བཙན་པོ་རིམ་བྱུང་སྟོབས་འབྱོར་ཕྱོགས་ཀུན་དར་ནས།།
སུམ་གཉིས་ས་ཡི་གོ་ལར་དབང་གིས་བསྒྱུར་ཅིང་།།
ལུགས་གཉིས་གསེར་གྱི་ཁྲི་འཕང་བླ་ན་མཐོ་བའི།།
ཆོས་ལྡན་བོད་ཅེས་སྙན་གྲགས་གླིང་བཞིར་གྲགས་མྱོང་།།
རྒྱལ་ཁབ་སིལ་བུ་འཐོར་བའི་དུས་ཚིགས་དེ་ནས།།
ཆོས་སྲིད་ཉམས་རྒུད་སོང་བ་ཐེངས་གཅིག་མིན་ཀྱང་།།
རྒྱལ་དབང་སྐུ་ཕྲེང་རིམ་བཞིན་བོད་ལ་ཕེབས་ནས།།
བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་རིམ་གྱིས་བྱུང་ཡོད།།
ལྷག་པར་སྐུ་ཡི་ཕྲེང་བ་བཅུ་བཞི་ཆེན་པོ།།
དགུང་ལོ་བཅུ་དྲུག་ཐོག་ནས་སྲིད་ཁྲིར་འཁོད་ནས།།
ཛ་དྲག་གནས་བབ་ཅིག་གིས་དཀྱོག་མཚམས་དེ་ནས།།
ལུགས་གཉིས་ཐུགས་འགན་མི་བཞེས་ཀ་མེད་བྱུང་ཡོད།།
དམར་དམག་དྲག་པོའི་དཔུང་གིས་རྒོལ་རྡུང་བྱས་ནས།།
གནམ་ས་མགོ་རྟིང་སློག་པའི་དུས་སྐབས་དེ་ན།།
གངས་ལྗོངས་རྒྱལ་བསྟན་ཆག་འཇིག་བྱུང་བའི་ཉིན་དེར།།
སྒང་དྲུག་དཔའ་བོས་བསྟན་སྲུང་དང་བླངས་བྱས་ཡོད།།
ཁམས་གསུམ་ཟིལ་གནོན་གསེར་ཁྲི་དང་བས་རྡུང་ཞིང་།།
མཛད་པའི་སྒོ་མོ་ནོར་བུ་གླིང་ཁར་བསུས་ཏེ།།
དད་གདུང་འགྱུར་མེད་བརྟན་བཞུགས་ཐོག་མ་ཕུལ་ནས།།
ལུས་སྲོག་མཎྜལ་སེམས་ཀྱི་གཏིང་ནས་ཕུལ་ཡོད།།
ལྕགས་ཚ་གྲི་གུག་ཐང་གི་བྲང་གཞུང་ཡངས་པོར།།
བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས།།
ཛ་སག་དཔའ་བོས་དམག་གི་རུ་སྣེ་དྲངས་ཏེ།།
གཅེས་སྲོག་འབེན་དུ་བཙུགས་པའི་ལོ་རྒྱུས་མང་ངོ་།།
སྒང་སྒང་རོ་ཡིས་ཁེངས་བའི་ལོ་ཟླ་ནག་པོ།།
གཤོང་གཤོང་ཁྲག་མཚོ་འཁྱིལ་བའི་ང་བརྒྱད་ལོ་དེར།།
སྒང་དྲུག་དཔའ་བོའི་གཅེས་སྲོག་འབེན་དུ་བཙུགས་ནས།།
ལྷོ་ལམ་གཙང་སེལ་བཟོས་པའི་ལོ་རྒྱུས་ཡོད་སྐད།།
དཔའ་བོའི་ཀི་སྒྲས་འབྲུག་སྟོང་ལྷན་གཅིག་ལྡིར་ཞིང་།།
རྟ་ཕོའི་རྨིག་སྒྲས་ས་གཞི་ཡོམ་ཡོམ་འགུལ་སྐབས།།
ཤ་དང་རུས་པའི་གཡུལ་སའི་བཙན་རྫོང་བཟུང་ནས།།
ཁྲག་དང་མིག་ཆུའི་ཆུ་བཞི་སྒང་དྲུག་བྲིས་ཡོད།།
མེ་སྒྱོགས་དྲག་མཚོན་སྟོང་གིས་སོ་ཁ་འགྲིམས་ནས།།
ཕངས་མེད་གཅེས་སྲོག་དམར་པོ་འབེན་ལ་བཞག་ཏེ།།
རི་ཆུ་སྟོང་གི་འགག་སྒོ་དཔུང་གིས་གཏོར་ནས།།
གདན་འདྲེན་ཞུས་པ་འདི་ཡང་དོན་དངོས་ཡིན་ནོ།།
གཡོ་སྒྱུ་ཁུག་པ་དགུ་ཡི་འདུས་མདོ་དེ་ནས།།
དཀར་པོའི་མི་ལ་ནག་པོའི་ཞྭ་མོ་གཡོགས་ཏེ།།
ས་མཐའ་གང་སར་ཕུད་པའི་སྟ་གོན་བྱས་ཀྱང་།།
རྒྱུ་འབྲས་བསླུ་བ་མེད་པས་མགོན་སྐྱབས་གནང་ཡོད།།
གཅེས་པའི་ཚེ་སྲོག་དེ་ཚོར་ཕངས་སེམས་མེད་ལ།།
དྲིན་བྱས་དྲིན་དུ་གཟོ་བའི་སེམས་འགྱོད་མེད་ཅིང་།།
བཟང་ལན་ངན་གྱིས་འཇལ་བའི་དུས་སྐབས་དག་ཏུ།།
རྒྱུ་འབྲས་ཁྱད་གསོད་བྱས་པ་ཉུང་ཉུང་མིན་ནོ།།
རྐྱེན་ངན་གྲོགས་སུ་ཤར་བའི་སྣང་ཚུལ་འདིའི་ནང་།།
དང་བླངས་དཔའ་བོའི་ཚེ་སྲོག་ཁྲི་འབུམ་ཤོར་ཡོད།།
ཡུག་ས་མ་བུའི་ངུ་སྐད་ད་དུང་འཇགས་མེད།།
རྒྱུ་འབྲས་གོ་ལྡོག་མིན་ན་འདི་དག་མ་བརྗེད།།
འདི་ན་ད་དུང་གཞུང་དང་དབུ་ཁྲིད་བཞུགས་ཤིང་།།
ཆོས་སྲིད་ལུགས་ཟུང་ལེགས་ཚོགས་མི་ཉམས་གནས་པ།།
སྟབས་དང་སྟེས་དབང་ཞིག་གིས་གྲུབ་པ་མིན་པར།།
ཁྲི་འབུམ་སྲོག་གིས་བསླུས་པ་འདི་ཡང་ཤེས་དགོས།།
ཆིབས་ཀྱི་ཁ་ལོ་གོ་ལ་ཧྲིལ་པོར་བསྒྱུར་ཞིང་།།
བརྒྱ་ཕྲག་བརྒལ་བའི་གཟེངས་རྟགས་རིམ་གྱིས་ཐོབ་ནས།།
མཚན་སྙན་ཡ་གླིང་བརྒལ་ནས་གྲགས་པ་འདི་ཡང་།།
སྒང་དྲུག་དཔའ་བོའི་བྱས་རྗེས་བགྲང་ན་ལོས་ཆོག།།
ཡོད་ཚད་བསྡོམས་ཤིག་བརྒྱབ་ན་འདི་འདྲ་འདྲ་ཞིག།
དངོས་བྱུང་ལོ་རྒྱུས་ཁྲོད་ནས་འདི་ལྟར་རྙེད་སོང་།།
འདས་སོང་ལོ་རྒྱུས་རེད་ཅེས་བགྲང་ན་འཐུས་ཀྱང་།།
ཕྱིར་དྲན་ཐེངས་ཤིག་བྱས་ན་ཅིའི་ཕྱིར་མི་ཆོག།
ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༥ རེས་གཟའ་ཉི་མའི་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་བོད་ཀྱི་རྩོམ་པ་པོའི་གྲལ་མཐར་སྐྱེས་པ་ཐུབ་བསྟན་བཀྲ་ཤིས་སམ་སྨྱུག་མིང་བོད་དུང་བས་བྲིས།