མག་མག་གསེར་དང་དངུལ་ལས་གྲུབ་པ་ཞེས་པ་རྣམས་ནི་མདོག་དེ་དག་དང་མཐུན་པས་ཡིན་གྱི། དོན་ལ་གསེར་ཡིན་ནམ། རག་ཡིན་ནམ། གསེར་རྩི་བཏང་བ་ཡིན་མ་ཤེས། བོད་པས་གཡག་སེར་པོ་ལ་གསེར་རྭ་གསེར་རྣ་ཅན་ཞེས་དང་། གཡག་ཁམ་པ་ལ་དངུལ་རྭ་དངུལ་རྣ་ཅན་ཞེས་བརྗོད་པ་ལྟར་སྨོས་པ་ལགས།
སྟག་མོ་ལུས་སྦྱིན་ནས་ཚུར་ལམ་བྷག་ཏ་པུར་(Bhaktapur)ལ་ཁོ་ཁོམ་སྒྲོལ་མ་གསུང་བྱོན་མཇལ་དུ་ཕྱིན། སྒྲོལ་མ་གསུང་བྱོན་བཞུགས་པའི་ལྷ་ཁང་དུ་འགྲོ་སྐབས་ཧིན་དུ་མིན་ན་འགྲོ་མི་ཆོག་ཟེར། རྗེས་སུ་ཤེས་པ་ལྟར་ན། སྒྲོལ་མ་གསུང་བྱོན་དེ་ནི་སྒྲོལ་ལྗང་ཞིག་ཡིན་པ་དང་། ནམ་རྒྱུན་མཇལ་ཁ་མེད་ཀྱང་བལ་པོའི་རྡ་སེན་དུས་ཆེན་སྐབས་སུ་ཉིན་གཅིག་ལ་ཕོ་བྲང་གི་མདུན་ཐང་དུ་གདན་དྲངས་ནས་མཇལ་ཁ་གཏོང་སྲོལ་ཡོད་འདུག ད་དུང་ཁོ་ཁོམ་གྱི་སངས་རྒྱས་མར་མེ་མཛད་སྐུ་མཆེད་ལྔ་དང་། ཁོ་ཁོམ་ཤཱཀྱ་ཐུབ་པ། ཁོ་ཁོམ་སྤྱན་རས་གཟིགས་སོགས་སྐུ་བརྙན་མང་པོ་ཡོད་འདུག་ཀྱང་། འགྲོ་ཕྱིས་ནས་སྒོ་བརྒྱབ་པ་དང་ཁེལ། ལ་ལ་ཞིག་ས་ཡོམ་གྱི་གཏོར་བརླག་ཐེབས་ནས་ཞིག་གསོ་མ་ཐུབ་པ་འདྲ། ཡ་མཚན་པའི་རྡོ་སྐུ་མང་པོ་ཞིག་ར་གོར་ཞིག་ནང་བཀྲམ་ནས་བཞག་འདུག །སྒོ་ཟུར་དང་རྩིག་ངོས་སུ་རྡོ་དང་ཤིང་གི་སྐུ་བརྙན་ཀླུ་སྒྲུབ་དང་འདྲ་བ་སྦྲུལ་གྱི་གདེང་ཀ་ཅན་དང་། ཁྱུང་གི་གདོང་ཅན་ཕྱག་ལག་བརྒྱད་དང་ལྡན་པ། མ་ཧེའི་གདོང་ཅན་ཕྱག་བཞི་པ། ཕྱག་བཅུ་གཉིས་ཅན་སོགས་ངོ་མཚར་བ་མང་པོ་མཇལ་རྒྱུ་འདུག
བྷག་ཏ་པུར་ནི་བལ་ཡུལ་གྱི་རྩ་བ་ལྟ་བུ་ནེ་ཝར་(Newa)མི་རིགས་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཡིན་པ་དང་། སྔ་དུས་སུ་རྒྱལ་རབས་མང་པོ་ཞིག་གི་རྒྱལ་ས་ཡང་ཡིན་པ་འདྲ། བལ་ཡུལ་ལ་གཞན་གྱིས་ནེ་པལ་ཞེས་འབོད་པའང་ནེ་ཝ་མི་རིགས་ཀྱི་མིང་ལས་ཐོགས་པ་འདོད་མཁན་ཡང་ཡོད། བོད་ཀྱི་ཡིག་གཟུགས་ཀྱི་མ་ཕྱི་རུ་བགྲངས་པའི་ལཉྩ་དང་ཝརྟུ་གཉིས་ཀྱང་ཡུལ་འདིའི་ནེ་ཝ་མི་རིགས་ཀྱིས་བཟོས་པ་འདོད་མཁན་ཡང་ཡོད་ལ། ལེགས་སྦྱར་སྐད་དུ་བཞུགས་པའི་གསུང་རབ་མང་པོ་ཞིག་ནི་ལཉྩ་དང་ཝརྟུ་ནང་བྲིས་ཡོད་འདུག་པས་ཡུལ་འདི་དང་བོད་གཉིས་འབྲེལ་བ་ཆེན་པོ་ཡོད་པ་འདྲ། འགྲེམ་སྟོན་ཁང་དུ་རྡོ་བརྐོས་ཡི་གེ་མང་པོ་ཞིག་འདུག་པ་བོད་ཡིག་དབུ་ཅན་དང་ཤིན་ཏུ་འདྲ་ལ། རོགས་པ་འགས་ཀྱང་བོད་ཡིག་འདྲ་པོ་འདུག་ཅེས་ཁ་ཐུག་ཡིག་ཕྲེང་གཅིག་ཙམ་ཀློག་བྱུང་། འོན་ཀྱང་དུས་ཚོད་ཀྱི་ཆ་ནས་སྒོ་རྒྱག་པ་དང་ཁེལ་ནས་ཞིབ་ཕྲ་ལྟ་མ་ཐུབ་པས་ཕངས་པོ་བྱུང་། ཕྱི་ངོས་སུ་རྡོ་རིང་ཆེ་ཙམ་ཞིག་འདུག་ཀྱང་ཡི་གེ་ན་གཅིག་མི་འདུག་པས། ཐོག་མ་ནས་ཡི་གེ་མེད་པའི་རྡོ་རིང་ཞིག་ཡིན་ནམ། ཕྱིས་གཞན་གྱིས་བརྡར་ནས་ཡི་གེ་མེད་པར་བཟོས་པ་ཡིན་མ་ཤེས། བོད་རྣམས་ལྟར་ན་མཛད་རྗེས་དེ་ཙམ་མེད་མཁན་གྱི་བཙན་པོ་རྣམས་ལ་ཡི་གེ་མེད་པའི་རྡོ་རིང་བཙུགས་སྲོལ་ཡོད་པ་ལྟར་ཡིན་ཡང་སྲིད།
དེང་སང་བྷག་ཏ་པུར་དེ་སྐད་གྲགས་ཆེན་པོ་ཆགས་དོན་ནི། རྒྱལ་ཁང་རྙིང་པ་དེ་དག་གི་བཟོ་བཀོད་དཀྲོལ་ཚགས་སྤྱི་དང་། ལྷག་པར་ཤིང་རྐོས་སྒྱུ་རྩལ་ལ་མི་རྣམས་ཧང་སང་དགོས་པ་ཞིག་ཡོད་པ་དེ་ཡིན་འདུག རྒྱུ་མཚན་དེས་ད་སྐབས་རྒྱལ་སྤྱིའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་བཅུག་པ་དང་། འཇར་མན་ཐེབས་རྩ་ཚོགས་པ་ཞིག་གིས་ལྟ་རྟོག་དང་ཞིག་གསོ་བྱེད་བཞིན་ཡོད་ཟེར། ངོ་མ་རེད། གྲོང་ཁྱེར་དང་ཁང་པའི་བཟོ་བཀོད་སྤྱི་དང་། སྒོ་དང་སྒེ་ཁུང་། རབ་གསལ་གྱི་པ་ཊ། ཀ་བ་དང་ཀ་མགོ། ཕྱམ་དང་གདུང་མ། རྒྱ་ཕིབས་དང་རྩེ་མོའི་ཏོག་བཅས་གང་ལ་བལྟས་ཀྱང་རིན་ཐང་བྲལ་བའི་སྒྱུ་རྩལ་གྱིས་སྤུད་ཡོད་པ་དང་། ལྷག་པར་ཤིང་ལ་བརྐོས་པའི་ལྷ་དང་ལྷ་མོ་རྣམས་ཀྱི་མཛེས་སྡུག་དང་། རྡོ་ལ་བརྐོས་པའི་སེངྒེ་རྣམས་ཀྱི་བརྗིད་ཉམས་ནི་ཡུལ་གཞན་ན་མཐོང་དཀོན་པ་ཞིག་རེད། སྒྱུ་རྩལ་གྱི་ཉམས་ཆོད་མཁན་ཞིག་ཡིན་ན་ཀ་བ་གཅིག་གི་ངོས་སུ་བརྒྱབ་པའི་རྐོས་ཚགས་རྣམས་ཉིན་མ་གཅིག་ལའང་ལྟ་མི་ཚར་བ་ངེས།
སྤྱིར་དེང་སྐབས་བལ་ཡུལ་རྒྱལ་ཁབ་ལ་མངའ་སྡེ་བདུན་དང་། རྫོང་བདུན་ཅུ་དོན་བདུན། མི་འབོར་ས་ཡ་ཉི་ཤུ་རྩ་དྲུག ས་ཁྱོན་ཀི་ལོ་མེ་ཊར་གྲུ་བཞི་མ་ཆིག་འབུམ་ལྔ་ཁྲི། མི་རིགས་བརྒྱ་ཆ་ལོང་མཁན་བཅོ་བརྒྱད། ཡུལ་སྐད་རིགས་བཅུ་ཕྲག་ལྷག ཆོས་ལུགས་བརྒྱ་ཆ་ལོང་མཁན་ལྔ། རྒྱལ་ཁབ་ཀྱི་བསྡུས་མིང་NP རྒྱལ་ས་ཀ་ཐ་མན་ཌུ། དངུལ་གྱི་བསྡུས་མིང་NPR ལོ་རེའི་ཡོང་འབབ་(GDP)ཨ་སྒོར་ཐེར་འབུམ་ཆེན་པོ་བརྒྱད་ཅུ་ལྷག ། ཁ་པར་ཨང་+977 བཅས་ཡིན། རུས་རྒྱུད་ཀྱི་ཆ་ནས་བོད་རིགས་དང་འབྲེལ་བ་ཡོད་པ་རྟ་མང་། གྷུ་རོང་། ཤར་པ། གློ་པ། དོལ་པོ། སྙེ་ཤིང་། ཙུམ་པ། ནུབ་རི། ཡོལ་མོ། གླང་ཐང་། ཀརྨ་རོང་། མུ་ཁུམ། ཐ་ག་ལི། (སེ་རབ) གླེ་སྨེ། སྨེར་པ། ཁ་བ། ནུར་པ། དཀྱུ་བ། བདག་པ། ཝ་ལུང་། པུ་ཝ། འོམ་ལུང་། ཀར་ཏི། དཱ་ར། མཐའ་རངས། ར་ཡེ། ཤོ་རོག་སོགས་ཡིན་ཟེར། ཆོས་ལུགས་ཀྱི་ཆ་ནས་ཧིན་དུ་བརྒྱ་ཆ་བརྒྱད་ཅུ་ལྷག་དང་ནང་པ་བརྒྱ་ཆ་དགུ་ཡིན་ཟེར་ཡང་། གནས་ཀྱི་དབང་དུ་བྱས་ན། ལྷ་ས་གྲོང་ཁྱེར་དང་ཀ་ཐ་མན་ཌུ་གྲོང་ཁྱེར་གཉིས་བསྡུར་ན་སྔ་མ་ལས་ཕྱི་མར་ནང་པའི་གནས་མང་བ་ཡོད་ངེས་སྙམ།
བཞི།
ཞོར་དུ་ཙག་ཙིག་འགའ་བཤད་ན། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་ཕྱིན་འདུག་ཀྱང་ལམ་ཁ་རྣམས་གུ་དོག་ཏུ་ཕྱིན་པ་ལྟ་བུས་སུན་སྣང་ཞིག་སྟེར། སྤྱིར་མགྲོན་ཁང་དང་ཟ་ཁང་སོགས་མང་དུ་དང་ཡག་ཏུ་ཕྱིན་འདུག་ཀྱང་འགྱུར་ལྡོག་གི་རྣམ་པ་ཆེ་ཤོས་གཅིག་ནི་ཚོང་ཁང་དེ་ཚོ་རེད་འདུག དོ་སྣང་བྱུང་བ་ལ་རྨ་བྱ་ཟེར་བའི་ཚོང་ཁང་ཞིག་འདུག་པ་དང་། དེའི་ནང་གི་ཚོང་རྫས་རྣམས་བོད་པ་ཚོང་ཁང་བདག་པོ་རང་གིས་བཟོ་བཀོད་བྱས་པ་ཡིན་ཟེར། ཚོང་རྫས་རྣམས་ལ་བོད་པའི་རིག་གཞུང་གི་ཁྱད་ཆོས་ལྡན་པ་དང་། ཚོང་རྫས་ཚང་མའི་ངོས་སུ་ལས་རྟགས་རྨ་བྱ་དང་རིན་གོང་གསལ་པོ་བྲིས་འདུག་པས་དགའ་པོ་བྱུང་། བོད་པ་ཚོས་ཚོང་རྫས་ཀྱི་ངོས་སུ་རིན་གོང་མི་འབྲི་བ་ཉོ་མཁན་གྱི་གདོང་པ་ལྟ་བཞིན་རིན་གོང་བརྒྱབ་པ་དེར་དགའ་པོ་མེད། དེས་མི་འགའ་རེ་མགོ་བསྐོར་ནས་ཁེ་ཏོག་ཙམ་རག་སྲིད་ཀྱང་། ཕུགས་སུ་རང་གི་ཚོང་ལ་གནོད་ཀྱི་ཡོད་པར་ཚོང་ལས་མཁས་པ་ཚོས་སྔར་ནས་ངེས་ཟིན། ད་དུང་། སྦ་སི་དང་གནམ་གྲུའི་པཱ་སི་མངགས་ཉོ་བྱེད་ས་དང་། དངུལ་བརྗེ་ས། འཕུར་མཉེད་བྱེད་ས་སོགས་མི་ཞིག་གང་དགོས་ཚང་མ་འདུག་ལ། དུག་སློག་འཁྲུ་ས་ཞིག་འདུག་པ་དེས་ཕན་ཐོགས་ཆེན་པོ་བྱུང་། དུག་སློག་འཁྲུ་སྐབས་ཕྱོགས་གཅིག་ནས་སྲང་ལ་གཞལ་ནས་རིན་སྤྲོད་དགོས་ཟེར་བ་དང་། ཕྱོགས་གཅིག་ནས་འཕྲུལ་ཆས་བསྐོར་ཕྱིན་གློག་དང་དུས་ཚོད་གཅིག་པ་འགྲོ་བ་རེད་ཅེས་སྟོད་ཐུང་གཅིག་འཁྲུ་བ་དང་བཅུ་འཁྲུ་བ་རིན་གོང་ཁྱད་པར་དེ་ཙམ་མི་འདུག
ལྡི་ལིར་ཡར་མར་ཉིན་གསུམ་སྡོད་རིང་གྲྭ་ཚང་ཕྱག་མཛོད་དང་ངོ་ཤེས་གྲོགས་པོ་མང་པོ་ཐུག་བྱུང་ལ། ཕར་ངོ་མི་ཤེས་ཀྱང་ཚུར་ངོ་ཤེས་ནས་སྔོན་མར་རྒན་ས་ནས་བརྡ་སྤྲོད་སྦྱངས་མྱོང་ཟེར་མཁན་དང་། རྒྱལ་རབས་སྦྱངས་མྱོང་ཟེར་མཁན་མང་པོ་ཐུགས་པས་འདས་དོན་ཕྱིར་དྲན་གྱིས་དགའ་སྐྱོ་ཟུང་འབྲེལ་བྱུང་། རྒྱུན་སྡོད་ཆུ་སྒང་གི་རྒྱུན་ལས་གསར་པ་གཉིས་དང་ཡང་ཐུག་འཕྲད་བྱུང་བ་དང་། མི་རབས་གསར་པ་ཡིན་པ་ལྟར་བསམ་བློ་གཏོང་ཕྱོགས་ཀྱང་གསར་པ་འདུག་སྙམ་སྤྲོ་བ་བརྟས། རྡ་ས་ནས་ཕྱིར་འཁོར་རྗེས་འབྲེལ་ཡོད་གཞིས་མི་འགའ་ཞིག་དང་ཐུག་འཕྲད་བྱས། དེ་སྔོན་མཐོང་མ་མྱོང་བའི་གཞོན་སྐྱེས་ཚོས་ང་ལ་ཅོ་ཅོ་ཞེས་འབོད་ཀྱི་འདུག་པས། ངས་ཨིན་སྐད་ཐོག་Younger Brother ཞེས་མ་བོས་ན་ལན་མི་རྒྱག་ཅེས་བཤད་པར་བདེན་དུ་འཛིན་པ་འདྲ། རྗེས་སུ་ཁོང་ཚོས་Younger Brother ཡང་ལབ་ཀྱི་མི་འདུག་ལ་ཅོ་ཅོ་ཡང་ལབ་ཀྱི་མི་འདུག
རྡ་སར་ཉིན་གསུམ་སྡོད་པའི་རིང་། དགོང་དྲོ་གཅིག་ལ་ནམ་རྒྱུན་ནས་ཞུ་དག་སོགས་ཕྱག་རོགས་གནང་མཁན་རྡ་སར་ཡོད་པ་ཁག་ཅིག་དྷོ་ལ་དྷར་ཟ་ཁང་དུ་འཛོམས། ཕར་བཤད་ཚུར་བཤད་མང་པོ་བྱས་ནས་ཞལ་ལག་མཆོད་རན་པ་དང་། སྐད་ཅའི་མཚམས་ནི་གསང་སྤྱོད་ཀྱི་དག་ཆའི་སྒང་ལ་བབས་པས་ཚང་མ་གད་མོ་ཆེན་པོ་ཤོར། གསང་སྤྱོད། གསང་ཆོད། གསང་གཅོད། ཆབ་ཁང་། སྐྱག་ཁང་སོགས་འབྲི་སྲོལ་སྣ་ཚོགས་ཤིག་ཡོད་པའི་ཁར། ལ་ལས། མི་གཙང་བ་རྣམས་ཕྱིར་ཕྱུངས་ནས་མེད་པར་བཟོ་བའི་དོན་ཡིན་པས་བ་བསང་འབྲི་འོས་ཟེར། བཀའ་འགྱུར་ནང་། འདི་ལ་སྣམ་ཕྱི་ས་དང་སྣམ་ཕྱིས་ཞེས་དག་ཆ་མི་འདྲ་བ་གཉིས་ཡོད་ཟེར།
དགོང་དྲོ་གཅིག་ལ་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་རྡ་སར་ཡོད་པ་རྣམས་བོད་ཀྱི་གསོལ་མགྲོན་ཁང་ནང་ལྷན་འཛོམས་བྱས། ཡུལ་གཞན་ཞིག་ནས་སྨྱུག་ཚོགས་ཀྱི་ཚོགས་མི་ཞིག་འབྱོར་ན་དེར་ཡོད་མཁན་རྣམས་དང་མ་མཐར་མཉམ་འཛོམས་ཐེངས་རེ་བྱེད་པ་ནི་ལུགས་སྲོལ་ལྟར་ཆགས་ཡོད། དེས་ཚོགས་མི་ཕན་ཚུན་ངོ་ཤེས་རྒྱུས་ལོན་ཡོང་བ་དང་། མ་འོངས་སྨྱུག་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་བཀའ་མོལ་ཡང་ཡོང་གི་ཡོད། ཚོགས་མི་རྣམས་ནི་རྩོམ་པོ་དང་རྩོམ་སྒྲིག་པ་ཤ་སྟག་ཡིན། ལས་གནས་གཞན་དག་སྤྱི་འཐུས་དང་། དགེ་རྒན། གསར་འགོད་པ། སྒྱུ་རྩལ་པ། སྨན་པ། ཚོགས་སྡེ་ག་གེ་མོའི་ཚོགས་གཙོ་དང་དྲུང་ཆེ་སོགས་སྣ་ཚོགས་ཤིག་ཡོད། དགོང་དྲོ་གཅིག་ལ་ཕ་ཡུལ་གཅིག་པ་ཞིག་གི་ནང་དུ་ཕ་ཡུལ་གཅིག་པ་འགའ་མཉམ་འཛོམས་ཀྱིས་ཞལ་ལག་ཟ་བཞིན་སྔ་རབས་ད་རབས་གླེང་ནས་བསྡད་པ་དང་། དགོང་དྲོ་གཅིག་ནི་ཕྱི་ལའང་མ་སོང་བར་དེབ་ཀློག་ནས་བསྡད།
གཞན་ཡང་། ནམ་རྒྱུན་ནས་ལམ་སྟོན་དང་བཀའ་སློབ་ཞུ་སའི་དགེ་རྒན་ཁག་ཅིག་དང་དཔེ་མཛོད་ཀྱི་ལས་བྱེད་ཁག་ཅིག་མཇལ་བ་དང་། ཨོ་གླིང་སོགས་ས་ཕྱོགས་གཞན་ནས་ཕེབས་པའི་གྲོགས་པོ་ཁ་ཤས་ཐུག་བྱུང་། ངོ་ཤེས་པའི་རྒན་རབས་ཁ་ཤས་ཐུག་པ་“སྤྱིར་བཏང་གི་ཆ་ནས་ཉིན་རེ་བཞིན་མི་རྙིང་པ་རྣམས་ཕྱི་རྒྱལ་འགྲོ་བཞག་པས། ནམ་རྒྱུད་སྡོད་མཁན་ཞིག་ཡིན་ཀྱང་ངོ་ཤེས་པ་རེ་ཟུང་ལས་ལྷག་མི་འདུག”ཟེར། ཉིན་དེ་དག་རིང་གི་དུས་ཚོད་ཕལ་ཆེ་བ་ནི་དེབ་ཀློག་པའི་ཆེད་དུ་བཏང་སྟེ། ལྡི་ལི་ནས་རྡ་སར་ཡོང་དོན་གཙོ་བོ་ཡང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནང་དེབ་འགའ་ཀློག་ཆེད་ཁོ་ན་ཡིན། ཉིན་མ་གསུམ་གྱི་རིང་། གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད་དེབ་ཕྲེང་དགུ་དང་། གླིང་གེ་སར་དང་འབྲེལ་བའི་ཞིབ་འཇུག་དང་དཔྱད་རྩོམ་དེབ་བཅུ་གྲངས། མིའུ་འདྲ་ཆགས་དང་ལྡོང་གི་རུས་མཛོད་སོགས་བོད་ཀྱི་ཁྱིམ་རྒྱུད་ཆེ་ཁག་གི་རུས་རྒྱུད་དང་འབྲེལ་ཡོད་ཁག་བཅས་ཁྱོན་དེབ་དང་དཔེ་རིང་སུམ་ཅུ་ལྷག་བལྟས། ངང་པའི་འགྲོས་ལྟར་ཞིབ་ཕྲ་ལྟ་མི་ཐུབ་པ་ནི་བཤད་མ་དགོས། ཆུ་བྱས་ཉ་མོ་ཟིན་པ་ལྟར་དཀར་ཆག་ལ་བལྟས་ནས་ཐད་ཀར་ཐད་ཀར་ལྟ་ཐབས་བྱས་པ་དང་། སྟག་མོ་མཐོང་སྟངས་ཀྱིས་གཞུང་གི་ཁོག་ལོན་ཐབས་བྱས། གལ་གནད་ཆེ་བའི་ཤོག་ངོས་ཁ་ཤས་ཁ་པར་ནང་བླངས་ཏེ་རྗེས་སུ་བལྟ་རྒྱུར་ཉར།
གེ་སར་གྱི་ཆོས་སྐོར་ཕྱོགས་སྒྲིག་དེབ་དགུ་པོ་རོབ་ཙམ་བཀླགས་ནས་མཐོང་བ་ལྟར་ན། གེ་སར་ཆོས་སྐོར་སྔ་ཤོས་ནི་བཀའ་བརྒྱུད་པའི་ཀརྨ་པཀྵི་ཡིན་པ་དང་། དེ་མིན་ཕལ་ཆེ་བ་དུས་རབས་བཅོ་བརྒྱད་པའི་ནང་དང་དེའི་རྗེས་ལ་རེད་འདུག དུས་རབས་བཅུ་བདུན་པའི་ནང་གཉིས་གསུམ་ཞིག་འདུག ཆོས་བརྒྱུད་སོ་སོར་བསྒྲིགས་འདུག་པས་བརྒྱ་ཆ་དྲུག་ཅུ་ནི་རྙིང་ཕྱོགས་ནས་ཡིན་པ་དང་། བཀའ་བརྒྱུད་པ་བརྒྱ་ཆ་ཉི་ཤུ། དགེ་ལུགས། ས་སྐྱ། ཇོ་ནང་། བོན་བཅས་བརྒྱ་ཆ་བཅུ་མ་ཟིན་ཙམ་ཡོད་ཚོད། ད་དུང་དཔེ་མཛོད་ནས་ཕྱོགས་བསྡུས་དེར་མེད་པའི་གེ་སར་ཆོས་སྐོར་བཅུ་གྲངས་ཤིག་བསྟན་བྱུང་ལ། གེ་སར་གྱི་སྒྲུང་ཡིག་དུས་རབས་གང་དུ་བྱུང་ཡོད་པ་དང་། གེ་སར་གྱི་ཞལ་ཐང་སྔ་ཤོས་གང་ཡིན་པ་སོགས་གླེང་མོལ་ཡང་ཆུ་ཚོད་འགའ་ཤས་རིང་བྱས། བརྒྱུད་རིམ་འདི་ལས། གླིང་གེ་སར་དང་དེའི་སྒྲུང་གི་བརྒྱུད་རིམ་དང་འཕེལ་རིམ་འདི་འདྲ་རེད་འདུག་ཨ་སྙམ་པ་དང་། གནམ་གྱིས་ས་བཀབ་པ་ལྟ་བུའི་གསང་སྔགས་ཀྱི་ཆོས་སྐོར་འདི་དག་གི་བྱུང་རིམ་ཡང་འདི་འདྲ་མིན་ནམ་སྙམ་པའི་ཚོར་སྣང་ཞིག་སྟེར།
བལ་ཡུལ་དུ་ཉིན་ཤས་རིང་ལུས་བདེ་བ་དང་ཡིད་སིམ་པའི་ཚོར་སྣང་བྱུང་། གཅིག་བྱས་ན་གནམ་གཤིས་སྐྱིད་པའི་སྐབས་དང་ཁེལ་འདུག་པས་ཡིན་སྲིད་ལ། གཅིག་བྱས་ན་སེམས་ནང་སྤྲོ་འཆམ་དང་གནས་མཇལ་ཙམ་ལས་ལས་དོན་གྱི་ཁུར་པོ་གང་ཡང་མེད་པས་ཡིན་སྲིད། གཞན་ཡང་། སྡོད་སའི་མགྲོན་ཁང་དང་། ཡར་མར་འགྲོ་སྐབས་ཀྱི་གནམ་གྲུ། མོ་ཊ་སོགས་སེམས་ཁྲལ་གང་ཡང་མེད་པར་རོགས་པ་བྱེད་མཁན་ཡོད་པ་དེས་ཀྱང་ཡིན་སྲིད། ད་དུང་། སེམས་ཐག་ཉེ་བའི་ངོ་ཤེས་གྲོགས་པོ་སྤུན་མཆེད་མང་པོ་ཐུག་འཕྲད་བྱུང་བ་དང་། བོད་ལུགས་ཀྱི་དགོན་པ་དང་ཅ་དངོས་མང་པོ་མཐོང་རྒྱུ་ཡོད་པ། བོད་རིགས་མང་ལ་ལྷག་པར་བོད་ནས་སླེབས་མ་ཐག་པའི་གནས་སྐོར་བ་མང་བ། གཡེར་དྲིལ་གྱི་སྒྲ་དང་བསང་སྤོས་ཀྱི་དྲི་བཟང་འཐུལ་བ་སོགས་མཆོད་རྟེན་གྱི་ཁོར་ཡུག་དེས་ཆུང་ཆུང་སྐབས་ཀྱི་ལྷ་སའི་བར་སྐོར་ནང་དུ་སྣང་བ་དགུང་ལས་མཐོ་ནས་སོང་བསྡད་པ་དེ་ཚོ་ཡང་ཡང་དྲན་བཅུག་པ་དེ་དག་གིས་ཀྱང་སྐྱིད་སྣང་སྣོན་མ་ཞིག་བཏབ་ཡོད་སྲིད། གང་ལྟར་རྗེས་སུ་དུས་ཚོད་བྱུང་ན་བལ་ཡུལ་དུ་ཡོང་དགོས་པ་འདུག་སྙམ་པ་ཡང་ཡང་འཆར། ལྷག་པར་བལ་ཡུལ་གཏེར་སྒར་དགོན་པ་ཆགས་ཡུལ་དེ་ཧ་ཅང་སྐྱིད་པོ་འདུག །དགོན་པ་དེ་འཕགས་པ་ཤིང་ཀུན་གྱི་ནུབ་བྱང་མཚམས་ཀྱི་རི་བོའི་སྟེང་དུ་ཆགས་ཡོད་པ་དང་། དེར་འགྲོ་བ་གཤིན་རྗེའི་འཕྲང་ལས་ཕྲ་བའི་ལམ་ཞིག་བརྒྱུད་དགོས་པ་འདུག་ཀྱང་། སྟེང་དུ་སླེབས་ན་དག་པའི་ཞིང་ཁམས་ཤིག་ཏུ་སླེབས་པ་དང་ཀུན་ནས་མཚུངས། དེ་སྔོན་ས་ཡོམ་གྱིས་གནོད་སྐྱོན་གང་འཚམས་ཐེབས་ཡོད་འདུག་ཀྱང་འདུ་ཁང་དང་གྲྭ་ཤག་སྤུས་ལེགས་འདུག་པ་མཇལ།
བལ་ཡུལ་པོག་ར་ལ་འགྲོ་སྐབས་ཞགས་པོ་གཅིག་ལས་དུས་ཚོད་མེད་ཀྱང་ཆེད་གཉེར་གློ་སྒྲིག་རྒན་གསོ་ཁང་དུ་བལྟ་བར་ཕྱིན་པ་དང་། པོག་ར་མཚོ་འགྲམ་ནས་རྒན་གསོའི་བར་ཡར་མར་ཆུ་ཚོད་གཉིས་ཙམ་འགོར། ང་ཚོ་སླེབས་དུས་ས་རུབ་ནས་རྒན་གོག་འགའ་ཞིག་ཉལ་རྩིས་བྱེད་པ་དང་། འགའ་ཞིག་ལངས་ནས་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་། མ་ཆེན་ཡིན་ནམ་སྙམ་པ་འགས་རུང་ཁང་གཙང་མ་བྱེད་བཞིན་འདུག འགོ་འཛིན་གྱིས་བཤད་པ་ལྟར་ན་རྒན་གོག་རྣམས་ལ་གང་ཅི་མཐུན་རྐྱེན་དང་ལྟ་རྟོག་ཡག་པོ་ཡོད་འདུག་ཀྱང་། ཁོང་ཚོ་ལང་ཚོ་དར་སྐབས་ཀྱི་སེམས་ཤུགས་དང་བློས་གཏོང་བྱས་པ་རྣམས་དྲན་ནས་སེམས་པ་དུང་ངེ་བ་ཞིག་བྱུང་། ཐག་རིང་ནས་བལྟ་བར་ཡོང་བ་མཐོང་བས་ཁོང་རྣམ་པ་དགའ་པོའང་བྱུང་བ་འདྲ་ལ། བར་ལམ་སྤྱི་ཚོགས་ཀྱི་གནས་ཚུལ་སྣ་ཚོགས་པས་སེམས་ལ་རྨ་ཁ་བཟོས་པས་ཁོང་ཁྲོ་ཆེན་པོ་ཡོད་པ་ཚོར་གྱི་འདུག ཁོང་ཚོས་སྐད་ཆ་ག་འདྲ་ཞིག་བཤད་ཀྱང་དེ་ཕྱོགས་སུ་ཤོར་འགྲོ། ཁོང་ཚོའི་སེམས་ཁོང་གི་སྐད་ཆ་ཚང་མ་ཉན་དགོས་པ་གལ་ཆེན་པོ་མཐོང་ཡང་། ས་རུབ་པ་དང་དུས་ཚོད་ཀྱིས་མ་འདང་བས་ཁ་མ་གྱེས་ཀ་མེད་བྱུང་། དེ་མིན་ཁོང་ཚོས་ཉིན་ཁ་ཤས་བཤད་ཀྱང་མི་རྫོགས་པ་ཐག་ཆོད་འདུག་ལ། རྗེས་སུ་དུས་ཚོད་ཡོད་སྐབས་ངེས་པར་ཁོང་ཚོའི་སྐད་ཆ་རྣམས་ཉན་པར་ཡོང་དགོས་པ་འདུག་སྙམ་པ་བྱུང་།
འོ་རེད། ཕྱི་རྒྱལ་ནས་བལ་ཡུལ་དུ་ཕེབས་མཁན་ཞིག་ཡིན་ན་དངུལ་བརྗེ་བསྒྱུར་བྱེད་རྒྱུ་ནི་ཐོག་མའི་བགྱི་བར་བྱ་བ་གལ་ཆེ་བ་ཞིག་ཡིན་ངེས། སྐོར་ལམ་དང་ཡུལ་སྐོར་བ་མང་པོ་འདུས་ས་རྣམས་སུ་ཕྱི་དངུལ་རྗེ་བསྒྱུར་ཁང་མང་པོ་འདུག་ཀྱང་། ནུབ་ཕྱོགས་མཉམ་འབྲེལ་(Wastern Union)ནང་ཕྱིན་ན་འཛའ་ཐང་ཆེ་བ་འདུག་པ་ཐུགས་ལ་ཞོག །སྒོ་བསྟན་དངུལ་བསྒྱུར་ཁང་གཞན་ནས་ཨ་སྒོར་༡ ལ་བལ་སྒོར་༡༡༣ ཡིན་ན། ནུབ་ཕྱོགས་མཉམ་འབྲེལ་ནས་༡༡༦ ཙམ་སྤྲོད་ཀྱི་འདུག་པས་ཕམ་ཚོང་མ་བྱེད། ལྷ་རབས་བྱུང་ན་དངུལ་སྨར་མང་པོ་ཁུར་མི་དགོས་ན་ཡག་སྟེ། མ་སི་ཊར་ཀ་ཊི། ཝེ་ས་ཀ་ཊི། ཆེ་སི་ཀ་ཊི་སོགས་གྭ་མང་པོ་ཞིག་ནི་རྒྱལ་ཁབ་མང་པོའི་ནང་བེད་སྤྱོད་ཡོད་ཟེར། རྒྱལ་ཁབ་འགའ་རེའི་ནང་བར་ལས་བྱེད་གླ་(Transaction fee)ཏོག་ཙམ་དགོས་སྲིད་ཀྱང་། འགག་སྒོ་ནས་རྙོག་དྲ་བཤད་པ་དང་། ལམ་བར་ནས་བཅོམ་འཕྲོག་བྱེད་པ། བོར་བརླག་ཏུ་འགྲོ་བ་སོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་མེད་པས་ཁེ་གྱོང་གདོམས། ཤེས་གསལ་ལྟར་ན། འགྲུལ་བཞུད་དངུལ་འཛིན་(Travelers Cheeck)བཟོས་ནས་ཁུར་བ་ཡིན་ན་འགག་སྒོ་རྣམས་ནས་རྙོག་དྲ་མེད་ལ། དངུལ་ཁང་དུ་དངུལ་དམར་དང་གཅིག་མཚུངས་བརྗེ་བསྒྱུར་ཆོག་ཟེར། གལ་སྲིད་བོར་བརླག་ཕྱིན་པ་ཡིན་ཡང་དོ་བདག་ངོ་མ་དང་པཱ་སི་པོ་ཊི་མེད་ན་བེད་སྤྱོད་མེད་པས་སེམས་ཁྲལ་མི་དགོས་སྐད།
རྒྱུས་མེད་ཀྱི་ལུང་པར་དོ་སྣང་བྱེད་དགོས་པ་འགའ་ནི། སྙིང་རྗེ་ཆེ་མདོག་གིས་ཆུ་དང་ཤིང་ཏོག་སོགས་སྤྲོད་མཁན་ལ་གཟབ་གཟབ་མ་བྱས་ན། གཉིད་སྨན་བླུགས་ནས་འགྲུལ་པ་མང་པོ་ངུ་དགོས་པ་བཟོས་པའི་ལོ་རྒྱུས་འདུག །ལྷག་པར་གནམ་ཐང་ནས་ང་ཡི་བཅའ་དངོས་ལྕི་ཚད་འཐོལ་འདུག་པས་འདི་ཁུར་རོགས་ཟེར་མཁན་ལ་གཟབ་དགོས་སྐད། སྙིང་རྗེ་ཆེ་མདོག་གིས་ཁུར་སྐབས་འགག་སྒོ་ནས་ཁྲིམས་འགལ་ནག་ཚོང་གི་དངོས་པོ་ཡིན་པ་ཤེས་ནས་དོན་མེད་ཁྲིམས་ལ་ཚུད་པ་མང་པོ་ཡོད་འདུག་པ་སྟེ། ནག་ཚོང་གི་དངོས་པོ་ནི་སུའི་ལག་ནས་ཐོན་ན་དེ་ཉེས་ཅན་ཡིན་པ་ཁྲིམས་ལུགས་ནང་གཏན་འབེབས་བྱས་ཡོད་པ་རེད་ཟེར། ལྷག་པར་ཁྱོད་ཀྱིས་ཁུར་གླ་ལེན་ཡོད་ཚེ་གླ་ཆ་བླངས་ནས་ཁྲིམས་འགལ་གྱི་དངོས་པོ་སྐྱེལ་འདྲེན་བྱེད་མཁན་ནམ། ནག་ཚོང་མཁན་གྱི་ངན་རོགས་པ། དོ་བདག་བྲོས་ནས་མི་དང་མིང་སོགས་རྩིས་སྤྲོད་བྱེད་རྒྱུ་མ་རྙེད་ཚེ་རང་ཉིད་བྱེད་གཏེ་ལ་ངོས་འཛིན་གྱིས་ཁྲིམས་ལ་ཚུད་པ་མང་པོ་ཡོད་འདུག གླ་འཁོར་དང་བ་སི་ནང་འགྲོ་སྐབས་དེའི་ཨང་གྲངས་དེ་བློ་ལ་ངེས་དགོས་གལ་ཆེ་སྟེ། གལ་སྲིད་དེར་ཅ་དངོས་ཞིག་ལྷག་ཡོད་ཚེ་གླ་འཁོར་གྱི་ཨང་གྲངས་ཤེས་ན་ལམ་སང་འཚོལ་ཐུབ། དྲན་ཤེས་བརྟན་པོ་མེད་མཁན་ཞིག་ཡིན་ན་དེང་སང་ཁ་པར་ནས་པར་ཞིག་རྒྱག་པར་དཀའ་ངལ་གང་ཡང་མེད། ད་མང་པོ་མི་བཤད། བཤད་ཆེ་ན་གོ་མི་ཆེ།