སྤྱིར་མི་ཚེ་ཞིག་གི་འགོ་མཇུག་ཡོད་ཚད་ཡིག་འབྲུ་རྡོག་མ་རེ་འགས་བཏུས་ཐུབ་པ་ཞིག་མིན་ན་ཡང་། བྱས་རྗེས་ཆེ་བ་དང་། ལོ་རྒྱུས་ཀྱི་དཔང་པོར་གྱུར་པའི་མི་སྣ་རེ་ཟུང་གི་མི་ཚེར་དཔྱད་པའི་ཚིག་འབྲུ་རེ་རེ་ཡང་རྗེས་རབས་པ་ཚོས་ཧུབ་ཀྱིས་འཐུང་ཆོག་པའི་བཏུང་བྱ་ཞིམ་པའི་རིགས་ཤིག་ཡིན།
དང་པོ། འཁྲུངས་ཡུལ་གྱི་སྐོར།
ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ་ནི་ཕྱི་ལོ་ ༡༤༢༩ ལོར་མདོ་ཁམས་ཟལ་མོ་སྒང་གི་སྨར་ཁམས་ཀྱི་སའི་ཆར་དེང་གི་སྨར་ཁམས་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༩༠ ཙམ་གྱི་མཚམས་འབོམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས། འབོམ་ཟེར་བའི་ཡུལ་མིང་དེ་ལ་དེང་སང་གི་གཡམ་རྒྱུག་པ་ཁག་ཅིག་གིས་ཡར་འཐེན་མར་འཐེན་འདྲ་བྱེད་ཀྱིན་པར་སྣང་ཡང་། ཀུན་མཁྱེན་རང་ཉིད་ཀྱི་དངོས་སློབ་དང་། ཀུན་མཁྱེན་རང་ཉིད་ཀྱི་རྒྱལ་ཚབ། ཀུན་མཁྱེན་རང་ཉིད་ཀྱི་ཡིག་མཁན་སོགས་ཀྱིས་མཛད་པའི་རྣམ་ཐར་ཁག་ལ་གཟིགས་ན་སྨར་ཁམས་རང་ལ་ངོས་བཟུང་ཡོད། དེ་བས་ན་ཀུན་མཁྱེན་གོ་རམས་པ་ནི་སྨར་ཁམས་པ་འཁྲུལ་མེད་ཅིག་ཡིན་པ་ལས་ཅ་ལག་རྫུན་མ་བཞིན་ཡོང་ས་ཡོང་ཁུངས་བརྟན་པོ་མེད་མཁན་ཞིག་རྩ་ནས་མ་རེད།
འབོམ་ཟེར་བའི་ཡུལ་གྱི་ངོས་འཛིན་ཐད་སྔོན་མའི་ལོ་རྒྱུས་དག་ལས་རྒྱ་ཆེ་ཆུང་གི་ཁྱད་པར་ཅུང་ཡོད་ངེས་སུ་མཐོང་། དཔེར་ན་བོད་ཀྱི་ལོ་རྒྱུས་རྙིང་གྲས་སུ་རྒྱ་བཟའ་ཀོང་ཇོས་བཞེངས་པར་གྲགས་པའི་འབོའང་འབོམ་རྣམ་སྣང་གི་གཙུག་ལག་ཁང་ཡོད་ས་དེར་དེང་སང་གི་བཤད་ཚོད་ལྟར་བྱེད་ན་འབོམ་པ་རྩ་ནས་མ་རེད། གྲོང་པ་དེའི་མིང་ལ་ལྷ་མདུན་ནམ་ལྷ་འདུས་བ་ཞེས་འབོད་ཀྱི་རེད། ཡང་གྲོང་པ་དེ་ནས་མར་བྱིས་གྲོང་གི་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་ཞིག་སོང་བ་ན་འབོམ་ལུང་མདའ་ཞེས་པའི་གྲོང་པ་ཞིག་ཡོད། དེ་ལྟར་ན་འབོམ་ཟེར་བའི་ཡུལ་དེ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་ཡིན་དགོས་པར་སྣང་།
དེང་སྐབས་འབོམ་པ་ཞེས་འདོགས་ས་ནི་སྨར་ཁམས་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༩༠ཙམ་གྱི་མཚམས་སུ་ཡོད།འབོམ་སྟོད་སྨད་བར་གསུམ་ཟེར།ལུང་པ་ཞིག་གི་འགོ་མཇུག་ཆ་ཚང་ལ་གྲོང་སྡེ་ཆགས་ཡོད།( གཏམ་དཔེར་”འབོམ་ཉིན་འགྲོ་ཉིན་འདུག་” ཟེར། དེའི་དོན་ནི་མི་རྐང་ཐང་བ་ཞིག་ཉིན་གང་ལ་འགྲོ་ནའང་འབོམ་པའི་ས་ལས་བརྒལ་མི་ཐུབ་ཟེར་བ་རེད།)
གྲོང་སྡེ་དེའི་ནང་ལ་བྲག་དེའུ་དགོན་ཞེས་པའི་དཔལ་ལྡན་ས་སྐྱ་པའི་དགོན་པ་ཞིག་ཡོད།དེ་ནི་ཀུན་མཁྱེན་གོ་རམས་པ་ཆོས་ཞུགས་མཛད་སའི་དགོན་པ་ཡིན་ཞེས་བཤད་སྲོལ་ཡོད།གཞན་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པའི་ཉྭ་འགོ་དགོན་ཟེར་བ་ཞིག་ཀྱང་ཡོད།
གཉིས་པ། དབུས་གཙང་གི་ཕྱོགས་སུ་བྱོན་པ།
དགུང་ལོ་ ༡༩ ཐོག་ཁམས་ནས་ཀོང་ལམ་བརྒྱུད་དབུས་སུ་བྱོན། ཕྱི་ལོ་ ༡༤༤༨ རབ་བྱུང་ ༨ པའི་ས་འབྲུག་གི་ལོའི་དབྱར་ཁར་ཀུན་མཁྱེན་རོང་སྟོན་ཆེན་པོ་དང་ཞལ་མཇལ། སྐབས་དེར་དབུས་གཙང་གི་ཡུལ་དུ་མཁས་ཤིང་གྲུབ་པ་མཉེས་པའི་སྟོན་པ་གང་མང་ཞིག་བཞུགས་ཡོད་ནའང་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཞབས་ལ་གཏུགས་དགོས་པ་ནི་སློབ་དཔོན་ཆེན་པོ་གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་གྱི་དགོངས་པ་ཡིན་པ་མ་ཚད། འབུལ་བ་བརྒྱ་ཚན་མང་པོ་དང་རྗེ་ཉིད་ལ་སློབ་གཉེར་བ་བརྒྱའི་དོད་ཡིན་ཞེས་བསྟོད་བསྔགས་དང་བཅས་པའི་ཞུ་ཡིག་སོགས་ཀྱང་གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་ཁོང་རང་ཉིད་ཀྱིས་མཛད་དེ་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཞབས་དྲུང་དུ་ཕུལ་ཡོད།
ཕྱི་ལོ་ ༡༤༤༩ ལོར་ཀུན་མཁྱེན་རོང་སྟོན་ཆེན་པོ་གཤེགས་རྗེས་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་ནས་བྱམས་ཆེན་རབ་འབྱམས་པའི་དྲུང་ནས་ཐོས་བྱུང་གི་ཤེས་རབ་ཀྱིས་གཞུང་ལུགས་བློ་ལ་བླངས། བསམ་བྱུང་གི་ཤེས་རབ་ཀྱིས་དོན་མི་བརྗེད་པར་བཟུང་། སྒོམ་བྱུང་གི་ཤེས་རབ་ཀྱིས་ཚིག་དོན་ཚུལ་བཞིན་ཏུ་ཡིད་ལ་བྱས་ཏེ་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་ཆོས་ཀྱི་བསྐྱེལ་ཕུལ་བས་ཐམས་ཅད་ངོ་མཚར་བའི་གནས་སུ་བཀོད།
སྐབས་ཤིག་ཏུ་སྙུང་གཞི་དྲག་པོ་ཞིག་བྱུང་བས་ད་ནད་འདིས་ཕལ་ཆེར་གཏོང་བ་མི་འདུག་པས་དེའི་བར་དུ་ངོར་ཆེན་རྡོ་རྗེ་འཆང་འདྲ་བའི་སེམས་པ་ཆེན་པོ་ཞིག་དེང་གི་དུས་སུ་སའི་སྟེང་ན་བཞུགས་པ་དཀོན་པས་ཁོང་གི་སྐུ་མདུན་ནས་གསང་སྔགས་ཀྱི་ཆོས་སྐོར་འགའ་རེ་ཞུ་དགོས་དགོངས་ཏེ་རབ་འབྱམས་ཆོས་རྗེའི་དྲུང་དུ་ངོར་ཨེ་ཝཾ་ཆོས་ལྡན་དུ་འགྲོ་དགོས་པའི་ཞུ་གནང་ཕུལ་ནས་བྱོན།
ངོར་ཆེན་ཡབ་སྲས་ཀྱི་སྐུ་མདུན་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚར་གཉིས་དང་། ཀྱཻ་རྡོར་རྒྱུད་གསུམ་གྱི་བཤད་པ།སམྦུ་ཊ་རྡོར་དབྱིངས་ཀྱི་དབང་བཀའ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་སོགས་ཆོས་ཚུལ་བགྲང་ལས་འདས་པ་ཞིག་གསན། ཕྱིས་སུ་ངོར་པའི་ཁྲི་པ་ལོ་བཞི་མཛད།
མདོར་ན་སྔགས་ཕྱོགས་ཀྱི་བླ་མ་གཙོ་བོ་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་དང་། མདོ་ཕྱོགས་ཀྱི་བཤེས་གཉེན་གཙོ་བོ་བྱམས་ཆེན་རབ་འབྱམས་པ་རྣམ་གཉིས་ཀྱི་དབུས་རྗེ་བཙུན་ས་སྐྱ་པའི་ཡབ་སྲས་སོགས་དགེ་བའི་བཤེས་གཉེན་བསམ་གྱི་མི་ཁྱབ་པ་ཞིག་གི་དྲུང་ནས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་མཛད་པ་དང། རྗེ་ཉིད་ཀྱི་གདན་ས་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་ཕྱག་བཏབ་སྟེ། འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་རྗེ་བཙུན་ས་སྐྱ་པའི་བྱིན་རླབས་ཀྱི་བཀའ་བབས། དོན་དམ་གྱི་ལྟ་བ། ཀུན་རྫོགས་ཀྱི་གྲུབ་མཐའ། བཤད་སྒྲུབ་ཀྱི་ཕྱག་ལེན། གསུང་རབ་ཀྱི་འགྲེལ་ཚུལ་སྤྱི་དང་། སྒོས་སུ་སྡོམ་རིག་རྣམ་གཉིས་ཀྱིས་འཆད་ཚུལ་དྲི་མ་མེད་པ་ཞིག་ད་བར་དུ་གནས་ཐུབ་པ་དེ་ནི་ཀུན་མཁྱེན་བླ་མ་ཆེན་པོ་ཁོ་ནའི་ཐུགས་རྗེ་དང་བཀའ་དྲིན་ལས་བྱུང་བ་ཡིན་ནོ།།
གསུམ་པ། དགོངས་པ་གཞན་དོན་དུ་གཤེགས་པ།
ཞིང་འདིའི་གདུལ་བྱ་རྣམས་ཀྱི་ཆོས་ཀྱི་སྐལ་བ་རྫོགས་པ་ན་སྙུང་གཞི་ཞིག་བཞེས་ཏེ་ཚེས་ཉེར་གཅིག་གི་ཐོ་རངས་དེ་རིང་ཉི་ཤུ་གཅིག་ཨེ་ཡིན་གསུངས།དྲུང་ན་འདུག་པ་དག་གིས་ཡིན་ལགས་ཞུས་པས་ང་དང་ཆོས་རྗེ་ཀུན་དགའ་དབང་ཕྱུག་འདྲ་བ་འདུག།ཐུབ་བསྟན་རྣམ་རྒྱལ་དུ་སླེབས་དགོས་ཡོད་གསུངས་བཞིན་ལམ་དུས་ཀྱི་ཐུགས་དམ་ལ་ཞུགས་ཏེ་འདའ་ཁ་མར་ཟབ་མོ་ལ་མཉམ་པར་བཞག་པའི་ངང་ནས་བདེ་བ་ཅན་དུ་གཤེགས།
གདན་སའི་ཁྲི་པ་གཉིས་པ་ཀོང་སྟོན་དབང་ཕྱུག་གྲུབ་པས་མཛད་དོ།། །།