དུས་རབས་ཉེར་གཅིག་པའི་ཆོས་པ་སུ་ཡིན་ནམ།
ངས་རྟག་ཏུ་༸གོང་ས་མཆོག་གིས་ང་ཚོར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་པའི་བཀའ་མོལ་དེ་དྲན་གྱི་ཡོད། དེ་དང་ཆབས་ཅིག ཅི་ཞིག་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་བརྗོད་ཀྱི་ཡོད་པའི་སྐོར་ལ་ཡང་བསམ་བློ་རང་བཞིན་གྱིས་འཁོར་ཡོང་། སྐབས་འདིར་ངས་ལྷོ་བརྒྱུད་ནང་བསྟན་གྱི་མཁས་པ་ཞིག་གིས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ། ཆོས་བརྒྱུད་དང་ཆོས་བརྒྱུད་དག་གི་བར་ལ་གུ་ཡངས་ཀྱི་ཤོང་རྒྱ་ཡོད་པའི་ནང་པ་ཞིག་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཟེར་ཞེས་བརྗོད་པ་དྲན། ཁོང་གི་བསམ་ཚུལ་ནི། ཆོས་བརྒྱུད་ཕན་ཚུན་བར་རིག་གནས་དང་ལོ་རྒྱུས་ཀྱི་ཁྱབ་ཁོངས་མི་འདྲ་བའི་འཕེལ་རིམ་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་འོག་ནས་མི་འདྲ་ས་ངེས་ཅན་ཡོད་པ་དག་ལ་འགལ་སྤོང་མཐུན་བསྒྲུབས་ཀྱིས་འོས་ཤིང་འཚམས་པའི་ལྟ་ཚུལ་འཛིན་ཐུབ་པ་ཞིག་ལ་ཟེར་གྱི་ཡོད་པ་འདྲ། ལྟོས་བཅས་ཀྱི་ཆ་ནས་ད་ལྟའི་ཆོས་པ་དག་གི་དཀྱེལ་ཡངས་དང་བསམ་ཤེས་ཀྱི་བསམ་བློ་དེ་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པ་ནི་སྲིད་པ་ཞིག་རེད། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། མིའི་བསམ་བློ་དེ་ཕྱིའི་ཁོར་ཡུག་སོགས་ཀྱི་ངེས་ཅན་བཀག་རྒྱ་ལས་གྲོལ་བ་དང་ཆབས་ཅིག་ནང་གི་བསམ་བློའི་འདུ་ཤེས་ལ་རང་བཞིན་གྱིས་འགྱུར་བ་ཡོང་ངེས་ཡིན། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱེད་པར། ལྟ་སྤྱོད། གྲུབ་མཐའ། ཕོ་མོ། ཐོས་བསམ་ཉམས་ལེན། ཚེ་སྲོག རིག་གནས་སློབ་སྦྱོང་། སློབ་གསོ་བཅས་ཀྱི་ཐད་འདྲ་མཉམ་ཆེན་པོ་བདུན་གྱི་ལྟ་གྲུབ་དང་ལག་ལེན་གྱི་ཆ་རྐྱེན་ཡོད་དགོས་པའི་བཀའ་སློབ་ཞིབ་ཆ་ཞིག་ལོ་སྔ་མར་རྟའུ་ཉི་མཚོ་དགོན་པའི་འཇང་དགུན་ཆོས་ཆེན་མོའི་སྐབས་སུ་གནང་འདུག ཡང་། ངས་མཚན་གཞིའི་ཐོག་ནས་དེང་སང་གི་ནང་བསྟན་གྱི་དཀྱིལ་འཁོར་དུ་ཕར་ལྟ་སྐབས།...





