པར་མཛོད།

འབུམ་རམས་པ་ཨམ་བྷེ་ཀ་རའི་དཀའ་ཚེགས་གཉིས་པ།

འབུམ་རམས་པ་ཨམ་བྷེ་ཀ་རའི་དཀའ་ཚེགས་གཉིས་པ།

  ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་དགེ་བཤེས་དར་ལྕེ་ཟད་པོས་བོད་སྒྱུར་བྱས།  ཁོ་བོ་ཕྱི་ལོ་ 1916 ལོར་རྒྱ་གར་ལ་ཕྱིར་ལོག་པ་ཡིན།   མ་ཧ་ར་རྗ་བྷོ་རོ་ཌ་མཐོ་རིམ་སློབ་ཆེན་གྱིས་ཁོ་བོ་ཨ་རི་ལ་སློབ་སྦྱོང་བྱེད་བར་བཏང་བ་རེད། ཕྱི་ལོ་1913 ནས་བཟུང་1917 གྱི་བར་ལ་ནིའུ་ཡོག་ཀ་ལུམ་བྷི་ཡ<<columbia >>སློབ་ཆེན་ལ་སློབ་སྦྱོང་བྱས་པ་ཡིན། ཕྱི་ལོ་1917 ནས་བཟུང་དབྱིན་ཇིའི་རྒྱལ་ས་ལོ་ཌོན་ལ་མཐོ་རིམ་སློབ་གྲྭར་སོང་ནས་དཔལ་འབྱོར་རིག་པ་སློབ་མཐར་ཕྱིན། ཕྱི་ལོ་ 1918 ལོར་ནུབ་ཕྱོགས་ལ་སློབ་གཉེར་མཐར་མ་ཕྱིན་པའི་སྔོན་ནས་རྒྱ་གར་ལ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་སོང་། རང་ཉིད་བྷོ་རོ་ཌ་མངའ་སྡེ་གཞུང་གིས་ནུབ་ཕྱོགས་ལ་སློབ་སྦྱོང་ལ་བཏང་བ་ལྟར་ངེས་པར་དུ་གཞུང་ལ་ཞབས་ཕྱི་ཞུ་བར་ཕྱིར་ཡོང་དགོས་པ་རེད།  རྒྱ་གར་མེ་འཁོར་འབབ་ཚུགས་ལ་འབྱོར་ནས་ཁ་ཐུག་བྷོ་རོ་ཌ་མངའ་སྡེར་འགྲོ་སའི་ལམ་ཁར་བཞུགས་པ་ཡིན། རྗེས་སུ་ཁོ་བོས་བྷོ་རོ་ཌའི་གཞུང་གི་ཞབས་ཞུའི་ལས་ཀ་བཞག་དགོས་པའི་རྒྱུ་མཚན་ནི་གལ་ཆེན་པོ་མ་རེད་ལ། དེར་བརྟེན་ལས་ཁུངས་དང་ཁ་བྲལ་དགོས་པའི་རྒྱུ་མཚན་བཤད་འདོད་མེད་པས་དེ་རིང་གླེང་རྒྱུ་མིན། རིགས་རུས་དབྱེ་འབྱེད་ཆེ་བའི་སྤྱི་ཚོགས་ལས་མྱོང་བའི་ཉམས་མྱོང་དང་། སྤྱི་ཚོགས་ནས་ཟུར་དུ་བཀར་བའི་ལོ་རྒྱུས་གཅིག་པུ་འགྲེལ་བཤད་རྒྱག་རྒྱུ་ཡིན།། ཁོ་བོ་ཡོ་རོབ་དང་ཨ་རིར་ལོ་ལྔ་བསྡད་པའི་རིང་ལ་རྒྱ་གར་གང་དུ་སོང་བ་དང་་ག་དུས་འབྱོར་ན་ཕན་ཚུན་ཐུག་རེག་མི་རུང་བའི་རིགས་རུས་དབྱེ་འབྱེད་ཀྱི་དཀའ་ངལ་དེ་ནི་རང་ཉིད་གཅིག་པུ་ཙམ་མིན་པ། རིགས་མཐོ་བ་ཚོ་ལ་ཡང་དཀའ་ངལ་ཡོད་པ་དེ་དག་རྦད་དེ་བརྗེད་ནས་ཧ་ཅང་སྐྱིད་པོ་ཉམས་སུ་མྱོང་ནས་བསྡད་པ་ཡིན།  འོན་ཏེ་རྒྱ་གར་མེ་འཁོར་འབབ་ཚུགས་ལ་འབྱོར་དུས་དྲི་བ་ཞིག་གིས་སེམས་པ་མི་སྐྱིད་པ་བཟོས་སོང་། “གང་དུ་འགྲོ།’’ “སུས་ཁ་ཡ་བྱེད་རེད།” ཅེས་དྲི་བ་དེ་དག་དྲན་པས་སེམས་གཏིང་ནས་རྔམ་སྐྲག་ཆེན་པོ་སྐྱེས་སོང་། ཧིན་ཏུའི་ཆོས་ལུགས་པའི་མགྲོན་ཁང་”ཝེ་ཤི་སེ” <<Vishis>> ཞེས་འབོད་ས་ལ་འགྲོ་ན།  ཁོང་ཚོས་ཁ་ཡ་མི་བྱེད་པ་ངས་གསལ་པོར་ཤེས་སོང་། དོ་ནུབ་གཅིག་པུ་ཉལ་ས་འཚོལ་ཐབས་རིགས་མཐོན་པོར་ཡིན་མདོག་བསྟན་ནས་རྫུན་མ་བཤད་རྒྱུ་གཅིག་པུ་རེད། ཡིན་ན་ཡང་དེ་སྔ་རྫུན་མར་བྱེད་རྒྱུའི་འཆར་གཞི་ཡང་མེད། ཅི་རེད་ཟེར་ན། ཁོང་ཚོས་ངའི་མི་རིགས་ཀྱི་ངོ་བོ་ཤེས་ན་ཛ་དྲག་གི་གནས་ཚུལ་འབྱུང་རྒྱུ་ངེས་གཏན་ཡིན་པ་ཚོད་དཔག་ཐུབ་པ་རེད།  བྷོ་རོ་ཌ་ལ་ཨ་རིར་སློབ་གཉེར་དུ་ཡོང་མྱོང་བའི་གྲོགས་པོ་ཁ་ཤས་ཡོད། གལ་ཏེ་ཁོང་ཚོའི་སར་ཕྱིན་ན་ཁོང་ཚོས་སྣེ་ལེན་བྱེད་ཨེ་ཡོང་། ང་ལ་སྣེ་ལེན་བྱེད་འོང་བསམ་པའི་ཡིད་ཆེས་མི་འདུག  ཁོང་ཚོའི་ཁྱིམ་ནང་ལ་རིགས་ངན་དང་ཟང་ཟིང་མཉམ་སྤྱོད་བྱས་པའི་འཇིགས་སྣང་ཡོང་སྲིད་པ་ཞིག་རེད། ང་ནི་མེ་འཁོར་འབབ་ཚུགས་ཀྱི་བྱ་འདབ་འོག་ལ་ཡུད་ཙམ་ཞིག་ལ་“གང་དུ་འགྲོ།” “ག་རེ་བྱེད་དགོས།” བསམས་ནས་བསྡད་པ་ཡིན།  དེ་ནས་གློ་བུར་དུ་བསམ་ཚུལ་གསར་པ་ཞིག་རྙེད་སོང་། གལ་ཏེ་གྲོང་གསེབ་ལ་ཕྱིན་ན་ཁང་པ་གླ་རྒྱུ་ཡོད་ཀྱི་རེད་བསམས། མེ་འཁོར་འབབ་ཚུགས་ནས་ཕྱིར་ཐོན་དུས་འགྲུལ་པ་དང་མེ་འཁོར་གྱི་ལས་བྱེད་ཡོང་རྫོགས་ཐོན་ཚར་བཞག །ང་རང་གཅིག་པུ་ལུས་འདུག །འགྲུལ་སྐྱེལ་རྐང་འཁོར་ཁ་ཤས་འགྲུལ་པ་མ་རྙེད་ནས་ལུས་འདུག །དེ་ནས་འགྲུལ་སྐྱེལ་རྐང་འཁོར་གཅིག་སྐད་བཏང་ནས་”གྲོང་གསེབ་ལ་འགྲོན་ཁང་གླ་རྒྱུ་ཡོད་པ་ཨེ་ཤེས་”ཞེས་དྲིས། ཁོས་ “པར་སིག་ཆོས་ལུགས་ཀྱི་གྲོང་སྡེ་ལ་སྒོར་མོ་ལེན་ནས་ཁང་གླ་གཏོང་གི་འདུག་”ཟེར། སྐད་ཆ་དེ་གོ་བས་དེར་རྒྱུན་སྡོད་བྱེད་དགོས་བསམས་ནས་སེམས་པ་ལྷོད་ལ་བབས་སོང་། པར་སིག་ནི་ཛོ་རོ་སྦ་སེ་ཁྲེ་རན་<<zoroastrian >>གྱི་རྗེས་འཇུག་ཡིན། དེར་སོང་ན་གཞན་གྱིས་འཛེམས་གཟོན་བྱེད་ནས་ཟུར་དུ་བཀར་བའི་འཇིགས་སྣང་མེད་པར་གྱུར་སོང་། གང་ཡིན་ཟེར་ན། ཁོང་ཚོའི་ཆོས་ལུགས་ཀྱིས་རིགས་རུས་དབྱེ་འབྱེད་མི་བྱེད་པ་རེད། སེམས་ལ་དགའ་སྤྲོའི་རེ་བ་དང་བཅས་ཏེ་འཇིགས་སྣང་ལས་གྲོལ་ཞིང་། ལག་སྒྱེ་འགྲུལ་སྐྱེལ་རྐང་འཁོར་ལ་བཞག་ནས་པར་སིག་གྲོང་སྡེ་ལ་བསྐྱལ་རོགས་བྱས་ལབ་པ་ཡིན། པར་སིག་གྲོང་སྡེའི་དུད་ཚང་ཞིག་ལ་ཁང་པ་རྙིང་པ་ཐོག་རྩེགས་གཉིས་ཅན་ཁྱིམ་ཚང་དང་མཉམ་དུ་རེད་འདུག ཁང་བདག་གིས་འགྲུལ་པ་སུ་བསྡད་ན་དགོས་མཁོ་ཟ་མ་སོགས་བྱིན་གྱི་འདུག ཁང་བདག་གིས་ང་ཐོག་རྩེགས་གཉིས་པ་ལ་བཞག་སོང་།  ཐོག་རྩེགས་གཉིས་པར་འཛེགས་དུས་འགྲུལ་སྐྱེལ་རྐང་འཁོར་གཏོང་མཁན་གྱིས་ལག་སྒྱེ་ཐོག་ཁར་བསྐྱལ་རོགས་བྱས་པའི་རྗེས་ལ། ངས་གླ་ཆ་རྩིས་བརྒྱབ་ནས་ཁོ་རང་ཕྱིན་སོང་། དེ་ལྟ་བུའི་དཀའ་ངལ་ཡོངས་རྫོགས་བསལ་བའི་རྗེས་ནས་རང་སྣང་གང་ཤར་གྱིས་བསྡད་ཆོག་སྙམ་ནས་སྐྱིད་པོ་བྱུང་སོང་། གོས་སློག་ཕུད་ནས་ངལ་གསོ་བྱེད་བཞིན་པ་དང་དུས་མཚུངས་ཁང་པ་དོ་དམ་པའི་ལག་པར་དེབ་ཅིག་ཁྱེར་ནས་སླེབས་བྱུང་། ཁོས་ངས་གོས་སློག་ཕྱེད་ཀ་ཕུད་པའི་སྟངས་ཀ་ལ་ཞིབ་མོར་བལྟས་སོང་།  ང་རང་ལ་ས་དྷ་ར་དང་ཀ་ས་དྷི་ <<Sadra and Kasti>> མེད་པ་རེད། དེ་གཉིས་པར་སིག་པ་ཡིན་པའི་མཚོན་རྟགས་ཤིག་རེད། ཁོས་ཚིག་རྩུབ་པོའི་ངང་ནས་“འདིར་པར་སིག་པ་གཅིག་པུ་སྡོད་སའི་གནས་ཤིག་ཡིན། “ ཁྱོད་ཡག་ཉེས་སུ་ཡིན་ནམ།?”ཟེར་ནས་དྲིས་བྱུང་།“ ང་ཧིན་རྡུའི་ཆོས་ལུགས་པ་ཡིན་”ཞེས་ལན་བཏབ་པས། ཁོ་ཧོན་འཐོར་ནས་“ཁྱོད་རང་འདིར་སྡོད་རུང་གི་མ་རེད་” ཟེར་བ་གོ་དུས། སྔར་གྱི་དྲི་བ་“གང་དུ་འགྲོ།”ག་རེ་བྱེད་དགོས་རེད།” ཟེར་བ་དེ་དག་སླར་ཡང་སེམས་ལ་འཁོར་ནས་སེམས་ཁྲལ་བཟོས་སོང་། ང་ནི་ཧིན་རྡུའི་ཆོས་ལུགས་པ་ཡིན་མོད། འདིར་པར་སིག་པའི་ཁང་པར་བསྡད་རྒྱུ་ལ་འཛེམས་གཟོན་གང་ཡང་མེད། གལ་ཏེ་ཁྱེད་རང་ལ་འཛེམས་གཟོན་མེད་ན་ཞེས་བཤད་པ་ཡིན། ཁོས་གང་འདྲ་བྱེད་དམ། འདིར་རྒྱུན་དུ་སྡོད་མཁན་ཡོངས་རྫོགས་ཀྱིས་པར་སིག་གི་མིང་ཐོ་བཀོད་པ་རེད་ཟེར་ནས་ལན་བརྒྱབ་སོང་། ཁོ་རང་དཀའ་ངལ་ཡོད་པའི་རྣམ་པ་མཐོང་ནས་“ངས་པར་སིག་གི་མིང་ཐོ་བཀོད་བཞག་ན་”ཞེས་བཤད་པ་ཡིན། ང་དེར་བསྡད་ན་ཁོ་རང་ལ་ཁེ་སང་ཡོད་པས་ཁོས་དགག་བྱ་བྱས་མ་སོང་ལ། འགྲོན་ཁང་དེ་ལ་རྒྱུན་རིང་པོར་འགྲུལ་པ་སྡོད་མཁན་རག་མྱོང་མི་འདུག་པས། ངའི་ས་ནས་སྒོར་མོ་ཉུང་ཉུང་ལེན་རྒྱུའི་གོ་སྐབས་ཤོར་བཅུག་འདོད་མི་འདུག །ཉིན་གཅིག་དང་ཕྱེད་ཀའི་ཁང་གླ་ཡང་བྱིན་ནས་པར་སིག་པའི་མིང་རྫུན་མ་བྲིས་པ་རེད། དཀའ་ངལ་དེ་དག་བསལ་ནས་ཁོ་ཐོན་ཚར་བའི་རྗེས་སུ་དར་ཅིག་ལ་སྐྱིད་པོ་འདྲ་བྱུང་སོང་། འོན་ཏེ་སྐྱིད་པོ་ཡུན་རིང་པོ་ཇི་ཙམ་ཡོད་བཤད་ཚོད་མི་ཐེག་པར་གྱུར།  ཁང་པ་ཐོག་རྩེགས་དང་པོ་ལ་ཉལ་ཁྲི་ཆུང་ཆུང་ཞིག་དང་།  ཁྲུས་ཁང་ཆུང་ངུ་ཆུ་ཀ་ལ་བཅས་ཆ་འགྲིག་ཡོད་པ་ཞིག་འདུག །མལ་གསོ་ཁང་པ་ཆེན་པོ་ཞིག་འདུག །ང་ཐོག་མར་སྡོད་སའི་ཁང་པ་ཆེན་པོ་ཡོངས་རྫོགས་གད་སྙིགས་རིགས་ཀྱིས་གང་འདུག །རྐུབ་བཀྱག་དང་པང་ལེབ་ཆག་པ་ཁ་ཤས་ཁང་པའི་དཀྱིལ་ལ་བཞག་འདུག །ང་རང་ཁེར་རྐྱང་དབེན་གནས་དེར་བསྡད་པ་ཡིན། ཁང་བདག་ཞོགས་པ་ཇ་ཕོར་གང་ཁྱེར་ནས་སླེབས་བྱུང་། ཡང་བསྐྱར་ཆུ་ཚོད་དགུ་པ་ཕྱེད་ཀ་ལ་ཞོགས་ཟས་ཁྱེར་ནས་སླེབས་བྱུང་། ཐེངས་གསུམ་པ་ཕྱི་དྲོ་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུ་ཙམ་ལ་དགོང་ལྟོ་ཁྱེར་ནས་སླེབས་བྱུང་། དེ་ནས་ཁང་བདག་ངའི་སར་རྩ་བ་ནས་སླེབས་མ་སོང་ལ། ང་དང་མཉམ་དུ་བསྡད་ནས་སྐད་ཆ་ཡང་བཤད་མ་སོང་། ཉིན་དེ་དག་དེ་འདྲ་ཞིག་བྱས་ནས་འདས་སོང་བ་རེད། དེ་ནས་བྷོ་རོ་ཌའི་ལས་ཁུངས་ཀྱིས་ང་རང་ཚོད་ལྟའི་རྩིས་གཉེར་ལ་བསྐོས་པ་རེད། ཞོགས་པ་ཆུ་ཚོད་བཅུ་པ་ལ་ལས་ཁུངས་ལ་འགྲོ །དགོང་མོ་ཆུ་ཚོད་བརྒྱད་པ་ལ་ནང་ལ་ལོག་གི་ཡོད།  གནས་ཚང་ནས་ཐག་རིང་པོ་ལ་ལས་རོགས་དང་མཉམ་དུ་དུས་ཚོད་ཇི་ཙམ་བཏང་ཡང་། དགོང་མོ་ཆུ་ཚོད་བརྒྱད་པ་ལ་ཚུར་འཁོར་ཐུབ་ཐབས་བྱེད་དགོས་ཡོད། གང་ཡིན་ཟེར་ན། གནམ་འོག་ལ་ང་རང་འདུག་སའི་ས་ཆ་དེ་ལས་གཞན་པ་ཞིག་མེད་པས་རེད། འགྲོན་ཁང་དེ་ནི་ཧ་ཅང་ཆེ་ལ་འོག་ཁང་ལ་མི་སྡོད་ནས་སྐད་ཆ་བཤད་མཁན་མེད་པས། ང་རང་གཅིག་པུ་ཁུ་སིམ་ངང་དུ་བསྡད་རྒྱུ་རེད། ཁང་པ་ཡོངས་རྫོགས་མུན་ནག་འཐིབས་ནས་ཡོད་ལ། གློག་མེད་ལ་མུན་པ་ཅུང་ཟད་སེལ་བའི་ཞུ་མར་གྱི་སྒྲོན་མེ་ཡང་མེད། ཁང་བདག་གིས་བེད་སྤྱོད་བཏང་བ་རླུང་གིས་འདེད་མི་ཐུབ་པ་ཤེལ་དམ་ནང་ལ་སྒྲོན་མེ་ཆུང་ངུ་ཞིག་ཡོད། སྒྲོན་མེ་དེའི་འོད་རྒྱང་རིང་སར་འཕྲོ་མི་ཐུབ། སོར་འགའ་ཤས་ཀྱི་ནང་གི་མུན་པ་སེལ་ཐུབ་ཙམ་རེད། ས་འོག་མུན་དོང་ལ་བསྡད་པའི་ཚོར་སྣང་བྱུང་བ་དང་། སྐད་ཆ་བཤད་མཁན་འདུག་རོགས་ཤིག་བྱུང་ན་ཅི་མ་རུང་ཡང་ཡང་བསམ། འོན་ཏེ་སུ་ཡང་མེད། རོགས་པ་མི་ཞིག་མེད་པའི་གནས་སྟངས་དེ་ལ།  རོགས་པ་དེབ་བཙལ་ནས་ཡང་ནས་ཡང་དུ་བཀླགས་པ་ཡིན། བློ་རྩེ་དཔེ་དེབ་སིམ་ནས་ཁེར་རྐྱང་གི་སྣང་བ་ནུབ་འགྲོ །འོན་ཏེ་ཕ་ཝང་མཚན་མོར་ཕར་འཕུར་ཚུར་བྱེད་པའི་གཤོག་སྒྲ་ཐོས་རྒྱུ་ཡོད། ཁང་པའི་ནང་ལ་ཕ་ཝང་གི་ཚང་བཅས་ནས་ཡོད། བྱ་སྐད་དེས་སེམས་དཔེ་དེབ་ལ་འཇོག་མི་བཅུག་པ་དང་། སུན་སྣང་དེ་ཡིས་འདས་དོན་གང་ཞིག་བྱུང་བ་བརྗེད་པ་ལས་བསྐྱར་ནས་བསྐྱར་དུ་དྲན་བཅུག་འོང་བ་དང་། ཆ་རྒྱུས་ཅི་ཡང་མེད་པའི་ས་ཆ་དེར་ཆ་རྐྱེན་ཧ་ཅང་སྐྱོ་བའི་གནས་ལ་བསྡད་པ་ཡིན། ཁོང་ཁྲོ་ཐེངས་མང་པོ་བསླངས་བྱུང་ཡང་། མུན་ཁང་གི་ཚོར་སྣང་གི་སྡུག་བསྔལ་དང་ཁོང་ཁྲོ་བཅོས་ཐབས་བསྟེན་ནས་མནན་པ་ཡིན། གནས་སྟངས་སྐྱོ་བོ་དེ་ལྟར་སྡོད་པའི་སྐབས་གཅེན་མོའི་བུ་བྷོམ་བྷེ་ནས་སྔར་ལྷག་སོང་བའི་ཅ་དངོས་འགའ་ཤས་ཁྱེར་ནས་བསླེབས་བྱུང་། ཁོས་ངའི་གནས་སྟངས་མཐོང་དུས་སྐད་ཤུགས་ཆེན་པོས་ངུས་སོང་། ངས་ཁོ་རང་མགྱོགས་པོར་བྷོམ་བྷེ་ལ་ཕྱིར་ལོག་གཏོང་དགོས་བྱུང་སོང་། ང་ནི་པར་སིག་ཆོས་ལུགས་པར་བརྫུས་ནས་ཡོད་པ་རིང་པོར་མི་ཐོགས་པར་ཉིན་ཞིག་ལ་ཁོང་ཚོས་ཤེས་རྒྱུ་ཡིན་པ་ངས་ཤེས་ཡོད། དེར་བརྟེན་གནས་སྐབས་སྒེར་གྱི་བླ་གབ་ལྟ་བུ་ཞིག་གླ་རྒྱུ་ལ་འབད་བརྩོན་བྱས་ཀྱང་། ལས་ཁུང་གི་འགོ་ཁྲིད་ཀྱིས་ངའི་རེ་སྐུལ་ལ་ལྟ་རྟོག་མ་བྱས་པ་དང་། ངའི་རེ་སྐུལ་ལས་བྱེད་པ་གཅིག་ནས་གཅིག་ལ་བརྒྱུད་ནས་མཐའ་མར་ནག་ཉེས་ཕོག་པའི་ཉིན་མོ་ཞིག་ལན་ལ་འབྱོར་བ་རེད།། དེར་བསྡད་པའི་ཉིན་བཅུ་གཅིག་པ་ལ་ངས་ཞོགས་ཟས་ཤིག་ཁྱེར་ནས་གོས་སློག་གྱོན་ནས་སྒོ་ཐེམ་བརྒལ་ནས་ལས་ཁུངས་ལ་འགྲོ་བ་དང་། དཔེ་མཛོད་ནས་དེབ་ཁ་ཤས་གཡར་བ་ཉིན་གཅིག་བཀླགས་ནས་ཕར་སྤྲད་རྒྱུ་ཁྱེར་ནས་འགྲོ་སྐབས། མི་མང་པོ་སྐས་ལ་འཛེགས་འོང་འདུག་བསམས་པའི་རྡོག་སྒྲ་ཞིག་ཐོས་སོང་། ངས་འགྲུལ་པ་མང་པོ་འདིར་ཁང་པ་གླ་བར་སླེབས་ཡོད་ས་རེད་བསམས་ཤིང་། ཁྱིམ་མཚེས་སུ་འདྲ་ཞིག་ཡོད་ན་བསམས་ནས་བལྟས་ནས་བསྡད་པ་ཡིན། སྐད་ཅིག་ཉིད་ལ་ཤིན་ཏུ་ཁྲོས་པའི་རྣམ་འགྱུར་ཅན་གྱི་པར་སིག་པ་མྱི་རིང་པོ་བཅུ་གཉིས་མི་རེས་དབྱུག་པ་རེ་ཁྱེར་ནས་སླེབས་བྱུང་། ངས་འགྲུལ་པ་མིན་པར་ཤེས་སོང་བས། ལམ་སང་དོན་དངོས་གང་ཡིན་བདེན་པ་ར་སྤྲོད་བྱེད་རྩིས་བྱས་ཀྱང་།  གཅིག་རྗེས་གཉིས་མཐུད་ཀྱིས་ངའི་མདུན་ནས་བང་སྒྲིག་ནས་“ཁྱོད་སུ་ཡིན།” “འདིར་ཅི་ལ་སླེབས་འོང་བ་ཡིན།” “ཁྱོས་པར་སིག་པའི་མིང་བེད་སྤྱོད་གང་འདྲ་བྱས་ནས་གཏོང་ཕོད་སོང་། ཁྱོད་ཀྱིས་པར་སིག་པའི་མིང་བརྫད་སོང་།” ཟེར། ཅི་ཡང་བཤད་མ་ཕོད་ནས་ལང་བསྡད་ཡིན། ལན་གང་ཡང་མ་བཏབ། མུ་མཐུད་ནས་པར་སིག་པ་ཡིན་མདོག་བསྟན་ནུས་མ་སོང་། དོན་དངོས་ལ་མགོ་སྐོར་བཏང་ནས་བསྡད་ཡོད་པ་ཁོང་ཚོས་ཤེས་ཚར་བ་རེད། གལ་ཏེ་འཁྲབ་སྟོན་རྫུན་མའི་རྩེད་མོ་མུ་མཐུད་ནས་བརྩེས་ན་ཁོང་ཁྲོ་ཆེན་པོས་རུབ་ནས་བརྡུངས་པ་དང་། རྐྱེན་ངན་གོད་ཆགས་དེ་ལ་བརྟེན་ནས་བསད་ས་རེད་བསམས་སོང་། ངས་ཧ་ཅང་ཉམ་ཆུང་བ་དང་ཅང་མི་སྨྲ་བས་རྐྱེན་ངན་འགོག་ཐབས་བྱས་པ་ཡིན། དེ་དག་ཁྲོད་ནས་མི་གཅིག་གིས“་འདི་ནས་ནམ་ཞིག་ལ་འགྲོ་རྩིས་ཡོད་”་ཟེར་ནས་དྲིས་བྱུང་། འདིདག་གི་ལག་འོག་ནས་གཅིག་ཐར་ན་སྲོག་འགོ་ཐོན་སོང་བསམས་པའི་སྐབས་དེར་“ནམ་ཞིག་ལ་འགྲོ་རྩིས་ཡོད།”་ཅེས་པའི་དྲི་བ་དེས་ངའི་སྨྲ་སྒོ་ཕྱེས་སོང་བས། མ་མཐའ་བདུན་ཕྲག་གཅིག་ལ་འདུག་བཅུག་རོགས་གནང་ཟེར་ནས་རེ་སྐུལ་ཞུས་པ་ཡིན། དེའི་རིང་ལ་ལས་ཁུངས་ཀྱི་འགོ་འཛིན་ལ་སྒེར་ཁང་བླ་གབ་ལྟ་བུ་འཚོལ་ཐབས་རེ་སྐུལ་ཞུས་པ་རྙེད་རྒྱུ་རེད་བསམས། པར་སིག་པ་དེ་ཚོས་རྩ་བ་ནས་མ་ཉན་ནས་མཐར་ཐུག་གི་ཐག་གཅོད་དེ་རིང་ཕྱི་དྲོ་རང་ལ་ཐོན་དགོས་ཟེར། སེམས་ཁྲལ་ལངས་པ་དང་སྙིང་སྟོབས་ཞུམ་སོང་། ང་རང་ཕྱི་དྲོར་ངེས་པར་ཐོན་ཐུབ་པ་དགོས་པ་མ་གཏོགས་མཇུག་འབྲས་ངན་པ་འབྱུང་རྒྱུ་རེད། འདིར་སླར་ཡང་འོང་དགོས་མི་ཐུག་པར་ཤོག་ཅེས་སྨོད་པ་འདེབས་པ་དང་ངུ་བྲོ་བར་གྱུར་སོང་། ཁང་པ་དེ་ནི་བཙོན་ཁང་ལས་ཡག་པ་གང་ཡང་མེད་ཀྱང་། ང་ལ་མཚོན་ན་རྩ་ཆེན་པོ་ཞིག་ཡིན།  པར་སིག་པ་ཁོང་ཚོ་ཐོན་ཚར་བའི་རྗེས་སུ་ཡུན་ཙམ་ཞིག་ལ་མགྲོན་ཁང་ལས་ཕྱིར་ཐོན་སྟངས་ལ་བསམ་མནོ་བཏང་ནས་བསྡད། སྒེར་གྱི་བླ་གབ་ལྟ་བུ་ཞིག་མགྱོགས་པོར་གླ་རྒྱུ་བྱུང་ན་བསམ་པའི་རེ་བ་བྱུང་། དེ་ནས་དཀའ་རྙོག་འདི་དག་ཞི་འགྲོ་བ་རེད་བསམས། བདག་གི་དཀའ་ངལ་འདི་སྐབས་ཕྲལ་ཙམ་ཡིན་པས། ཐབས་ཤེས་ཡག་ཤོས་གྲོགས་པོ་ཞིག་གི་སར་འགྲོ་བ་དེ་རེད། བྷོ་རོ་ཌ་ལ་རིགས་དམའ་བའི་གྲོགས་པོ་ནི་ང་ལ་མེད། འོན་ཏེ་རིགས་མཐོ་བ་ཁ་ཤས་ཡོད། གཅིག་ནི་ཧིན་རྡུའི་ཆོས་ལུགས་པ་རེད། གཞན་ཞིག་ནི་རྒྱ་གར་ཡེ་ཤུ་བ་ཞིག་རེད། དང་པོ་ཧིན་རྡུ་གྲོགས་པོའི་སར་ཕྱིན་ནས་ང་ལ་གནད་དོན་ཅི་ཞིག་འབྱུང་བའི་གནས་ཚུལ་བཤད་པ་ཡིན། ཁོ་སྔོན་མ་མི་བཟང་པོ་ཞིག་དང་སྒེར་གྱི་གྲོགས་པོ་རྩ་ཆེན་ཞིག་ཡིན། ཁོ་སྐྱོ་སྣང་དང་ཞེ་སྡང་གིས་བརླམས་པ་ལྟ་བུ། “གལ་ཏེ་ཁྱོད་འདིར་ཡོང་ན་ང་ཚོའི་གླ་པ་ཚང་མ་འབྲོས་འགྲོ་གི་རེད”་ཟེར། ངས་ཤེས་སོང་བའི་བརྡ་ཞིག་བསྟན་ནས་ཉལ་ས་གཡར་རོགས་ཟེར་ནས་ཨུ་ཚུགས་མ་བརྒྱབ།  རྒྱ་གར་ཡེ་ཤུ་བ་གྲོགས་པོའི་སར་འགྲོ་སྙིང་བྲོ་མ་བྱུང་། ཐེངས་གཅིག་ལ་ཁོ་རང་ནང་ལ་ཤོག་ཟེར་ནས་མགྲོན་བོས་བྱུང་ཡང་། ངས་ཁས་ལེན་མ་བྱས། རྒྱུ་མཚན་ནི་ངེད་གཉིས་གོམས་གཤིས་འདྲ་ཡི་མ་རེད་ལ། བློའི་ཁྱེར་སོ་ཡང་འཚམས་པ་ཤིག་མ་རེད། གལ་ཏེ་ཕྱིན་ན་ཡང་སྔར་གྱི་ཁས་ལེན་ཕྱིར་ལྡོག་བྱ་རྒྱུ་གཏན་ཁེལ་རེད།  དེར་བརྟེན་ལས་ཁུངས་ལ་ཕྱིན་པ་ཡིན། ངས་བློས་བཏང་མི་ཐུབ་པའི་གདམ་ཀ་གཞན་ཞིག་ནི་གྲོགས་པོ་གཞན་ཞིག་གི་བླ་གབ་ཉལ་ས་གཡར་རྒྱུ་དེ་རེད།  གྲོགས་པོ་ཁོང་འདུག་གནས་བརྩད་བཅད་ནས་འགྲོ་རྒྱུར་ཐག་བཅད་ཅིང་། གལ་ཏེ་ཁྱོད་ལ་ཉལ་ས་བླ་གབ་ཅིག་འཚོལ་ཐབས་བྱུང་ན་ཞེས་སྐད་ཆ་དྲིས་དུས། ཁོང་གི་ནག་མོ་སང་ཉིན་བྷོ་རོ་ཌ་ལ་ཡོང་རྒྱུ་རེད། མོ་ལ་སྐད་ཆ་འདྲི་དགོས་ཟེར། གྲོགས་པོའི་འབྲེལ་ལམ་ཕོ་ཐུག་མི་འགྲོ་བའི་གཡོལ་ཐབས་ཀྱི་ལན་ཞིག་ཡིན་པ་རྗེས་ནས་ཤེས་བྱུང་། ཁོང་དང་ནག་མོ་གཉིས་ཀ་བྷར་ཧ་མན<<Brahmin>>ཞེས་འབོད་པ་རིགས་མཐོ་བའི་ཁྱིམ་ཚང་ངོ་མ་ལས་མཆེད་པ་ཞིག་རེད། འོན་ཏེ་ཁྱོ་ག་ཡེ་ཤུའི་ཆོས་ལུགས་ལ་འགྱུར་ཕོད་པའི་བློ་རྒྱ་ཅན་ཞིག་རེད་དྲན། ནག་མོ་དེ་སྔར་གྱི་ལམ་ལུགས་ཡང་དག་པར་འཛིན་པས་ཐུག་རེག་མི་རུང་བའི་རིགས་དམའ་བ་གནས་ཚང་གཡར་རྒྱུ་ལ་མོས་མཐུན་མི་བྱེད་མཁན་ཞིག་རེད། ཆེས་མཐའ་འཇུག་རེ་བ་ཕྲན་བུ་དེ་ནི་རྣམ་པ་དེ་ལྟ་བུའི་ངང་ནས་རྒྱང་རིང་དུ་ཡལ་སོང་། དེ་དུས་དགོང་མོ་ཆུ་ཚོད་བཞི་པ་རེད། ཡེ་ཤུ་རྒྱ་གར་བ་གྲོགས་པོ་ནི་བསྐྱུར་ཚར་བ་ཡིན། མ་འགྲོ་བའི་སྔོན་དུ་གང་དུ་འགྲོ་དགོས་རེད་ཅེས་པ་ནི་གལ་ཆེ་བའི་དྲི་ཚིག་ཅིག་རེད། ཅི་བྱ་བརྟོལ་མེད་དུ་གྱུར་ནས་པར་སིག་འགྲོན་ཁང་ལ་ལྷག །གྲོགས་པོའི་སར་འགྲོ་ས་མེད། ཐབས་ཤེས་ཁེ་ར་ལྷག་པ་ནི་བྷོམ་བྷེ་ལ་ལོག་འགྲོ་རྒྱུ་དེ་རེད། བྷོམ་བྷེ་ལ་མེ་འཁོར་ཆུ་ཚོད་དགུ་པར་ཐོན་པས་ཆུ་ཚོད་ལྔ་འགོར་གྱི་རེད། “དུས་ཚོད་གང་དུ་སྐྱེལ་ཐུབ།”  “འགྲོན་ཁང་གང་ལ་འགྲོ་ཐུབ།”  “གྲོགས་པོ་སུའི་སར་འགྲོ་ཐུབ།”  དེ་དག་ལ་འགྲོ་བའི་བློ་སྤོབས་ཀྱིས་འདང་མ་སོང་། གལ་ཏེ་འདིར་བསྡད་ན་པར་སིག་པ་ཁྱུ་གཅིག་སླེབས་ཡོང་སྲིད་པ་དང་།  མཉམ་རུབ་ཀྱིས་རྒོལ་བ་ལའང་ཤིན་ཏུ་འཇིགས། གྲོགས་པོའི་སར་འགྲོ་འདོད་མེད་པར་གྱུར། ངའི་གནས་སྟངས་ཡ་ང་བ་ཞིག་ཀྱང་རེད་ལ། འོན་ཏེ་ཡ་ང་བའི་ཐ་ཤལ་གྱི་མི་ཞིག་ནི་བྱེད་འདོད་མི་འདུག །ཆུ་ཚོད་ལྔ་ལ་སྤྱི་སྤྱོད་ཀྱི་མེ་ཏོག་ལྡུམ་རྭར་ཀ་མ་དྷི་བྷག་<<Kamathi Baug>> ཞེས་འབོད་ས་གྲོང་ཁྱེར་དང་གྲོབ་གསེབ་བར་མཚམས་སུ་ཡོད་པ་དེར་འགྲོ་རྒྱུར་ཐག་བཅད་པ་ཡིན། དེར་འབྱོར་ནས་བསྡད་པས་སེམས་པ་སྟོང་ལྷང་ལྷང་དང་། གནས་ཚུལ་ཅི་ཞིག་བྱུང་བའི་འདས་དོན་དེ་དག་དྲན་ནས་སེམས་ལ་སྐྱོང་གདུང་གི་སྡུག་བསྔལ་བྱུང་བས། བྱིས་པ་ཞིག་སྐྱབས་མེད་མགོན་གྱུར་དུས་“ཨ་ཕ་ཨ་མ་”ཞེས་འབོད་པ་ལྟར་ངའི་སེམས་ནས“ཨ་ཕ་དང་ཨ་མ”་ཟེར་ནས་བོས་སོང་།  ཆུ་ཚོད་བརྒྱད་པ་ལ་མེ་ཏོག་ལྡུམ་རྭ་དང་བྲལ་ནས་པར་སིག་འགྲོན་ཁང་ནས་ལག་སྒྱེ་སོགས་ཅ་ལག་ལེན་བར་སོང་། ཁང་པ་དོ་དམ་པ་སླེབས་སོང་ཡང་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་བཤད་རེས་མ་བྱས། ང་ལ་རྙོག་གྲ་བཤད་ནས་འགྲོན་ཁང་ནས་ཕུད་ཐུབ་པ་ནི་ཁོ་རང་གིས་ལས་འགན་ཁུར་བའི་བྱ་བཞག་ཅིག་སྒྲུབ་ཐུབ་པའི་སེམས་ཚོར་འདུག ཁང་གླ་བྱིན་ནས་ཁུ་སིམ་ངང་ནས་སོ་སོར་གྱེས། ཧ་ཅང་ཆེས་མཐོ་བའི་རེ་བ་ཞིག་དང་ལྷན་དུ་བྷོ་རོ་ཌ་མངའ་སྡེ་དང་གྱེས་ནས་ཞབས་ཞུའི་ལས་ཀ་མང་པོ་བཞག་པ་ཡིན། དེ་དུས་འཛམ་གླིང་དམག་ཆེན་གཉིས་པའི་དུས་སྐབས་རེད། རྒྱ་གར་ཤེས་ཡོན་ཅན་མང་པོའི་ལས་ཀ་ཤོར་ནས་དབྱིན་ཡུལ་ལ་རྐུབ་བཀྱག་སྟོང་པ་མང་པོ་ཡོད་རེད་ལ། ང་ལ་མཚོན་ན་མི་དམངས་ལཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་པའི་དབྱིན་ཇི་བ་ངོ་ཤེས་པ་མང་པོ་དབྱིན་ཡུལ་རྒྱལ་ས་ལོ་ཌོན་ལ་ཡོད། འོན་ཏེ་ངོ་ཤེས་དེ་དག་ལྟག་སྒོ་བརྒྱུད་ནས་ལས་ཀ་མ་བཙལ་བ་ཡིན། ཁོ་བོ་བྷོ་རོ་ཌ་མ་ཧ་ར་རྗ་མངའ་སྡེས་འགྲོ་གྲོན་བཏང་ནས་ཤེས་ཡོན་སྦྱོང་བར་ཕྱི་རྒྱལ་ལ་བཏང་བའི་བཀའ་དྲིན་གཟོ་བའི་ཕྱིར་དུ་ཞབས་ཕྱི་ཞུ་བར་རྒྱ་གར་སླེབས་ཡོང་བ་ཡིན། ཉིན་མ་བཅུ་གཅིག་གཅིག་པུའི་རྗེས་ནས་བྷོ་རོ་ཌ་བསྐྱུར་ནས་བྷོམ་བྷེ་ལ་ཕྱིན་པ་ཡིན།  མཐའ་དོན་ནི། གནས་དོན་འདི་ནི་པར་སིག་པ་མི་བཅུ་གཉིས་ཀྱིས་ལག་ཏུ་དབྱུག་པ་རེ་ཐོགས་ནས་ངར་ངར་རྫིག་རྫིག་གིས་མདུན་ལ་མཆོང་ཡོང་བ་དང་། ང་རང་ཁོང་ཚོའི་མདུན་དུ་འགྲེངས་ནས་དྲག་ཤུལ་གྱི་སྤྱོད་པ་ལ་སྙིང་རྗེ་བར་འོས་པ་ཉམ་ཆུང་གིས་ཞུ་བ་ཕུལ་བའི་རྣམ་པ་དེ་ནི་ལོ་ངོ་བཅོ་བརྒྱད་ཀྱི་རྗེས་སུ་ཡང་གསལ་ལེར་དྲན་བཞིན་འདུག །ཡི་གེ་འབྲི་བཞིན་པའི་སྐབས་འདིར་ཁྲ་ལམ་མེར་དྲན་བཞིན་འདུག་ལ། མིག་ལ་མཆི་མ་མ་འཁྲུགས་ནས་ལོ་རྒྱུས་ཀྱི་རྣམ་པ་དེ་དྲན་མ་མྱོང་བ་རེད། དུས་ཚོད་དེ་ཧིན་རྡུའི་ཆོས་ལུགས་པ་མ་ཟད། པར་སིག་པའི་ཆོས་ལུགས་ཀྱིས་ཐུག་མི་རུང་བའི་རིགས་རུས་ལ་དབྱེ་འབྱེད་དེ་ལྟར་བྱེད་པ་ཤེས་པ་དང་པོ་དེ་ཡིན། དཀའ་ཚེགས་དྲུག་ཕྲད་པའི་གཉིས་པ་འདི་ནས་མཇུག་རྫོགས་པ་རེད།། ...

༧ སྐྱབས་རྗེ་དཔེ་ཝར་སྤྲུལ་སྐུའི་མགུལ་གའུ་ནང་གི་གུ་རུའི་སྐུ་ཚབ།

༧ སྐྱབས་རྗེ་དཔེ་ཝར་སྤྲུལ་སྐུའི་མགུལ་གའུ་ནང་གི་གུ་རུའི་སྐུ་ཚབ།

༄༅། །དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་གྱི་བྱུང་ཚུལ་མདོ་ཙམ་བརྗོད་པ་གནད་ཀྱི་མེ་ལོང་ཞེས་བྱ་བ། ན་མོ་གུ་རུ་པདྨ་ཀ་རཱ་ཡེ། གུ་རུ་པད་འབྱུང་མཁྱེན་བརྩེའི་དབང་།།དབྱེར་མེད་གཅིག་བསྡུས་གུས་བཏུད་ནས།།དབང་གི་གུ་རུའི་སྐུ་ཚབ་ཀྱི།།བྱུང་ཚུལ་མདོར་བསྡུས་སྨྲ་ལ་སྤྲོ།། དེའང་དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་ནི། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེ་འཆི་མེད་རྡོ་རྗེ་མཆོག་གིས་མགུལ་དུ་གསོལ་བའི་དངུལ་གྱི་གའུ་ནང་བཞུགས་པའི་སྐུ་འདིར་ཡིན་ལ།  ༈ འདི་ནི་རིས་མེད་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བོན་གཏེར་ཚེ་དབང་གྲགས་པ་ལ་བཀའ་གནང་ནས་གཏེར་དུ་བླངས་པའི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་ཞུ་བ་དེ་ཡིན་ཞིང་། རྗེ་དེ་ཉིད་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་བབས་བདུན་གྱི་བདག་པོ་གྱུར་པའི་ལུང་བསྟན་ཡོད་ལ། བཀའ་བབས་བདུན་ནི། བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས། རྒྱ་ཆེན་བཀའ་དང་ཟབ་མོའི་གཏེར། །ས་གཏེར་དངོས་དང་ཡང་གཏེར་དང་། །ཤིན་ཏུ་དགོངས་ཟབ་ཡང་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཏེ། །བཀའ་བབས་བདུན་གྱིས་དབུགས་འབྱིན་བྱེད། །ཅེས་གསུངས་པ་ལྟར་ཡིན་ལ། གུ་རུའི་སྐུ་ཚབ་འདི་ནི་བཀའ་བབས་བདུན་གྱི་ནང་ཚན་ས་གཏེར་གྱི་གྲས་སུ་བཞུགས་ཤིང་། ས་གཏེར་ནི། དིལ་མཁྱེན་གྱིས། གཏེར་བརྒྱུད་ལ་དངོས་གཏེར་རི་བྲག་གཙུག་ལག་ཁང་མཚོ་ལས་བཏོན་པའི་ས་གཏེར་དང་། ཞེས་འབྱུང་བ་ལྟར།གཞི་བདག་དང་གནས་རི་ལས་བླངས་པ་དང་། ཕ་བོང་དང་བྲག་ལས་བླངས་པ། སྒྲུབ་ཕུག་དང་གཙུག་ལག་ཁང་ལས་བླངས་པ། ཆུ་མིག་དང་མཚོ་ལས་བཏོན་པ་དག་ནི་ས་གཏེར་ཞེས་བྱ་ལ། ཡང་། ས་གཏེར་ལ་སྐུ་དངོས་ཀྱི་བགོ་སྐལ་རང་གཏེར་དང་། སྔོན་བྱོན་གཏེར་སྟོན་གྱིས་ཡང་གཏེར་དུ་རྒྱས་བཏབ་པ་སླར་སྣང་བ་མཛད་པ་གཉིས། ཞེས་འབྱུང་བ་ལྟར། རང་གི་གཏེར་སྐལ་རང་གིས་ལེན་པའི་ཚུལ་ཞིག་དང་། གཏེར་སྟོན་གཞན་གྱིས་གཏེར་དུ་བླངས་ཏེ་སླར་གཏེར་དུ་སྦས་པ་རང་གིས་ཚུར་ལེན་པ་དང་རིགས་གཉིས་ཡོད་པ་གསུངས་ལ། རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་གཏེར་སྟོན་ཀུན་གྱི་རྒྱལ་པོ་དང་།  གཏེར་ཆོས་ཀྱང་ཀུན་ལས་ཁྱད་པར་འཕགས་ཤིང་། གུ་རུའི་སྐུ་ཚབ་མཇལ་བའི་ཕན་ཡོན་དང་བྱིན་རླབས་ཆེ་བའི་ཚུལ་ལ། གཏེར་སྟོན་དྲི་མེད་པདྨ་གླིང་པས། འཇམ་དབྱངས་མཁྱེན་བརྩེའི་གཏེར་ཆོས་ལྟ་བུ་གཏེར་སྟོན་སུས་ཀྱང་གཏེར་ཆོས་ལ་མི་འབྱུང་ཞེས་གསུངས་པ་དང་། ཡང་རྗེ་བླ་མ་གཏེར་སྟོན་གྱི་རྒྱལ་པོ་ཡིན་པའི་ཆེ་རྟགས་སུ་གུ་རུ་རིན་པོ་ཆེའི་མཆོག་གི་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་། ཞི་རྒྱས་དབང་དྲག་གི་སྐུ་ཚབ་བཞི་ཕྱག་ཏུ་བཞུགས་པ། མཆོག་གི་སྐུ་ཚབ་ཐུགས་སྒྲུབ་ཡིད་ནོར་བུ་དང་ལྷན་ཅིག་མཆོག་གླིང་གིས་སྤྱན་དྲངས་པ། རྒྱལ་ཚབ་སྐྱེས་བུའི་འགྲོ་དོན་རྟེན་དུ་བཞག༔ ཞེས་གསུངས་པ་ལྟར་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཕྱག་ཏུ་བཞུགས་པ་འདི་གཏེར་ཆེན་མཆོག་གླིང་གི་ཞལ་ནས་ཀུན་གཟིགས་བླ་མ་རིན་པོ་ཆེའི་མདུན་ནས་སྐུ་ཚབ་ཀྱི་བྱིན་རླབས་ཐོབ་པ་ཐམས་ཅད་གུ་རུ་དངོས་མཇལ་བ་དང་ཁྱད་མེད་པས་མཚམས་མེད་ལྔ་བྱས་པའང་ངན་འགྲོར་མི་ལྟུང་ཞེས་གཏེར་བྱོན་སྐུ་ཚབ་ཀྱི་ལོ་རྒྱུས་སུ་གསུངས་ཤིང་།  གྲུབ་དབང་ཤཱཀྱ་ཤྲཱི་ཡང་སྐུ་ཚབ་ཀྱིས་རིག་པའི་རྩལ་དབང་གནང་བས་དགོངས་པ་ཚད་ལ་ཕེབས་པའི་ལོ་རྒྱུས་དང་། ཞེས་གསུངས་སོ།། ཞི་རྒྱས་དབང་དྲག་གི་སྐུ་ཚབ་བཞི་བཞུགས་པའི་ནང་ཚན་དབང་གི་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་གཏེར་དུ་ཇི་ལྟར་བཞེས་པའི་ཚུལ་ནི། བོན་གཏེར་ཚེ་དབང་གྲགས་པ་ལ་ཀུན་གྲོལ་གསང་བ་རྩལ་ཞུ་ཞིང་། མཁྱེན་བརྩེའི་དབང་པོའི་སྐུ་མདུན་དུ་སྔོན་མ་ཐེངས་གཅིག་མཇལ་བཅར་ཞུས་སྐབས་གཏེར་གྱི་རྟེན་འབྲེལ་མ་བྱུང་བ་དང་། རྗེས་མ་དབྱར་ཀ་ཞིག་ལ་མཇལ་བཅར་ཞུས་སྐབས་གཏེར་ལྷུང་ཕྱོགས་སུ་སོང་ལ་ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དེ་དང་། པདྨ་ཤེལ་རི་ལ་གཏེར་ཁ་ཞིག་ཡོད་པ་དེ་དག་རྗེས་མར་ལེན་ས་བྱོན་མི་ཐུབ་པས་ད་ཐེངས་ལོན་ན་གལ་ཆེ་ཚུལ་གྱི་བཀའ་ཕེབས་གནང་བ་བཞིན་བྱོན་ནས་གཏེར་བཞེས་པ་ཡིན་འདུག་སྟེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ལས། དབྱར་ཐོག་ཅིག་ལ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ཕྱག་མཇལ་དུ་བཅར་བ་ན། ད་རེས་གཏེར་ལྷུང་ཕྱོགས་སུ་སོང་། ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དང་། པདྨ་ཤེལ་རིར་གཏེར་ཁ་ཞིག་ཡོད་པ་སོགས་རྗེ་ཉིད་སྔར་ཕེབས་སྐབས་གྲ་འགྲིགས་པོ་མ་བྱུང་བ་དང་། ད་ཕན་དངོས་ཀྱིས་ཕེབས་པ་མི་འོང་བར་འདུག་པས་དེ་རིགས་ལོན་རྒྱུ་བྱུང་ན་གལ་ཆེ་བ་ཡོད་ཚུལ་བཀས་གནང་བ་ལྟར། གཏེར་སྟོན་ཀྱང་བྱོན་ནས་ཚོགས་སྐོང་གསེར་སྐྱེམས་གསོལ་འདེབས་མཛད་ཀྱང་རིང་བསྲེལ་གཞན་མ་བྱུང་། ཟླ་གམ་དབང་ཕུག་ཏུ་ཞག་གསུམ་སྒྲུབ་པ་ཚོགས་སྐོང་གྲུབ་པའི་སྔ་དྲོ་གནས་ཀྱི་དབུ་རྩེར་ལྷ་སྲིན་དམ་བསྒྲགས་མཛད་པས། འཇའ་སྤྲིན་འཁྲིགས་པའི་ནང་དུ་པདྨ་ཤེལ་རི་ནས་བྱ་རྒོད་ཅིག་འཕུར་ཏེ་འོག་གི་བྲག་རྩེར་བབས་ནས་གཏེར་སྒྲོམ་ཞིག་བཞག་སོང་བ་སིནྡྷུ་རའི་འཇིམ་རློན་པས་བཏུམས་པ་ཞིག་ཡོད་འདུག་པ་དེ་ཀ་ལྟར་ཁུར་ནས་རྗེ་བླ་མར་ཕུལ་བས་ནང་གི་སྒྲོམ་ཞལ་ཕྱེས་པ་ལས། ཚེ་དབང་རིག་པ་འཛིན་པའི་སྐུ་ཚབ་ལི་སྨུག་ལས་གྲུབ་པ། རྩ་གསུམ་སྤྱི་འདུས་ཀྱི་ཆོས་སྐོར། གནས་ཆེན་མང་པོའི་མདོ་བྱང་གི་ཤོག་སེར་རྣམས་བཞུགས་པར་སྣང་བ་ལས་སྤྱི་འདུས་ཀྱི་ལས་བྱང་དབང་ཙམ་ཞིག་འབེབས་པར་མཛད། ཅེས་གསུངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་བཀའ་བབས་བདུན་གྱི་གསང་མཛོད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ཙམ་བཞུགས་པའི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བ་ལས། དབང་གི་སྐུ་ཚབ་པདྨ་ཤེལ་རིར་ཀུན་གྲོལ་གསང་བ་རྩལ་ལ་བཀའ་གནང་སྟེ་བཞེས་པ་སྡེ་དགེ་ལྷུན་འགྲུབ་སྟེང་གི་གསེར་གདུང་མཐའ་མའི་གཏོར་བཤིག་སྐབས་ལས་ཅན་དཔེ་ཝར་མཆོག་སྤྲུལ་ལ་དད་རྟེན་དུ་ཐོབ་པ་དང་། ཞེས་འབྱུང་ཞིང་། གསེར་གདུང་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཞེངས་པའི་ཚུལ་རྣམ་ཐར་ཆེན་མོ་ལས། ཐུགས་རྟེན་ལྷུན་གྲུབ་སྟེང་མཆོད་སྡོང་མཐོང་གྲོལ་ཆེན་པོ་ཐོག་ཚད་ཤིན་ཏུ་མཐོ་བ་གསེར་དངུལ་ཕྲ་རྒྱན་གྱི་བཀོད་པ་སོགས་སྤུས་ནོམ་ལྡན་པ་དངུལ་རྡེལ་ཚད་བརྒྱ་དང་བརྒྱད་ཙམ་གྱི་བབས་ཀྱིས་བསྐྲུན་པར་མཛད་པས་གཙོས་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་མཆོད་སྡོང་ཆེ་ཆུང་བརྒྱ་ཕྲག་ལྷག་པ་བསྒྲུབས་པ་མཛད་པ་སྟེ། ཞེས་འབྱུང་བ་ལྟར། རྗེ་ཉིད་ཞལ་བཞུགས་དུས་བཞེངས་ཤིང་། ད་དུང་དེའི་ནང་བཞུགས་རྒྱུ་གཅིག་ཆ་ཚང་མེད་གསུངས་པས་སྒོ་རྒྱག་རྒྱུ་མ་བྱུང་ནས་ལུས། དེ་ནས་རྗེ་ཉིད་ཡུན་རིང་མ་བཞུགས་པ་དགོངས་པ་རྫོགས་ཏེ་གདུང་ཚ་བཞུགས་སུ་གསོལ་བས་རྗེ་ཉིད་ཀྱི་གདུང་རྟེན་དུ་གྱུར་པ་བཤད་སྲོལ་འདུག།དོན་ལ་དེ་ལྟར་གསུང་ཡོད་མེད་མ་ངེས་ཀྱང་། རྗེ་ཉིད་ཀྱི་གདུང་རྟེན་དུ་གྱུར་པ་དགོངས་རྫོགས་སྒྲུབ་ཚུལ་སྐབས་ཀྱི་རྣམ་ཐར་ལས་འདི་ལྟར་འབྱུང་སྟེ། དེ་ནས་ཞལ་ཕྱེས་ཏེ་ཆོ་ག་བཞིན་གདུང་རུས་རྣམས་བསྡུས་ནས་འཐོར་ཟེགས་མེད་པར་སྦྱངས་བཏུལ་ཞུས་ཏེ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་ཚད་ལྡན་བཏབ་སྟེ་གདན་སའི་གདུང་རྟེན་དང་། ལྷུན་འགྲུབ་སྟེང་གི་མཆོད་སྡོང་ཆེན་མོ་བཅས་ལ་བཞུགས་སུ་གསོལ་བར་བགྱིས་སོ།།ཞེས་འབྱུང་བ་ལྟར་ལ། མཆོད་སྡོང་གི་མཚན་ཡང་། དཔེ་ཝར་སྤྲུལ་སྐུ་རིན་པོ་ཆེའི་རྟེན་འཇོག་དཀར་ཆག་ཏུ། དེའང་ཡོན་ཏན་གྱི་རྟེན་དུ། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གནོད་སྦྱིན་བང་མཛོད་ནས་བྱུང་བའི་གཎྜི་བྱིན་ལྡན་གཅིག །ཅེས་གསེར་གདུང་འཛམ་གླིང་རྒྱན་གཅིག་ཅེས་འབྱུང་ཞིང་། དེའི་ནང་དུ་གུ་རུའི་སྐུ་ཚབ་ཚེ་དབང་རིག་འཛིན་དུས་འགྱུར་སྔོན་ལ་བཞུགས་ཀྱང་དུས་འགྱུར་སྐབས་རིན་པོ་ཆེ་ལ་ཇི་ལྟར་ཐོབ་པའི་ཚུལ་ནི། དེའང་བཀའ་ལས། དུས་འགྱུར་སྐབས་སུ་དགོན་ཆེན་དགོན་པའི་འདུ་ཁང་ནང་དུ་རྟེན་གསུམ་ལ་གཏོར་བཤིག་བློ་ཡུལ་ལས་འགོངས་བ་ཐེབས་པའི་དུས་སུ། འདུ་ཁང་གི་ལྡེའུ་མིག་ལྐོག་ཏུ་གཅིག་ལོན་ཏེ། ཤོག་བུ་ཞིག་གི་ཐོག་ཏུ་དཔེ་བཅད་དེ་བྲིས།ཧོར་པོ་མགར་རྒན་དེའུ་ལེབ་བློ་གྲོས་སར་དཔེ་ཁུར་ནས་མགར་རོགས་ཞེས་རེ་བ་བྱས། ཉིན་ཤས་མཚམས་སུ་ཤོག་ཅེས་ཆ་འབྱོར་བ་བཞིན་སོང་བས་ལྡེའུ་མིག་མགར་འདུག །དཔེ་ཚད་ལྡན་ཡིན་ན་རེད་ཡོད་ངེས་ཀྱང་ཅུང་ཟད་མ་འགྲིག་པ་བྱུང་འདུག་ན་སོག་རྡར་འདིས་བརྡར་རྒྱུ་གྱིས་ཟེར་ནས་སོག་རྡར་ཆུང་ངུ་ཞིག་བསྐུར་ལ། རྫ་ཕོར་ཡག་པོ་འདུག་ན་ཁུར་ཤོག་ཟེར། ཡ་ཡ་ཞེས་ལབ།ཚོང་ཁང་ཞིག་ཏུ་སོང་གློག་མེ་ཞིག་དང་གློག་རྫས་གསུམ་དགོས་ཞེས་ལབ། ཚོང་པ་དེས་གློག་རྫས་དེ་འདྲ་མང་པོ་ཞིག་ཉོ་ཅི་བྱེད་རྒྱུ་ཡིན་ཟེར། དོགས་པ་སྐྱེས་ཏེ་གློག་མེ་དང་གློག་རྫས་ཆ་གཅིག་ལས་ཉོ་མ་ནུས། དེ་ནས་ནུབ་གཅིག་ཆུ་ཚོད་བཅུ་གཉིས་ཙམ་དུ་ཚོད་ལྟ་བྱེད་སར་སོང་ནས་ཨེ་ཕྱེད་བལྟས་པ་ན། ཁྲབ་ཁོབ་ཅེས་ཕྱེད་སོང་། ནང་དུ་སོང་བར་བྱ་བསད་རྗེས་འདྲ་བར་བྱས་ཏེ་རྟེན་གསུམ་རྣམས་གཏོར་བཤིག་བཏང་ནས་གཟུངས་གཞུག་དག་འབོག་འདུག་རྒྱུ་རེད་འདུག །རྡོ་རྗེ་ཤུགས་ཀྱི་སྙིང་པོའི་སྔགས། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་འདོན་བཞིན་རྟེན་རྣམས་ནམ་མཁར་ཡར་བསྟིམས་པའི་དམིགས་པ་འདྲ་བྱས་ཏེ་བལྟས་པ་ན། དེ་དག་གི་གསེབ་ན་ཟངས་ཀྱི་གའུ་ཁ་ལེབ་མེད་པ་ཞིག་གི་ནང་དུ་སྐུ་འདིར་བཞུགས་ཤིང་། ཁ་ལེབ་བཙལ་བ་ན་མཐར་རྙེད་དེ་ངོས་སུ་ཚག་བརྒྱབས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་ལྷུང་ནས་གཏེར་ནས་བླངས་པའི་གུ་རུའི་སྐུ་ཚབ་བཞུགས་ཞེས་པའི་ཁ་བྱང་ཅན་ཞིག་རྙེད་གསུང་སྣང་འདུག །ཁོང་ནི་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་ནས་གསུང་སྐད་ཆུང་ཆུང་བྱས་ཏེ་བྲོ་ཞིག་བརྡུང་བ་ཡིན་ཞེས་གསུངས། ཕྱིས་སུ་རྟེན་གསུམ་ཉར་ཚགས་བྱུང་བ་དག་དགོན་ཆེན་དགོན་དུ་ཡར་ཕུལ་རྗེས་བླ་མ་སྒ་བླ་ལ་འདིའི་ཕུག་མཁྱེན་བརྩེ་ཚང་གི་རེད་འདུག་པས་ཡར་ཕུལ་བ་མིན་ཞུས་པ་ཡིན་ཞེས་གསུངས། མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་ལ་ཡར་བཞེས་རོགས་ཞུས་ནས་ཕུལ་ཡང་ཁྱེད་ཀྱིས་ཐོགས་ནས་བསྲུང་བ་མཛོད་ཅེས་གསུངས་ནས་བཞེས་མ་སོང་གསུངས། དེས་ན་རིན་པོ་ཆེ་བསྟན་འགྲོའི་དོན་དུ་བྱོན་ཚེ་མགུལ་དུ་བཞེས་ཤིང་། བཀའ་ཆོས་གསུངས་ནས་ཁྲི་ཐོག་བཞུགས་ཚེ་འབྲུ་སྤར་སྟེང་དུ་བཞུགས་སུ་གསོལ། གཟིམ་ཁྲི་སྟེང་དུ་གཟིམ་དུས་དབུ་སྔས་ཀླད་ཀྱི་ཅོག་སྟེང་དུ་འཇོག་གནང་ནས་ཆེས་བྱིན་ཆེན་དང་རྩ་ཆེན་བརྩི། ང་དང་ང་ལྟ་བུའི་མི་ཕལ་པས་ཐུག་རེག་གཏན་ནས་མི་ཆོག །ཡིན་ཡང་ལོས་ཡིན་མགོ་ཁྲིད་ཅིག་གི་བུ་མོ་སྨྱོ་ནས་མགོ་ཐོག་འཇོག་ཙམ་གྱིས་སྨྱོ་ལས་དྲག་ཅིང་། མོས་དེའི་ནང་འགུལ་འདུག་མཁན་ཞིག་འདུག །དེ་སུ་ཅི་ཞིག་རེད་ཅེས་ཟེར་བ་ཐོས། དེ་ལྟ་བུའི་བྱིན་རླབས་དང་ནུས་མཐུ་ཅན་གྱི་སྐུ་རྩ་ཆེན་ཞིག་ཡོད་པས་རིན་པོ་ཆེས་ཀྱང་རྩ་ཆེན་དུ་བརྩི་བ་ཡིན་འདུག་ལ། མཐར་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཏད་ནས་ཞིང་ཁམས་བྱོན་ལ་ཉེ་བའི་སྐབས་སུ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ་ལ་ཕ་ནོར་བུ་ལ་སྟེར་བ་བཞིན་ཕྱག་ཏུ་ཡར་ཕུལ་བ་མཛད་པ་ཡིན་ནོ།། ཞེས་དབང་གི་སྐུ་ཚབ་གུ་རུ་ཚེ་དབང་རིག་འཛིན་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་པ་ཙམ་འདིའང་ཤེས་འདོད་དོན་གཉེར་ཆེན་པོ་བྱས་ཏེ་ཡར་མར་སྐད་ཆ་འདྲི་བ་དང་། དཔེ་ཀློག་བྱས་པ། སྔར་རིན་པོ་ཆེའི་སྐུ་མདུན་དུ་ཐོས་པ་དག་ཕྱོགས་གཅིག་ཏུ་དྲིལ་ནས་དཔལ་རབ་བརྟན་དགོན་དུ་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་བསོད་ནམས་དོན་འགྲུབ་ཀྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་ལོའི་ཧོར་ཟླ་དྲུག་པའི་ཡར་ཚེས་བཅུ་གུ་རུ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་ཉིན་ཏེ། དེའང་རིག་འཛིན་འཇིགས་མེད་གླིང་པས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན།། ཞེས་གསུངས་པའི་ཉིན་ལ་མཇུག་རྫོགས་པ་བྲིས་པར་སྐུ་ཡི་བྱིན་རླབས་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག །

ཁམས་པའི་སྨྱུག་ཚོགས་ཀྱི་སྐབས ༡༦ པའི་རྒྱུན་ལས།

ཁམས་པའི་སྨྱུག་ཚོགས་ཀྱི་སྐབས ༡༦ པའི་རྒྱུན་ལས།

༄༅།།ཁམས་པའི་སྨྱུག་ཚོགས་ཀྱི་རྒྱུན་ལས་སྐབས་ ༡༦ མཚན་གཞུང་།གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པ་ཚོ་ལ་སྙིང་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། འབྱུང་འགྱུར་ཁམས་པའི་སྨྱུག་ཚོགས་ཀྱི་ལས་དོན་ཡོངས་ལམ་ལྷོངས་ལེགས་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་བཞིན་ཡོད། དེ་བཞིན་ཐེངས་འདིའི་ཁམས་པའི་སྨྱུག་ཚོགས་སྐབས་༡༦ པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ལམ་ལྷོང་ལེགས་འགྲུབ་བྱུང་བར་སོང་འོས་བསྡུའི་ཆ་ཤས་ལེན་མཁན་ཚོགས་མི་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། བོད་རྒྱལ་ལོ།ཁམས་པའི་སྨྱུག་ཚོགས་སྐབས་༡༥ པའི་རྒྱུན་ལས་ཀྱིས་ཕྱི་ལོ་༢༠༢༣ ཟླ་༨ ཚེས་༢༩ ཉིན་ཕུལ།

སྨྱུག་ཚོགས་སུ་ཚོགས་མི་གསར་ཞུགས་ཁག

སྨྱུག་ཚོགས་སུ་ཚོགས་མི་གསར་ཞུགས་ཁག

རྩོམ་པ་པོ་དབང་ཕྱུག་རྒྱལ་མཚན། རྩོམ་པ་པོ་ལེའུ་ལྷ་མོ། རྩོམ་པ་པོ་ཟླ་བ་ལྷ་མོ། རྩོམ་པ་པོ་དབྲ་རུ་བཀྲ་ཤིས་དབང་འདུས། རྩོམ་པ་པོ་ཨ་འབྲུག་ཕུན་ཚོགས།

ལོ་ཐོ།

July 2024
M T W T F S S
1234567
891011121314
15161718192021
22232425262728
293031