རྩོམ་པ་པོ། གསེར་རྟ་བསོད་ཕུན། མི་རྐྱང་རི་ལ་ཡན་ཤོར། །ལུས་སེམས་དེ་རུ་བདེ་བྱུང་།། ཉི་འོད་མཚོ་ལ་ཕོག་བྱུང་། །ཟླ་འོད་སེམས་ལ་ཞིམ་པ།། སིལ་ཏོག་རི་ལ་འཁྲུངས་བཞག བྲོ་བ་ལྕེ་ལ་མྱང་པ།། ཉི་འོད་ལུང་པ་མཛེས་བྱུང་།། འབྲོག་པའི་གླུ་ཆུང་ལེན་སྙིང་། ། སྨག་རུམ་འདི་ན་མི་གདའ།། སེམས་པ་གཏིང་ནས་སྐྱིད་པ།། འདམ་རྫབ་འདི་ན་མི་འདུག ནགས་ཚལ་མཚམས་སྤྲིན་བསྡེབས་པ།། གནམ་མཐའི་སྤྲིན་དཀར་མཛེས་པ།། དགུང་སྔོན་གཡུ་ཡི་བརྒྱན་བྱུང་།། མེ་ཏོག་འཁྲི་ཤིང་བརྩེགས་པ།། སྲིབ་རིའི་ལྕང་ལོ་ཡག་བྱུང་།། ཀུན་རྟོག་རླུང་གི་ཁམས་ན།། ཕྱི་སྣོད་ལྷིང་འཇགས་ལྡན་པ།། དངོས་གྲུབ་བགོ་སྐལ་དབེན་ཀྱང་།། སྣང་སྲིད་ཟློས་གར་འཛོམས་བཞག གྲང་རེག་མེད་པའི་ཡུལ་འདི།། བོད་ཡུལ་ལས་ཀྱང་སྐྱིད་པ།། མོན་ཡུལ་ཁུ་བྱུག་ལས་ཀྱང་།། ལྕང་ལོའི་བྱ་སྐད་སྙན་བྱུང་།། རི་འདི་གཡུ་ལུང་སྔོན་མོ། །རླུང་འདི་བསིལ་བ་བདེ་བ།། ཆུ་འདི་རྟ་མཆོག་ཁ་འབབ།། སེམས་འདི་ལྷོ་སྤྲིན་ཕྱུག་མོ།། ང་ནི་མི་ཡུལ་འདི་ན།། སེམས་པ་རི་ཆུ་དུང་བ།། རི་གཟར་བྲག་ཅ་བརྒྱུད་ནས།། གླུ་འདི་བོད་ལ་བསྐུར་ཡོད།། འཆལ་པོ་གསེར་སྨྱོན་མིང་གིས་ཁ་ཐུག་ཏུ་ནགས་ཚལ་སྟུག་པོ་ཞིག་གི་འོག་ནས་བགྱིས་པའོ།།
རྩོམ་པ་པོ། ལྡོང་བཙན་རླུང་། དཔེ་ཁུག་རྒྱབ་ཏུ་ཁུར་ནས་བག་ལེ་རིམ་དུ་བཅུག་པའི་ལོ་ཆུང་གི་བྱིས་པ་ཚོས་ནི། གཞི་ནས་མི་ཚེའི་ཕྱེད་ཀ་ཡི་དུས་ཚོད་བེད་སྤྱད་དེ་སོ་སོའི་མདུན་གྱི་ལམ་བུ་ལ་འོད་ཟེར་སྤྲོ་དགོས་པས། ད་ནས་བཟུང་སློབ་གླིང་གི་ར་བ་རེ་ནས་ཤེས་རིག་གི་མེ་ཏོག་རྒུམ་བཞིན་ཡོད། སྤྱིར་བཏང་སློབ་གྲྭར་འགྲིམ་པ་དེ་ནི། མིའི་ལུས་ངག་ཡིད་གསུམ་གྱི་དཔལ་ཡོན་གོང་འཕེལ་གཏོང་བའི་འགྲོ་ཕྱོགས་དམིགས་གསལ་ཞིག་ཡིན་ནའང་། ཡང་དཔེ་དེབ་ཁྲོད་ཀྱི་ཤེས་བྱ་འབྲི་ཀློག་བྱས་ཙམ་རྐྱང་པ་ཞིག་གིས་ཁྱོད་ཀྱི་བློ་མིག་གི་སྒོ་མོ་ཡོངས་རྫོགས་འབྱེད་མི་ནུས་པས། རྒྱུན་པར་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་ལེགས་ཉེས་ཀྱི་སྤང་བླང་ཀུན་ལ་དབྱེ་ཞིབ་གནང་སྟེ་བླང་དོར་འཇུག་ལྡོག་གི་ཐབས་ལ་བསླབ་པ་ནི་ཆེས་གལ་གནད་ཆེ་བ་ཞིག་ཡིན། དེས་ན་ནམ་རྒྱུན་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཚུན་ཆད་བཟང་ངན་བརྟགས་ནས་འཇུག་ལྡོག་ལ་མཁས་པ་ཞིག་ཡིན་དགོས་ཏེ། ཕུལ་བྱུང་གི་གྲོགས་པོ་ཞིག་དང་རྒྱུན་དུ་འགྲོགས་པ་ནི་དགེ་རྒན་བཟང་པོ་ཞིག་བསྟེན་པ་དང་ཀུན་ནས་མཚུངས་ལ།དེ་བཞིན་གྲོགས་ངན་ཞིག་དང་འཕྲད་པ་ནི་སྲོག་གཅོད་ཀྱི་གཤེད་མ་ཞིག་ཐུག་པ་དང་གཉིས་སུ་མེད། སློབ་གཉེར་པ་སུ་ཞིག་ཡིན་ཡང་། རང་ཉིད་ཀྱིས་མཁས་པའི་གོ་འཕང་ཐོབ་རྗེས་ཅིས་ཀྱང་ཚེ་རིང་ནད་མེད་ཅིག་ཡིན་དགོས་པའི་འདུན་པ་ད་ནས་རྒྱུན་འཁྱོང་གནང་དགོས་ཏེ། ཁྱོད་ཀྱི་ལས་སྐལ་དུ་བབས་པའི་དོན་བྱ་གང་མང་ཞིག་བདག་མེད་དུ་ལུས་ནས་ཡོད་པས་ཡུན་ཐུང་གི་དུས་ཚོད་ཅིག་ལ་གཏན་ནས་རྫོགས་མཐའ་མེད། དེས་ན་སློབ་སྦྱོང་གི་འཚོ་བའི་བར་གསེང་དག་ལ་སྤྲོ་སྣང་དང་སེམས་གསོ་ཡི་དྲོད་ཁོལ་འཛོམས་དགོས་ལ་ལེ་ལོ་མ་ཡིན་པའི་ངལ་གསོས་འདང་བ་ཞིག་ཀྱང་ཡིན་དགོས། སློབ་སྦྱོང་གི་ཁྲོད་ནས་རྙེད་པའི་ཤེས་རབ་ཡོད་ཚད་རེ་རེ་བཞིན་མིའི་འཇིག་རྟེན་གྱི་ཕན་བདེའི་ས་བོན་ཞིག་ཏུ་བསྒོམས་ནས་ནམ་ཡང་ཉམས་མེད་དུ་གནས་པ་ཞིག་ཡོང་ཆེད་དེ་ཉིད་ཉར་ཚགས་ཀྱིས་འདང་བ་ཡིན་དགོས་ཀྱི། ཆུ་ལ་རི་མོ་བཞིན་དུ་ཡིད་ཙམ་ཞིག་གིས་ཐམས་ཅད་བརྗེད་པར་བྱ་མི་རུང་། ཁྱོད་ཀྱིས་སྦྱོང་བརྩོན་ལ་ལྷོད་གཡེང་ཐེངས་གཅིག་ཤོར་ན། གཞན་པ་ནི་སྐབས་དེ་དུས་ཀྱང་མདུན་དུ་མཆོང་སྐྱོད་བྱེད་ཀྱིན་ཡོད་པས་ཁྱོད་རང་གི་སྔོན་དུ་གཤེགས་པའི་མི་གྲངས་སྔར་བས་ཇེ་མང་འགྲོ་ངེས་ཏེ། དཔེར་ན་ལུས་རྩལ་འགྲན་ཚོགས་ཀྱི་རྒྱུག་གཤིབ་སྐབས་སུ་ཡིད་ཙམ་འཐེན་ལྷོད་བྱས་པ་ཞིག་དང་ཁྱད་པར་གང་ཡང་མེད། ཁྱོད་ཀྱི་མི་ཚེའི་ནང་གི་སློབ་སྦྱོང་དེ་ཉིད། གལ་སྲིད་རྒྱུགས་དམིགས་སློབ་སྦྱོང་ཞིག་གི་གྲས་སུ་ལྷུང་ཤོར་རུང་དེས་ཀྱང་ཁྱོད་ལ་རྒྱལ་ཁ་ཞིག་སྟེར་བར་ངེས་ཏེ། དཔེར་ན་ནོར་བུའི་འོད་ཟེར་ལ་ནོར་བུ་རུ་འཁྲུལ་ནས་སོང་ན་ནོར་བུ་དངོས་དང་འཕྲད་དུ་ཡོད་པ་བཞིན་རེད། ད་ལོ་སློབ་སྦྱོང་གི་ཆེད་དུ་བསགས་པའི་ངལ་བ་ཡོད་ཚད་སང་ལོ་ཤེས་རིག་དང་རྣམ་དཔྱོད་ཀྱི་ངོ་བོར་གྱུར་ནས་ཡོད་པས།འབྲས་བུའི་དགེ་མཚན་ལ་དམིགས་ནས་སློབ་སྦྱོང་གནང་ན་ལུས་སེམས་ཀྱི་སྐྱོ་དུབ་ཡོད་ཚད་ངང་གིས་སངས་ཐུབ་པ་ཆོས་ཉིད་ཅིག་རེད། རྒྱུགས་སྤྲོད་ཀྱི་བྱེད་སྒོའི་ཉིན་མོར་ལྷ་ལ་སྐྱབས་འཇུག་དང་གསོལ་འདེབས་བྱས་རྗེས་རྒྱུགས་ཞུགས་ཀྱི་སློབ་མ་ཡོངས་ལ་བསྔོ་བར་བྱས་ཏེ་ཡོད་ཚད་རླུང་རྟ་རྒྱས་པའི་སྨོན་ལམ་ཞུ་དགོས་ཀྱི། རང་ཉིད་གཅིག་པུ་ལས་གཞན་ལ་ལམ་འགྲོ་མེད་པའི་སེམས་ངན་གྱི་རེ་བ་གཏན་ནས་འཆང་མི་རུང་། ན་ནིང་འབད་པས་མ་འདང་བའི་རྐྱེན་གྱིས་ད་ལོ་རྒྱུགས་འབྲས་ཀྱི་ཐོབ་སྐར་ཇི་ཙམ་ཉུང་རུང་། དྲང་བདེན་གྱི་ལམ་ནས་ད་ལོའི་ཕམ་ཁ་དང་ལེན་བྱས་ཤིང་སང་ལོ་མདུད་སྐྱོད་ཀྱི་གོམ་པ་སྔོན་དུ་སྤོ་བའི་དམ་བཅའ་བསྐྱེད་པ་ལས། གཡོ་སྒྱུའི་ལམ་ནས་སྐར་མ་མཐོ་ཐབས་སོགས་མ་རབ་ཀྱི་སྤྱོད་པ་དག་ནི་གཞི་ནས་སྤོང་བར་བྱེད་དགོས། ད་སྔོན་རྒྱུགས་འབྲས་ཀྱི་ཡིག་ཚད་བཏང་སྐབས་སྐར་གྲངས་ཇི་ཙམ་མཐོ་ཡང་། དེ་ནི་ལོ་སྔོན་མའི་འབད་འབུང་མཚོན་པའི་འབྲས་རྟགས་ཙམ་ལས་དེས་ནི་ཡོད་ཚད་ཀྱི་ཚབ་མཚོན་མི་ཡོང་བས་ད་དུང་ཧུར་བརྩོན་གྱིས་རྒྱུན་སྐྱོང་གནང་བ་ཤིན་ཏུ་གལ། མཐོ་འབྲིང་ནས་སློབ་ཆེན་དུ་འཕར་རྗེས་རང་དབང་ཆེ་བའི་ར་བ་ཞིག་ལ་སོན་པ་ཡིན་ཡང་། ནམ་རྒྱུན་བག་མེད་ཀྱི་ངང་ནས་དགའ་རོགས་དང་དུད་ཆང་གི་ཕྱོགས་སུ་དུས་ཚོད་མི་བརླག་པར་སློབ་སྦྱོང་གི་འགན་འཁྲི་ཇེ་ལྕིར་སོང་ཡོད་པའི་གོ་རྟོགས་སད་དགོས་ལ། དཔལ་འབྱོར་གྱི་འདུ་ཤེས་དང་། མི་ཚེའི་འདུ་ཤེས། ཚེ་སྲོག་གི་འདུ་ཤེས་སོགས་ཀྱང་སྔར་བས་ལྷག་པ་ཞིག་ཡོད་དགོས། ཕ་མས་ནི་མཚམས་འཇོག་མེད་པར་དཀའ་སྡུག་གི་ཁྲག་དང་དངུལ་ཆུའི་ཐིག་པ་རྣམས་རེ་རེ་བཞིན་ཤོག་སྒོར་དང་བརྗེས་ནས་ཡོད་ཚད་གསོག་ཉར་བྱས་ཏེ་ཁྱེད་ཕྱོགས་སུ་གཏོང་བཞིན་ཡོད་ན། དེ་ཉིད་ཤེས་ཡོན་གྱི་རྐང་རྩར་སྨིན་པར་ཞིག་ཡོང་མིན་ཁྱོད་ཁོ་ན་ལ་རག་ལས་ཡོད་པས། ནམ་རྒྱུན་ཕངས་མེད་དུ་རླག་པ་ནི་ཆེས་མི་འོས་པ་དང་མི་འཚམ་པ་ཞིག་ཡིན། འོན་ཀྱང་རང་རྒྱུ་ལ་ཞིབ་ཚགས་ཕྲ་ཞིང་གཞན་རྒྱུ་ལ་གཏོང་ཕོད་ཆེ་བ་ཞིག་ཀྱང་ཡིན་མི་རིགས་ཏེ། དེ་ནི་མིའི་ཡི་གར་མི་འོང་བའི་མ་རབ་ཁྲེལ་མེད་ཀྱི་གཤིས་སྤྱོད་ངན་པ་ཞིག་ཡིན། དེས་ན་རང་འདོད་ཚ་བོ་དེ་རང་ཉིད་རླག་སྤྱད་ཅིག་དང་གཞན་ཕན་སེམས་བཟང་དེ་དོན་གཉིས་འགྲུབ་བྱེད་ཡིན་པའི་གནས་ལུགས་ལ་ངེས་ཤེས་ཐོབ་དགོས།...
རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག། ...