གཤམ་དུ་ངས་བཤད་འདོད་པའི་སྐད་ཆ་ནི་རང་གི་བསམ་ཚུལ་རྣམས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་བརྗོད་པར་བྱ། འོན་ཀྱང་ངས་བཤད་སྟངས་ནོར་ཏེ་རྙིང་ཞེན་མཁྲེགས་འཛིན་ཅན་དག་གི་ཐུགས་ལ་ཕོག་པ་འདྲ་བྱུང་སོང་ན། ཐོག་མ་ནས་དགོངས་པ་མ་ཚོམས་ཞེས་ཞུའོ། །
དང་པོ། སྙན་ངག་གི་གཞུང་ངོས་འཛིན།
སྙན་ངག་གི་གཞུང་ནི་སྙན་ངག་གི་མཚོན་ཐབས་ཀྱི་ངོ་བོ་དང་དབྱེ་བ། མཚོན་ཚུལ་སོགས་གསལ་བར་བསྟན་པའི་རིག་པའི་གཞུང་ལུགས་ཀྱི་ངོ་བོར་གྲུབ་ཟིན་པ་ཞིག་ཡིན། མཚོན་ཐབས་དེ་ནི་ཡར་དེད་ན་ཐུག་ས་གཅིག་དང་མར་བབས་ན་སླེབས་ས་ཞིག་གང་ཡང་མེད། ལྷག་པར་དུ་བོད་ཀྱི་སྙན་གཞུང་གི་ཁུངས་ནི་ཡར་དེད་ན་རྒྱ་གར་བས་བཤད་པའི་ལྷ་སྒྲུང་ལ་ཐུག་འགྲོ་བ་དང་། ལྷ་མི་གཉིས་ཀྱི་འཚོ་གནས་དང་ཚོར་བ་ཆེས་མི་འདྲ་བས། ཚོར་བ་མཚོན་ཐབས་ཀྱི་བྱེད་ལས་ཀྱང་དེ་བས་ཀྱང་འདྲ་དོགས་མེད།
གཞན་དུ་ན་ད་ལྟའི་བོད་པའི་སྤྱི་ཚོགས་སུ་དར་ཁྱབ་ཆེས་ཆེ་བའི་སྙན་ངག་གི་མཚོན་ཐབས་བཤད་པའི་གཞུང་ལུགས་ཀྱི་རྩ་བ་ནི། ལྷ་སྒྲུང་ལ་གཞི་བཅོལ། གནའ་སྒྲུང་ལ་ལག་འཇུས་ནས་གཞན་གྱི་ཚོར་བ་མཚོན་ཐབས་བྱས་པའི་ཐབས་ཚུལ་རྣམས་བྲིས་པ་དང་འབྲི་བ་ཙམ་དང་། གནའ་བོའི་རིག་གཞུང་གི་ཁྱབ་ཁོངས་སུ་གཏིང་ཚུགས་ཟིན་པའི་གནའ་བོའི་མི་རིགས་ཤིག་གི་ཚོར་བ་མཚོན་ཐབས་རྒྱུན་སྐྱོང་བྱས་པའི་རིག་པའི་གཞུང་ལུགས་ཤིག་ཡིན། དེ་ལ་ཡང་རིགས་མི་འདྲ་བ་ཧ་ཅང་མང་མོད། བོད་དུ་ནི་རྒྱ་གར་བ་གནའ་མི་གཅིག་གི་ཚོར་བ་མཚོན་ཐབས་ཙམ་ལས་དར་མེད། གནའ་མི་གཅིག་གི་དགའ་སྐྱོ་ཆགས་སྡང་ལས་བྱུང་བའི་ཚོར་བ་མཚོན་ཐབས་ཀྱི་གཞུང་ལུགས་འདི་ནི། གནའ་བོའི་རྒྱ་གར་བའི་ཚོར་བ་མཚོན་ཐབས་གང་དར་ཤུགས་ཆེ་བར་ཞིབ་འཇུག་བྱ་ས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན། གཞུང་ལུགས་དེ་རང་ལ་རང་ལྟོས་པའི་རིན་ཐང་དང་དགོས་པ་ཞིག་ལོས་ཡོད།
གནའ་བོའི་སྙན་གཞུང་དེ་དག་ལ་མཚོན་ཐབས་གྲངས་མང་ལ་རྒྱ་ཆེ་བ། ལྷག་པར་དུ་རིག་བྱེད་གཏམ་རྒྱུད་ནས་བཤད་པའི་རྟོག་བཏགས་རང་བཞིན་ཅན་གྱི་སྒྲུང་ལ་གཞི་བཅོལ་ནས་མཚོན་ཐབས་བྱེད་པ་དེ་བས་ཀྱང་མང་རབས་ཐོས། ལྷ་སྒྲུང་རང་བཞིན་ཅན་གྱི་མཚོན་ཐབས་དེ་དག་གིས་གནའ་བོའི་ལྷ་སྒྲུང་རིག་པའི་ཁོོངས་ནས་འཚོ་བའི་གནའ་མི་དག་གི་ཚོར་བ་མཚོན་ཐབས་བྱས་ན། ཚོར་བ་ཧ་ཅང་སྐྱེན་པོའི་ངང་ནས་མཚོན་ཐུབ་མོད། ད་ལྟའི་སྤྱི་ཚོགས་ཀྱི་ཚབ་བྱེད་ག་ལ་ཐུབ། ད་ལྟའི་སྤྱི་ཚོགས་ཀྱི་ཚོར་བ་མཚོན་ཐབས་བྱེད་པ་ལ་ད་ལྟའི་འགྲོ་བ་མིའི་ལོངས་སུ་སྤྱོད་བཞིན་པའི་རང་བྱུང་ཁམས་ནས་བླངས་ཏེ་མཚོན་ཐབས་བྱེད་ན་ལེགས་པར་སེམས།
གནའ་བོའི་མི་ཡི་སེམས་ཁམས་སུ་གནས་བཅའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣམས་ནི། གནའ་མི་དེ་དག་གི་འཚོ་གནས་དང་འབྲེལ་ནས་མངལ་སྦྲུམ་པ་ཞིག་ཡིན་པ་ལས། རྒྱུ་མེད་རྐྱེན་མེད་ངང་མངལ་སྦྲུམ་པ་ཞིག་ག་ལ་ཡིན། ལྷག་པར་དུ་རྒྱ་གར་གནའ་མི་དག་གི་འཚོ་གནས་ནས་བྱུང་བའི་དགའ་སྐྱོ་ཆགས་སྡང་དག་ནི། སྐབས་དེའི་རིག་པའི་གཞུང་ལུགས་དང་འབྲེལ་བའི་དད་པ་དང་དག་སྣང་། རིགས་རུས་ལ་སོགས་པའི་ཁྲིམས་སུ་ཚུད་པའི་བལྟ་སྟངས་དང་གནས་སྟངས་འོག་ནས། མཐོ་དམན་དྲག་ཞན་བར་གསུམ་གྱི་མི་མང་གི་སེམས་ཁམས་ལ་གཞི་བཅོལ་ཡོད་ཤག་རེད། དེ་དག་གཞི་ལ་བཞག་ནས་མཚོན་ཐབས་བྱས་པའི་རིག་པའི་གཞུང་ལུགས་ཀྱི་ངོ་བོར་གྲུབ་པའི་གཅིག་ནི། ད་ལྟའང་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་སྙན་གཞུང་རྣམས་ཡིན་ཟེར་ཆོག།།དེས་ཆེས་གནའ་བོའི་དུས་ཀྱི་མིའི་རིགས་ཀྱི་ཚོར་བ་མཚོན་ཐབས་ཤིག་ད་ལྟའང་ང་ཚོས་སྤྱོད་བཞིན་པའི་ངང་ནས་དེ་ལས་བརྒལ་མེད།
དགའ་སྐྱོ་ཆགས་སྡང་གི་ཚོར་བ་མཚོན་ཐབས་ཀྱི་མ་ལག་ཡོངས་སུ་རྫོགས་པ་དུས་རབས་དང་འཚམ་པ་དང་། དུས་རབས་དེ་རང་ལ་སྤྱི་ཚོགས་ཀྱི་སེམས་ཁམས་སུ་ཚོར་སྣང་ཧ་ཅང་སྐྱེན་པའི་དངོས་པོ་རྣམས་རང་བྱུང་ཁམས་ནས་བླངས་ཏེ་མཚོན་ཐབས་བྱེད་ན། དེས་མི་སེམས་མགུ་བའི་ཚོར་བ་མཚོན་ཐུབ་ལ། དུས་དང་མཐུན་པའི་མིའི་སེམས་ཁམས་ཀྱི་རྗེས་སུ་བསྙེགས་ཐུབ་པའི་ཁྱད་ཆོས་ཁྱད་པར་དུ་འཕགས་ཟེར་ཆོག།།དེང་སང་གི་མི་ཕལ་མོ་ཆེ་ལྷ་སྒྲུང་གི་རང་བཞིན་དུ་གནས་པའི་བྱུང་བ་ཞེན་པ་ལོག་པའི་སྐབས་ཡིན་པས། ལྷ་སྒྲུང་གིས་མཚོན་ཐབས་བསྟན་པའི་སྙན་གཞུང་གི་དགོངས་པས་དེང་གི་འགྲོ་བ་མིའི་བསམ་བློའི་སྐོམ་པ་སེལ་མི་ནུས།
གཉིས་པ། གཞན་གྱི་ཚོར་བས་རང་གི་ཚོར་བའི་ཚབ་བྱེད་མི་ཐུབ།
སྙན་ངག་ངོ་མ་ནི་རང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དང་བལྟ་ཚུལ་རྣམས་མཚོན་ཐབས་ཀྱི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན་པས། སྙན་ངག་གི་གཞུང་ལ་སྦྱང་པ་ནི་རང་གི་ཚོར་བ་རང་གིས་མཚོན་ཐབས་འཚོལ་བའི་ལམ་བུ་འགོག་པའི་བཀག་རྡོ་ཆེན་པོ་ཞིག་ཏུ་མཐོང་། དེས་རང་གི་ཚོར་བ་རང་གིས་མཚོན་ཐབས་འཚོལ་བའི་ལམ་བུ་བཙན་གྱིས་འཕྲོག་སྟེ། གནའ་བོའི་རྒྱ་གར་བ་ཞིག་གི་ཚོར་བ་མཚོན་ཐབས་སམ་མི་ལོ་སྟོང་ཕྲག་གོང་གི་འགྲོ་བ་མིའི་བསམ་བློའི་མཚོན་ཐབས་ཀྱི་སྲོལ་རྒྱུན་རྙིང་པའི་གུ་དོག་གི་ལམ་བུའི་སྟེང་དུ་འཁྲིད་འགྲོ། དེ་ནི་རང་གི་རང་དབང་གི་མཚོན་ཐབས་བཙན་འཕྲོག་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཆོག།
རྒྱུན་སྲོལ་ལམ་སྲོལ་རྒྱུན་གྱི་མཚོན་ཐབས་ནི་སྙན་གཞུང་རྩོམ་མཁན་གྱི་ཚོར་བའི་མཚོན་ཐབས་ལ་གཞི་བཅོལ་ནས་བརྩམས་པ་ཞིག་ཡིན། དེས་ཁྱོད་ཀྱི་ཚོར་བའི་མཚོན་ཐབས་བྱེད་དགོས་དོན་ཅི་ཞིག་ཡོད་དམ། ཁྱོད་ལ་དབང་བའི་ཚོར་བའི་མཚོན་ཐབས་ཀྱི་བགོ་སྐལ་ཞིག་ཡོད་པས། ཁྱོད་ཀྱིས་དེ་ངེས་པར་རྙེད་ཐུབ་དགོས། དེ་ནམ་རྙེད་ན་ཁྱོད་ལ་དབང་བའི་ཚོར་བའི་མཚོན་ཐབས་ལོངས་སུ་སྤྱད་ནས་ཚོར་བ་མཚོན་པར་བྱེད་ཐུབ། དེ་ནི་ཁྱོད་ཉིད་ཀྱི་ཚོར་བ་མཚོན་ཐབས་ཁྱོད་རང་རང་གིས་བཙལ་ནས་རྙེད་པ་ཞིག་ཡིན་པས། དེས་ཁྱོད་རང་གི་ཚོར་བ་དམར་རྗེན་དུ་མཚོན་ནུས་ཤིང་། མཚོན་ཐབས་དེ་ལོངས་སུ་སྤྱད་ནས་བྲིས་པའི་སྙན་ངག་ནི་དོན་དམ་པའི་ཁྱོད་རང་གི་ཚོར་བ་མཚོན་པའི་སྙན་ངག་ངོ་མ་ཞིག་གི་སྐུ་བཞེངས་ཐུབ་ཡོད། དེ་ལ་གཞན་གྱི་སེམས་ཚོར་གྱི་ལྷད་མ་འདྲེས་པར་དྭངས་གཙང་གི་སེམས་ཚོར་ངོ་མ་སྦྲུམ་ཡོད། དེ་ནི་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་ཡིན།
མི་གཞན་གྱི་རྗེས་སུ་བསྙེགས་ནས་རང་གི་ཚོར་བའི་མཚོན་ཐབས་འཚོལ་བ་ནི་ནོར་བ་ཡིན་ཅིང་། གཞན་གྱི་རྗེས་སུ་འབྲངས་ནས་དེའི་ཚོར་བའི་མཚོན་ཐབས་ལ་ཅི་ཙམ་འབད་ཀྱང་། དེའི་ཚོར་བའི་ཟེར་རྗེས་ཙམ་རྙེད་པ་ལས་རང་གི་སེམས་ཀྱིས་མྱངས་དང་མྱོང་བཞིན་པའི་ཚོར་བ་དག་མཚོན་མི་ཐུབ། དེ་མ་ཐུབ་ན་རང་གི་དགའ་སྐྱོ་ཆགས་སྡང་རྣམས་མཚོན་པར་བྱེད་མི་ནུས་པའི་སྙན་ངག་ཅིག་ཏུ་གྲུབ་ཡོད་པས། དེ་ནི་དོན་དམ་པའི་སྙན་ངག་དང་ངེས་པར་དུ་བྲི་དགོས་པའི་སྙན་ངག་དེ་མིན། རྒྱུ་མཚན་ནི། རང་གིས་བྲི་དགོས་པ་ནི་རང་གི་སེམས་ལ་ཡོད་པའམ་རང་གིས་སེམས་ཀྱིས་མྱོང་བའི་ཚོར་བ་དག་མཚོན་པར་བྱས་ཏེ་གསལ་སྟོན་བྱེད་དགོས་པ་ཡིན་ལ་བྱེད་འདོད་པ་ཡང་དེ་ཡིན་ངེས་རེད།
རང་གིས་ཅི་ཞིག་གསལ་བར་བྱེད་འདོད་པ་ནི་རང་གི་སེམས་ཚོར་ཡིན། རང་གི་སེམས་ཚོར་གཞན་གྱི་སེམས་ཚོར་མཚོན་ཐབས་ཀྱིས་མཚོན་པར་བྱས་པ་ནི། གཞན་གྱི་གོས་རང་གིས་གྱོན་ནས་གཟབ་སྤྲོས་བརྒྱབས་པ་དང་འདྲ་བས་དེ་རང་གི་ག་ལ་ཡིན། དེ་ནི་ཚོར་བ་དང་མཚོན་ཐབས་གཉིས་ཀ་གཞན་གྱི་ཡིན་པས་གཞན་གྱི་རྗེས་ཤུལ་རྙེད་པ་ཙམ་རེད། རང་གི་ཚོར་བ་ནི་རྩུབ་འཇམ་ཅི་ཞིག་ཡིན་ཡང་ཆོག་ལ་བཟང་ངན་གང་ཞིག་ཡིན་ཡང་ཉན། མཚོན་ཐབས་འཚོལ་བ་ནི་རང་དབང་ཡིན་པས་རང་གང་ལ་ཚོར་སྣང་སྐྱེན་པའམ་ཚོར་སྣང་ཟབ་པ། ཚོར་སྣང་ཤུགས་དྲག་པའི་རང་བྱུང་ཁམས་སུ་གནས་བཅས་པའི་དངོས་པོ་མཐའ་དག་ལས་གདམ་ཤེས་པར་བྱ་དགོས། དེ་ཡང་རང་གི་བློ་ལ། དུས་དང་འཚམ་པ་སྐབས་སུ་བབས་པ། མཚོན་ཤུགས་ཆེ་བ། མངོན་གསལ་དོད་པ། མདོར་ན། མཚོན་བྱ་དང་མཚོན་བྱེད། མཚོན་ཐབས་བཅས་ལ་རང་གི་ཚོར་བ་དང་འཚམས་པར་ངོས་འཛིན་གསལ་བར་བྱས་པ་དང་། དེ་ཡང་བསམ་གཞིག་ཞིབ་མོས་རྣམ་པར་དཔྱད་དེ་ཚོར་བ་དངོས་དང་ངེས་པར་སྦྲེལ་ཐུབ་དགོས།
གསུམ་པ། སྙན་གཞུང་ལ་སྦྱང་ན་ཕན་ཐོག་ཅི་ཞིག་ཡོད།
སྙན་གཞུང་ལ་སྦྱངས་པས་གང་ཡང་ཕན་ཐོག་མེད་དམ་སྙམ་ན། དེ་ནི་མ་ཡིན་ཏེ་སྙན་ངག་གི་གཞུང་ལུགས་ནི་རིག་པའི་གཞུང་ལུགས་ཀྱི་བྱེ་བྲག་ཅིག་ཏུ་གྱུར་ཟིན་པས། དེ་ཡང་གནའ་བོའི་རྒྱ་གར་བའི་མཚོན་ཐབས་ཇི་ལྟར་བྱས་ནས་མཚོན་པར་བྱས་པའི་རྗེས་ཤུལ་མཐོང་ཐུབ། ད་དུང་གནའ་བོའི་སྙན་ངག་མཁན་རྣམས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད། སྐབས་དེའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བཟང་ངན་དབྱེ་འབྱེད་ཀྱི་ས་མཚམས་དང་གོམས་སྲོལ་ཡང་རིག་ཐུབ།
གནའ་བོའི་མི་རྣམས་ཀྱི་མཆོད་ཡུལ་དང་མཆོད་གནས། གུས་བཀུར་དང་རྩི་འཇོག་སོགས་བྱེད་ས་ལྷ་དང་དཀོན་མཆོག། །རྒྱལ་པོ་དང་སྐུ་དྲག་སོགས་དང་། ད་དུང་མི་མང་དཀྱུས་མ་དང་རིགས་བཟང་ངན་སོགས་ཀྱི་ལས་དབང་དང་ཐོབ་ཐང་། འཚོ་གནས་དང་སྤྱི་ཚོགས་ཀྱི་གནས་བབས་སོགས་མང་པོ་ཞིག་རྒྱུས་མངའ་ལོན་དགོས་ན་སྙན་གཞུང་སྦྱངས་པས་ཧ་ཅང་ཕན་ཐོག་ཆེ་བ་ཡོད་པ་ལྟ་བུར་མཐོང་། མདོར་ན། གནའ་བོའི་སྤྱི་ཚོགས་ཀྱི་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པས་དེ་སྦྱངས་པས་དགོས་པ་ཡང་ཡོད་པ་ཞིག་རེད་སྙམ།
གཞན་ཡང་སྙན་གཞུང་མཁས་པ་མང་པོས་སྙན་ངག་འབྲི་མི་ཤེས་ལ། དེ་ཡང་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མིན། མ་ཚད་སྙན་གཞུང་མཁས་པའི་སྐྱེ་བོ་མང་པོ་ཞིག་ནི་རང་གི་དགའ་སྐྱོ་ཆགས་སྡང་དང་མ་འབྲེལ་བའི་འགྲེལ་བརྗོད་ལྟ་བུའི་སྙན་ངག་ཀྱང་བྲིས་པ་དང་འབྲི་བཞིན་ཡོད། དེ་ཡང་ཡོད་དགོས་པ་ཞིག་དང་ཕན་ཐོག་པ་ཞིག་ཀྱང་ཡིན། འོན་ཀྱང་དེ་ནི་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་སྙན་ངག་མིན། རང་གི་ཚོར་བ་དང་འབྲེལ་ནས་བྲིས་པའི་སྙན་ངག་གསོན་པོ་ཞིག་བཞེངས་ཐུབ་མེད་པས། སྲོག་དང་བྲལ་བའི་རྒྱན་གོས་སྤྲས་པའི་བེམ་རོ་གཟུགས་བཟང་ལྟ་བུ་ཞིག་ལས་མ་འདས། དེ་འདྲའི་བེམ་རོའི་ལུས་ལ་མཛེས་རྒྱན་ཇི་ཙམ་སྤྲས་ཀྱང་ཡིད་དབང་འཕྲོག་པའི་གསོན་གཟུགས་ཤིག་ཏུ་བསྒྱུར་ག་ལ་ཐུབ།
གོང་དུ་བཤད་པ་རྣམས་ཚིག་དོན་གཉིས་ཀ་ཧ་ཅང་བསྡུས་པའི་ལུགས་སུ་བྱས་ནས་བསམ་ཚུལ་རྣམས་བཤད་ཡོད་ཅིང་། གཅིག་བྱས་ན་ཚིག་དོན་གཉིས་ཀ་ཤིན་ཏུ་བསྡུས་ཡོད་སྟབས་ཁ་མི་གསལ་བ་དང་། ཞིབ་མི་ཚགས་པའི་སྐྱོན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་བསམ་ཚུལ་མཐའ་དག་བཤད་ཐེངས་གཅིག་གིས་ཐག་ཆོད་པ་དང་། ཞིབ་ཚགས་པ། སྐྱོན་མེད་པ་བཅས་ནི་ཡོང་དཀའ་བ་ཞིག་རེད། མ་ཚད་དེང་སང་གི་དུས་འདིར་ཚིག་དོན་རྣམས་བསྡུས་ནས་བཤད་པའི་ཐབས་ཤེས་མ་བྱེད་ན། མི་རྣམས་ལ་དུས་ཚོད་ཧ་ཅང་དཀོན་པས་ཆེས་རྒྱས་བཤད་བྱེད་ན་བཀླག་པའི་དུས་ཚོད་ཀྱང་རྙེད་དཀའ་བ་ཡིན་པས། འདིར་མདོར་བསྡུས་ཅི་ཐུབ་ཀྱི་ལུགས་སུ་གཙོ་འདོན་བྱས་ཡོད། ཀློག་མཁན་གྱི་འདུན་པ་དང་དུས་ཚོད་ལ་གཙིགས་སུ་བཟུང་ནས་ངོ་འཕྲོད་ཐབས་ཀྱི་འབད་བརྩོན་ཡང་བྱས་ཁུལ་ཡིན།
ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༧ དགོང་མོར་ལི་ཐང་བློ་བསྟན་གྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་མཇུག་རྫོགས་པར་བྱས།