༄༅།།དེ་རིང་རེས་གཟའ་ཟླ་བ་ཕྱི་ལོ་༢༠༢༣ ཟླ་བ་༩ ཚེས་༤ ཉིན་ཁམས་པའི་སྨྱུག་ཚོགས་སྐབས་༡༥ པའི་རྒྱུན་ལས་དང་སྐབས་༡༦ པའི་རྒྱུན་ལས་བར་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ་ཞིག་དྷ་ས་{མ་སྐྱེས་ཨ་མ་}ཟ་ཁང་ལ་འཚོགས།ཆེད་དུ་གདན་ཞུ་རྩིས་དཔང་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་པ་དང་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་མི་བསྟན་འཛིན་ལམ་བཟང་ལགས་གཙོས་པའི་སྐབས་༡༥ པའི་དངུལ་གཉེར་དོན་འགྲུབ་ལྷ་མོ་དང་། སྐབས་གསར་༡༦ པའི་ཚོགས་གཙོ་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས། ཚོགས་གཞོན་ཚུལ་ཁྲིམས་འབྱུང་གནས་ལགས། དྲུང་ཆེ་གངས་རིན་ཆེན་ལགས། རྩིས་པ་དོན་འགྲུབ་ལྷ་མོ་བཅས་མཉམ་འཛོམས་ཐོག
ཁམས་པའི་སྨྱུག་ཚོགས་སྐབས་༡༥ པའི་རྒྱུན་ལས་ངོས་ནས་ལས་ཡུན་ལོ་གཅིག་རིང་དམིགས་བསལ་ཁམས་པའི་སྨྱུག་ཚོགས་དང་འབྲེལ་བའི་གལ་ཆེའི་ལས་དོན་ཁག་དང་འབྲེལ་བའི་ལས་བསྡོམས་དང་རྩིས་ཁྲ། དེ་བཞིན་ཁམས་པའི་སྨྱུག་ཚོགས་སྐབས༡༥ པར་ཚོགས་དངུལ་བྱུང་བའི་རྩིས་ཐོ། ཁམས་པའི་སྨྱུག་ཚོགས་ཀྱི་མ་དངུལ། ཁམས་པའི་སྨྱུག་ཚོགས་ཀྱི་སྒྲིག་གཞི། ཁམས་པའི་སྨྱུག་ཚོགས་ཁྲིམས་མཐུན་དེབ་སྐྱེལ་གྱི་ཡིག་ཆ་ཆ་ཚང་། ཁམས་པའི་སྨྱུག་ཚོགས་ཀྱི་ལས་ཤོག་དང་ལས་ཐམ། ཁམས་པའི་སྨྱུག་ཚོགས་ཀྱི་དྲ་ཚིགས་དང་ངོ་དེབ། མྱུར་འཕྲིན་སོགས་ཀྱི་ཁ་བྱང་དང་གསང་ཚིག ཁམས་པའི་སྨྱུག་ཚོགས་ཀྱི་དུས་དེབ་འབྲི་ཆུ་འདོན་ཐེངས་བཞི་པ་དང་ལྔ་པ་གཉིས་ཀྱི་དེབ་ལྷག་འཕྲོ་དང་གསར་དུ་པར་སྐྲུན་བྱས་པའི་འབྲི་ཆུ་འདོན་ཐེངས་དྲུག་པའི་དེབ་བཅས་ཁམས་པའི་སྨྱུག་ཚོགས་ལ་གང་ཡོད་པའི་ཁར་དབང་ཡོངས་རྩིས་སྤྲོད་རྩིས་ལེན་ཁམས་གཙང་ཕུགས་འཕེལ་བྱུང་ཡོད་པ་རེད།
ཁམས་པའི་སྨྱུག་ཚོགས་སྐབས་༡༥ པའི་རྒྱུན་ལས་ཐུན་མོང་གིས་ཕྱི་ལོ་༢༠༢༣ ཟླ་བ་༩ཚེས་༤ ཉིན་ཕུལ།