༡)ཁྱེད་ཉིད་ཉི་འོད་ཀྱི་བྲང་ཁ་ནས་ལྷོད་ཀྱིས་ཚེས་ཏེ་སའི་གོ་ལར་འཛད་མེད་ཀྱི་འོད་སྣང་ཕབ་དུས། ཁྱེད་ཀྱི་གྲིབ་གཟུགས་ན་ཡིབ་པའི་བོད་པ་ཚོས་རྐང་བརྐྱངས་ལག་བརྐྱངས་གིས་སྐྱིད་ཉལ་བརྒྱབ་པ་མཐོང་དུས། ཁྱེད་ཉིད་ཐུགས་ཕམ་ཨེ་བྱུང་ལགས།
༸ གོང་ས་མཆོག
༢)ཁྱེད་ཉིད་ཡོད་ཚད་ཀྱི་མདུན་དུ་ཉམ་ཆུང་ཆུང་གིས་ཕྱག་ཐལ་མོ་སྦྱར་ཏེ་རྔུལ་ཆུ་ཕྲོམ་ཕྲོམ་གྱིས་ཕེབས་དུས། ཁྱེད་ཀྱི་ངོ་སོ་ཁྱེར་པའི་བོད་མི་ཚོས་སྒེར་གྱི་འཚོ་བ་ལ་མགོ་བོ་འཁོར་ཏེ་གཡོ་སྒྱུ་ཁྲམ་གསུམ་གྱིས་བྱ་ངན་རེ་བརྩམས་དུས། ཁྱེད་ཉིད་ཞེ་ཕམ་སྟེ་མིག་ཆུ་ག་ཚོད་བཞུར་མྱོང་ལགས། ༸ གོང་ས་མཆོག
༣)ང་ཚོ་གང་ལའང་རེ་ས་མེད་པའི་སྐབས་དེར། གནམ་སའི་ཁྱོན་དུ་ཁྱེད་ཉིད་གཅིག་པུས་སྐུ་ངལ་ཚད་མེད་བསྐྱོན་ཏེ། ད་ཆར་བདེན་པ་མིག་གིས་མཐོང་བའི་འཛམ་གླིང་ཆེས་མཐོའི་དབུ་ཁྲིད་ཚོས་ཁྱེད་ཀྱི་ཕྱག་རྗེས་ལ་གུས་བཀུར་དང་རམ་འདེགས་བྱེད་དུས། བོད་མི་ཚོས་ཁྱེད་ཀྱི་བཀའ་དྲིན་ལ་བསམ་ཤེས་མེད་པར། ནང་ཁུལ་ཕྱོགས་འཐེན་གྱིས་གྲིབ་གཟུགས་མངོན་དུས། ཁྱེད་ལ་རེ་བ་མེད་པའི་ཚོར་སྣང་བྱུང་མྱོང་ཡོད་དམ་ལགས། ༸ གོང་ས་མཆོག
༤)ཁྱེད་ཉིད་ཐུགས་ལྷོད་ལ་བབ་སྟེ་ངལ་གསོ་ཙམ་མཛད་དབང་མེད་པར་བོད་བསྟན་སྲིད་སླད་ས་ཕྱོགས་གང་ས་དང་། མི་རིགས་འདྲ་མིན་ཐུག་འཕྲད་ཀྱིས་སྐུ་ལས་བསྐྱོན་ཏེ་ད་ཆར་དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་དུས། བོད་མི་ཚོ་ད་དུང་བྱིས་པ་དམར་འབྱར་བཞིན་རང་ཚུགས་མེད་པའི་འཆར་སྣང་དེས། ཁྱེད་ཉིད་བསམ་ཡུལ་འདས་པའི་དངངས་འཚབ་སྐྱེས་མྱོང་ཡོད་དམ་ལགས།
༸ གོང་ས་མཆོག
༥)ད་ཆར ༸ གོང་ས་མཆོག་ཁྱེད་ཉིད་དངོས་གནས་རྒས་འདུག བོད་མི་ཚོས་ཁྱེད་ཉིད་མིའི་ཤ་གཟུགས་སུ་ཕེབས་པའང་དྲན་པ་བརྗེད་འདུག སྐབས་རེར་ཁྱེད་ཉིད་ཞབས་ཐང་ལ་ཕེབས་དུས་གཡས་སྐྱོར་གཡོན་སྐྱོར་གྱིས་བགྲེས་ཉམས་དེ་མཐོང་ཐེངས་རེ་ལ། ངའི་གཟུགས་པོ་ཡོངས་རྫོགས་ལ་གྲང་ཤུམ་དང་། རུས་རྐང་གི་ན་ཟུག་སློང་བ་ཐེངས་ཉུང་རྩ་ནས་མིན། ད་ཆར་ཁྱེད་ཀྱིས་ངལ་གསོ་མཛད་དེ་ཁྱེད་ཀྱི་སྐྱབས་འོག་པ་ཚོ་ལ”བཀའ་སློབ་དང”བཀའ་བཀྱོན་ཕེབས་རོགས། ༸ གོང་ས་མཆོག
༦)དེ་རིང་ཁྱེད་ཀྱི་འཁྲུངས་སྐར་རེད། ལ་དྭགས་ཞི་བའི་ཚལ་ནས་འཁྲུངས་སྐར་ཐད་གཏོང་བརྙན་ལམ་ནས་ཁྱེད་ཉིད་ཞབས་ཐང་གིས་ཡུན་རིང་ཕེབས་པ་མཇལ་དུས། ང་དགའ་དད་སྐྱོ་གསུམ་གྱིས་ཡིད་ཚིམ་པ་ཞིག་ངུས་ཡིན། དེ་ནི་ངས་རང་ཉིད་ཀྱི་གཏན་ཚིགས་གཞིར་བཅོལ་ནས་ངུས་པ་ཡིན། དེ་ནི་བྱིས་པ་ཞིག་གི་བསམ་ཚུལ་ཙམ་ལས་གང་ཡང་མ་ཡིན་ན་ཐང་། མདོར་ན། བོད་ལ་བདེ་སྐྱིད་དགོས་ན། ༸ གོང་ས་མཆོག་ནི་བདེ་སྐྲུན་མཁན་གྱི་བྱེད་པོ་ངོ་མ་དེ་ཡིན། བཙན་བྱོལ་བ་ཚོ་ཕྱིར་ཕ་ཡུལ་དུ་ལོག་དགོས་ན། ༸ གོང་ས་མཆོག་ནི་སུས་ཀྱང་རེ་སྒུག་བྱེད་བཞིན་པའི་བཙན་བྱོལ་བ་ངོ་མ་དེ་ཡིན། མཇུག་མཐར་ ༸གོང་ས་མཆོག་ནས”དགུང་ལོ་བརྒྱ་དང་བཅུ་གསུམ”བཞུགས་རྒྱུའི་ཞལ་བཞེས་དེ་ནམ་ཡང་མི་འདོར་བར་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས་སོ།།
2018/7/6 ཉིན།
___ འོད་ཀྱི་ལག་པས།