དང་པོ། ཁ་འབབ་ཆུ་བོ་ཆེན་པོ་བཞིའི་ངོ་སྤྲོད་སྙིང་བསྡུས།
བེ་རི་འཇིགས་མེད།
ཁ་འབབ་བཞིའི་ལྟ་བདེ་རེའུ་མིག
ཨང་། |
རྒྱ་གར་གྱི་མིང་། |
བོད་ཀྱི་མིང་། |
ཨིན་སྐད། |
ས་ཕྱོགས། |
༡ |
གངྒཱ། |
གླང་ཆེན་ཁ་འབབ། |
སཏ་ལེ་འཇོ། (Satluj) |
ནུབ། |
༢ |
སི་ཏ། |
རྨ་བྱ་ཁ་འབབ། |
ཀར་ན་ལི། (Karnali) |
ལྷོ། |
༣ |
སིན་དྷུ། |
སེང་གེ་ཁ་འབབ། |
ཨིན་ཌུསེ། (Indus) |
བྱང་། |
༤ |
པཀྵཱུ། |
རྟ་མཆོག་ཁ་འབབ། |
འབར་མ་པུ་ཏར། (Brahmaputra) |
ཤར། |
གཅིག རྟ་མཆོག་ཁ་འབབ།
དང་པོ་རྟ་མཆོག་ཁ་འབབ་ནི། ། ཧོར་གོང་རྒྱུད་བྱེ་མ་གཡུང་དྲུང་གི་ཤར། ཨབ་སྲིའི་རྒྱབ། བྲག་རྟ་མཆོག་འདྲ་བའི་ཁ་ནས་བབས་ཏེ། ཧོར་ཚོ་ལྔའི་དཀྱིལ་ནས་ཐོན་ཏེ་འབྲོང་པ་ཚོ་དགུའི་ལྷོ་རྒྱུད་རུ་གསར་དང་། གལ་ཆོས་དགོན་པའི་ལྷོ་རྒྱུད། སྟོད་འབའ་བ་གནམ་ལྷ་དགོན་པའི་བྱང་ཕྱོགས་ཕན་སྤྱི་ལྷོ་མ་དང་། ནག་ཆུ་ལྷོ་མ། གཞུང་རུ། ལེགས་རྩེ། ར་ག་རྟ་ཟམ། སྐྲ་བདུན། ཏྲེ་བ་རྩ་ཚོ་ལྔ་དང་། དར་རྒྱས་གླིང་དགོན་པ། ཕུར་བྲག་དགོན་པའི་ལྷོ་ངོས་ནས་ས་ག་རྫོང་བརྒྱུད་གུ་ཡུལ་དགོན་དང་། ཟངས་ལྷ་བྲག་གི་ལྷོ་ངོས་ནས་མ་གཙང་པོ་ཞེས་པའམ། ཡང་ན་རྟ་མཆོག་གཙང་པོ་ཞེས་ཆུ་བོ་ཆེན་པོ་དེ། གཙང་ལྷ་རྩེ་རྫོང་གི་བྱང་ངོས་ནས་གཞིས་ཀ་རྩེ་དང་། བཀྲ་ཤིས་ལྷུན་པོའི་བྱང་ཕྱོགས་ནས་བབས་ཏེ་སྟག་གྲུ་ཁ་དང་། རོང་བྱམས་ཆེན་གྱི་བྱང་རྒྱུད་དེ་ལྷ་ས་ཆུ་ཤུལ་རྫོང་དུ་སླེབས་སྐབས། ལྷ་ས་སྐྱིད་ཆུ་ཤར་ནས་ནུབ་ལ་ཡོང་བ་དང་། མ་གཙང་རྟ་མཆོག་ཁ་འབབ་ནུབ་ནས་ཤར་དུ་ཡོང་བ་གཉིས་ཆུ་ཤུལ་དུ་འདྲེས་ཏེ། ལྷོ་ཁ་གོང་དཀར་རྫོང་ ནས་རྒྱ་ཚྭ་སོགས་ཡར་ཀླུང་གཙང་པོ་དྭགས་པོ་དང་ཀོང་པོ་བརྒྱུད་ནས། རྒྱ་གར་བྱང་ཤར་ཕྱོགས་ཨ་སམ་ནས་བབས་ཏེ་རྒྱ་གར་གྱི་མིང་དུ་འབར་མ་པུ་ཏར་ (Brahmaputra) ཞེས་བཏགས་ཏེ་དེ་ནས་རིམ་བཞིན་ལྷོ་ཕྱོགས་རྒྱ་གར་རྒྱ་མཚོར་བབས།
ཆུ་བོ་རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ལ་རྒྱུགས། །གྲོ་ཤོད་རྟ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་པ་ལྟ་བུ་དམངས་ཁྲོད་ཀྱི་ཁ་རྒྱུན་ཡང་ཡོད།
གཉིས། རྨ་བྱ་ཁ་འབབ།
གཉིས་པ་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་བྲག་དམར་ནམ་མཁའ་ཁྱུང་རྫོང་དགོན་པའི་ཞབས་འོག་ཤིང་སྡོང་རྨ་བྱ་འདྲ་བ་ཡོད་པ་དེའི་ཁ་འབབ་སྟེ། སྔོན་བོད་རྗེ་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་སྐུ་དུས་སུ་དཀར་དུང་གི་མཁར་གོང་མ་དང་། འོག་མ། དེའི་འཁྲིས་སུ་མངའ་རིས་ཆོས་རྒྱལ་ཚོའི་ཛམ་བྷ་ལྷ་ཡི་བྲག་ཕུག་ཅིག་ཡོད་པའི་མདུན་ནས་རྒྱུགས་ཏེ། སྤུ་ཧྲེང་སྟོད་ཡུལ་དང་། སྤུ་ཧྲེང་སྟག་ལྷ་མཁར་གྱི་བྱང་ཕྱོགས། སྐྱིད་ཐང་ཡུལ་གྱི་ནུབ་ཀུན་དཀར་ལུང་པའི་གཙང་པོ་དང་ཁྲི་སྡེ་གཙང་པོ་བཅས་འདྲེས་ཏེ་སྤུ་ཧྲེང་ཁྲི་སྡེ་ཡུལ་གྱི་ཤར་ནས་ཐོན། སྤུ་ཧྲེང་ཡུལ་ཚོ་རྣམས་ཀྱི་དཀྱིལ་ནས་རྒྱུགས་ཏེ་འཁོར་ཆགས་ཇོ་ཁང་དང་། གསེར་ཁང་ཡེ་ཤེས་ལྷུན་གྲུབ། ལྷག་མོ་ཆེ་བཅས་དགོན་པ་དང་། ལྷོ་ངོས་ནས་ཞེར་ཡུལ་གྱི་ལྷོ་ནས་བབས་ཏེ། བལ་ཡུལ་ནུབ་རྒྱུད་འུམ་ལོ་དུམ་བུ་དགོན་གྱི་མདུན་དུ་སླེ་མི་ཡུལ་གྱི་གཙང་པོ་དང་འདྲེས་ཏེ། བལ་ཡུལ་ནུབ་འུམ་ལ་ཀྲམ་སེ་སི་མི་ཀོར་གནམ་ཐང་གི་ལྷོ་ནས་བབས། ཡུལ་སྐད་དུ་ཀར་ནཱ་ལི་ཟེར། དེ་ནས་རིམ་བཞིན་རྒྱ་གར་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་བབས།
རྨ་བྱ་ཁ་འབབ་སྤུ་ཧྲེང་གཞུང་ལ་རྒྱུགས། །སྤུར་མོ་ཁ་དོག་ལེགས་པ་དེ་ནས་བྱུང་། །ཟེར་བའི་ཡུལ་གཞས་སམ་ཁ་རྒྱུན་ཡང་ཡོད།
གསུམ་གླང་ཆེན་ཁ་འབབ།
གསུམ་པ་གླང་ཆེན་ཁ་འབབ་ནི། ། གུར་རྒྱ་མཚོ་འགོ་ནས་ས་འོག་ཏུ་ཐོན་ཏེ་མདུན་ཆུ་དགོན་པའི་ཞབས་འོག་རི་གླང་སྣ་འདྲ་བའི་ཁ་ནས་བབས་ཏེ། (Regi0) སྤྲེ་ཏ་པུ་རི་དང་། མོན་མཚེར། སྐོར་དཔོན། ཁྱུང་ལུང་དངུལ་དཀར་བརྒྱུད། མདའ་པའི་ཆོས་རྒྱལ་བློ་བཟང་པདྨ་བཀྲ་ཤིས་ཀྱི་རྒྱལ་ཁང་དང་སྔོན་གྱི་མདའ་པའི་ཆོས་རྒྱལ་རིམ་བྱོན་གྱི་མཁར་གྱི་མདུན་ནས་རྒྱུགས། མདའ་པའི་ཡུལ་དུང་ས་དང་མདའ་པ་ཀ་གླིང་གི་ཡུལ་ཏེ། སྔོན་ཇོ་བོ་རྗེ་ལ་གུ་གེ་ཁྲི་རིག་གི་བསུ་བ་དང་སེར་སྦྲེང་། དུང་ཆེན་དང་རྒྱ་གླིང་། ཟློ་བརྡ་མ་དང་སུ་རྣ་བཅས་ཀྱིས་ཕེབས་བསུ་རྟ་པ་ཁྲི་གཅིག་ཡོད་པས། གཙོ་བོ་ལྷ་བླ་མ་བྱང་ཆུབ་འོད་སྟོན་འཁོར་རྒྱལ་བློན་རྣམས་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་མཇལ་འཕྲད་མཆོད་རྟེན་ཞེས་མཆོད་རྟེན་རྩ་ཆེན་ཞིག་ཆུ་བོ་ཆེན་པོ་གླང་ཆེན་ཁ་འབབ་ཀྱི་འགྲམ་དུ་ཡོད། ཟླ་བའི་ཐུད་ཟམ་དང་། ལྡོང་པོ། དེ་ནས་མ་ནམ་བྱང་ཆུབ་གླིང་དགོན་པའི་མདུན་ནས་རྒྱུགས་ཏེ་མཐོ་ལྡིང་ལྕགས་ཟམ་དང་། རྩྭ་ཧྲང་གུ་གེ་ཆོས་རྒྱལ་གྱི་མཁར་གྱི་མདུན་ནས། རྩྭ་ཧྲེང་གི་ཡུལ་སྡེ་བརྒྱུད་རྩྭ་ཧྲེང་གི་མདའ་ནས་ཡར་འདྲེན་ཀུ་ལི་ནས་ཐོན། དེ་རོང་ཆུང་རྒྱ་ཟམ་དང་། སྤྲིན་ཟམ་འོབ་ནས་རོང་ཆུང་རྒྱ་མཚོ་བདུན་བརྒྱུད། རི་བོ་སྤུར་རྒྱལ་གངས་རིའི་ནུབ་བརྒྱུད། དེ་ནས་ཁུ་ནུ་ཁབ་རྣམ་རྒྱལ་ཡུལ་བརྒྱུད་དེ། ནུབ་བྱང་ཕྱོགས་ནས་ཡོང་བའི་སོ་དྲུག་སུམ་རྒྱལ་སྤ་རང་ལ་ནས་ཡོང་བའི་གཙང་པོ་དང་། སྤྱི་ཏི་དཀྱིལ་དགོན་པ་དང་། དཀར་སར་རྫོང་། རྟ་པོ་བརྒྱུད་ནས་ཡོང་བའི་སྤྱི་ཏི་ཆུ་དང་། ཆུ་གསུམ་འདྲེས་ཏེ། ཁུ་ནུ་གྲབ་གླིང་དང་ཁུ་ནུ་རམ་སྤུར་རྒྱལ་ས་ནས། སིམ་ལ་བརྒྱུད་བྷག་ར་དང་ནངྒལ་ཆུ་རགས་ (Bakhra Nangal Dam) བརྒྱུད་དེ་ཆུ་མོ་གངྒཱ་དང་འབྲེལ། ཨི་ལ་བྷ་ད་བརྒྱུད་རྒྱ་གར་རྒྱ་མཚོར་འགྲོའོ།།
གླང་ཆེན་ཁ་འབབ་གུ་གེ་གཞུང་ལ་རྒྱུགས། །གུ་གེ་ཞིང་ས་ཡག་པ་དེ་ནས་བྱུང་། ། ཞེས་པའི་ཡུལ་གཞས་སམ་ཁ་རྒྱུན་ཡང་ཡོད།
བཞི། སེངྒེ་ཁ་འབབ།
བཞི་པ་སེངྒེ་ཁ་འབབ་ནི། གངས་རིའི་བྱང་ཕྱོགས་ཀྱི་རྒྱབ་རི་བྲག་དཀར་སེང་གེ་འདྲ་བའི་ཁ་ནས་བབས་ཏེ། སེང་གེ་གཡུ་རལ་ དང་། སེང་གེ་ནོར་བུ། སེང་གེ་རྔ་མ། རླུང་འཁོར་ལོ་བརྒྱུད། ལྷོ་ཕྱོགས་ནས་སྟོབས་ཅན་གྱི་གཙང་པོ་དང་། ལྷ་མར་རྫོང་གི་གཙང་པོ། ལྷ་ཡི་ལའི་གཙང་པོ་གསུམ་དང་འདྲེས་ཏེ། ཀླུང་དེབ་བརྒྱུད་གཙང་པོ་རྣམས་འདྲེས་ནས། འབྲོང་པ་སེང་སྟོད་དང་། འབྲོང་པ་ཀོང་ཆེན། འབྲོང་པ་སེང་སྨད། བྲག་སྐྱ་དགོན་པའི་མདུན་མང་ལྷས་གཞུང་བརྒྱུད་འབྲི་བྱ་དང་། གཞུང་པ་མ་ཚན་གྱི་ནུབ་ཕྱོགས་ནས་དུག་གི་གཙང་པོ་དང་། རྟ་རླུང་གི་གཙང་པོ། དཀར་བའི་གཙང་པོ། གོས་གཙང་གི་གཙང་པོ་བཅས་ཆུ་ཆེན་རྣམས་སེང་གེ་གཙང་པོ་དང་འདྲེས་ཏེ། གཙོ་གཙོ་དང་། རྒྱ་སྨུག །གླང་ཆུ། མངའ་རིས་སྒར་ཐོག་གི་ཡུལ་སྡེ་རྣམས་ཀྱི་བྱང་ཕྱོགས། ར་ལ་མཁར་དམར་དང་། རུ་ཐོག་གི་ལྷོ་ནུབ་བརྒྱུད། སྒར་བཀྲིས་སྒང་དགོན་པའི་མདུན། སྒར་གྱི་གཙང་པོ་དང་འདྲེས་ནས། བདེ་མཆོག་ལྷ་རི་དཀར་པོ་བརྒྱུད་ལ་དྭགས་ཡུལ་གྱི་དཀྱིལ་ནས་ལ་བྱང་ཉི་མའི་གཙང་པོ། སྟག་ལང་ལ་ནས་ཡོང་བའི་སྨད་རུ་གཙང་པོ། བྱང་ཕྱོགས་ནས་རྒྱ་རི་གཙང་པོ། ཤཱ་ཡོག་གཙང་པོ། ལ་དྭགས་ནུབ་ར་བདེ་སྐྱིད་གླིང་བརྒྱུད་སེང་གེ་གཙང་པོར་འདྲེས། ཡར་མའི་གཙང་ཆུ། བལ་དི་ད་ཧ་ནུ་བརྒྱུད་ནས། པ་ཀི་སི་ཐན་བརྒྱུད་མཐར་རྒྱ་གར་གྱི་རྒྱ་མཚོར་འགྲོའོ།།
སེངྒེ་གཙང་པོ་ལ་དྭགས་གཞུང་ནས་རྒྱུགས།། ལ་དྭགས་ཤིང་སྣ་འཛོམས་པ་དེ་ནས་བྱུང་། ། ཞེས་པའི་ཁ་རྒྱུན་དམངས་ཁྲོད་ན་དར།
གཉིས་པ། མདོ་ཁམས་ཀྱི་ཆུ་བོ་ཆེན་པོ་བཞིའི་ངོ་སྤྲོད།
གཅིག རྒྱལ་མོ་རྔུལ་ཆུ།
དེ་ཡང་ཆུ་བཞི་ལས། ཆུ་ཆེན་དང་པོ་རྔུལ་ཆུ་ཁམ་པའམ་རྒྱལ་མོ་རྔུལ་ཆུ་ཞེས་གྲགས་པ་ནི། སོག་ལ་སྐྱ་བོའི་སྐྱ་ནག་མཚོ་ཞེས་པའི་མཚོ་འདབས་ཀྱི་ཆུ་དེ་ལ་ནག་ཆུ་ཞེས་ཟེར་ཞིང་། ཆུ་བོ་དེ་ནག་ཆུ་ཁ་དང་བསམ་གཏན་གངས་བཟང་གི་གཡོན་ཕྱོགས་ནས་འབབ་པ་དང་། སོག་ལ་སྐྱ་བོའི་མདུན་ཕྱོགས་ཧོར་སྟག་ཕྲུག་སྡེ་པའི་གཞུང་ནས་ཤག་ཆུ་ཞེས་པ་འབབ་པ་ནག་ཤག་སུམ་མདོར་འདྲེས། ཡང་སོག་གི་ཞ་དམར་ལ་དམར་དང་། སོག་རྗེ་རྒྱལ་བའི་ཐོད་དཀར། སོག་གི་བ་ནུ་ར་ནུ། སོག་གི་བསྟན་མ་བཅུ་གཉིས་སུ་གྲགས་པ་དེ་དག་ནས་བབས་པའི་ཆུ་ལ་སོག་ཆུ་ཟེར་ཞིང་ནག་སོག་སུམ་མདོ་ནས་ནག་ཆུ་དང་འདྲེས། དེ་ནས་རྔུལ་མོ་རོང་ནས་བབས་པས་རྔུལ་ཆུ་ཞེས་གྲགས་ཤིང་། དཀར་རྔུལ་སུམ་མདོ་དང་། རེ་རྔུལ་སུམ་མདོ་སོགས་སྡེ་བརྒྱད་ཀྱི་རྒྱུ་ལམ་དང་འདུ་ས་ལྟ་བུ་དུ་མ་ནས་འབབ་ཅིང་། ཨ་མདོ་ཤོག་བརྒྱད་དང་། རྫ་དམར། སྙན་རོང་། ནག་ཆུ། འབྲི་རུ། སོག་མ་ཆེན། དཔལ་འབར། ལྷོ་རོང་། དཔའ་ཤོད། རྫ་ཡུལ་སོགས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཆུ་ཕྲན་རྣམས་བསྡུས་ཏེ་འབར་མའི་ཕྱོགས་ནས་བབས་པར་སིལ་ཝན་གཙང་པོ་ཟེར་ཞིང་དེ་ནས་རྒྱ་མཚོར་འདྲེས།
གཉིས། རྫ་ཆུ།
ཆུ་ཆེན་གཉིས་པ་རྫ་ཆུའམ་ཟླ་ཆུ་ཞེས་པ་ནི། ཆུ་སྟོད་དགེ་རྒྱས་རྫ་དཀར་པོ་ནས་བབས་ཤིང་། ཆུ་མགོ་ལ་༸གོང་ས་ལྔ་པ་ཆེན་པོས་ལྷ་བསང་བཀྲིས་འཁྱིལ་མ་གསུངས་པས་ཕྱིས་སུ་བཀྲ་ཤིས་འཁྱིལ་ཆུ་ཞེས་མིང་དུ་ཆགས་པ་དང་། ཡང་རྫ་དམར་པོའི་མཁར་སྒང་ལ་ནས་བབས་པའི་ཆུ་ལ་རྫ་སྲིབ་ཀྱི་ཆུ་དང་། རྫ་ནག་ཧོར་པོ་འབྲུག་ལྡིང་ནས་བབས་པའི་ཆུ་ལ་རྫ་ནག་ཆུ་ཞེས་རྫ་དཀར་དམར་ནག་གསུམ་གྱི་སུམ་མདོར་འདུས་པའི་ཆུ་ཡིན་པས་ན་རྫ་ཆུ་ཞེས་གྲགས་པའམ། རྫ་ཡི་རྒྱལ་པོ་གོ་བོ་ཁྱུང་ཕུག་གི་རི་རྒྱུད་ཀྱི་ཆུ་ཡིན་པས་ན་རྫ་ཆུ་ཞེས་ཟེར་ཞིང་། ཆུ་བོ་འདིར་ཨག་གཞུང་དང་། སྨུག་གཞུང་དང་། འདམ་གཞུང་ཟེར་བ་ནས་རྫ་ཆེན་དང་། རྫ་སྟོད། ནང་ཆེན་ནས་རག་ཤུལ་དང་། ཟུར་མང་གི་ཆུ་ཡང་འདུས་ཏེ་ཆབ་མདོའི་གཡོན་ནས་རྒྱུགས། ཡང་འདམ་སྟོད་སྤུག་གི་རྫ་རི་ནས་ཆུ་ཤར་དུ་འབབ་པའི་ཆུ་ལ་སྤུག་ཆུ་དང་། སྡེ་ཆུ། ལྕེ་ཆུ་སོགས་ཟེར་ཞིང་། རྨུ་ཐ་དང་། སྒང་རུ་དང་། སྡོམ་པ། ཚཱ་ཤུལ། ལྕགས་ཟམ་ཁ་སོགས་ནས་རིམ་གྱིས་རྒྱུགས་ནས་མཐར་ངོམ་གཞུང་ནས་ངོམ་ཆུ་ཞེས་ཆབ་མདོའི་གཡས་ནས་བབས་ཏེ་རྫ་ཆུར་འདྲེས་ཤིང་། དེ་ནས་གླ་ཆུ་ཡང་ཟེར། ལ་ལས་ཟླ་ཆུ་ཡང་ཟེར་ཞིང་བྲག་གཡབ་དང་། མཛོ་སྒང་དང་། སྨར་ཁམས་དང་། ཚ་ཁ་ལྷོ། འཇོལ་བདེ་ཆེན་སོགས་རོང་བཙན་ཁ་བ་དཀར་པོའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་རྒྱ་ནག་གི་ཡུའུ་ནན་དང༌། ཐའེ་ལན་ཌ། ལའོ་སི། ཀམ་པོ་ཊི་ཡ། ཝེ་ཏེ་ནམ་སོགས་ཕྱིའི་རྒྱལ་ཁབ་ལྔ་ཙམ་བརྒྱུད་ནས་བབས་པར་ཆུ་བོ་མེ་ཀོང་གཙང་པོ་ཞེས་གྲགས་ཤིང་མཐར་རྒྱ་མཚོར་འདྲེས། ཆུ་ཆེན་འདིའི་གཡས་གཡོན་ནས་ཚྭ་ཆུའི་གཏེར་ཁ་འཁྱེར་ནས་འགྲོ་བར་གྲགས།
གསུམ། འབྲི་ཆུ།
ཆུ་ཆེན་གསུམ་པ་འབྲི་ཆུ་སེ་བོའམ་གསེར་ལྡན་གྱི་ཆུ་བོ་ཞེས་ཀྱང་གྲགས་པ་འདི་ནི། གདང་ལའི་བྱང་ཤར་འབྲིའི་ཐུར་མགོ་ལ་ཞེས་པའི་རི་བོ་འབྲི་འདྲ་བ་དེའི་སྣ་ཁུང་གཡས་གཡོན་ནས་ཆུ་རེ་འབབ་པ་དེ་གཉིས་འདུས་པས་ན་འབྲི་ཆུ་ཞེས་གྲགས། གཞན་ཡང་བྱང་ཐང་དཀར་དམར་གྲམ་གསུམ་ཞེས་པ་བྱང་ཐང་མི་མེད་ཀྱི་ལུང་པ། རྡོ་གཡའ་མས་རང་སྐད་འདོན་ས། རྩྭ་རྩི་ཤིང་གི་ཤུར་གླུ་ལེན་ས། བྱང་རྐྱང་འབྲོང་གཉིས་ཀྱི་ཕ་ཡུལ། དེ་ཡན་གྱི་ས་ལ་ས་མིང་མེད། དེ་ཡན་གྱི་སྡེ་ལ་སྡེ་མིང་མེད། ཟེར་བའི་ས་ཁུལ་ནས་དཀར་ཆུ་དང་། དམར་ཆུ། གྲམ་ཆུ། འདམ་ཆུ། ཆུ་དམར་གྱི་ཆུ། སེ་བོའི་ཆུ་བཅས་ཀྱང་བབས་ཏེ་འབྲི་ཆུར་འདྲེས་པ་སོགས་ཆུ་ཆེན་མང་པོ་རིམ་པར་འབྲི་ཆུར་འདྲེས་ནས་རིམ་བཞིན་ཁྲག་ཁོག་དང་། སྒ་ཁོག །ཡག་ར། ཡུལ་ཤུལ། གླིང་ཚང་། སྡེ་དགེ་དང་། འབའ་ཐང་། རྒྱལ་ཐང་། ས་ཐམ་སོགས་བརྒྱུད་ནས་བ་ཡན་ཧ་རིའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་རྒྱ་ནག་ལྷོ་ནས་ཤར་དུ་བབས་པར་ཡང་ཙི་གཙང་པོ་ཞེས་གྲགས་ཤིང་དེ་ནས་མཐའ་ཡས་རྒྱ་མཚོར་འདྲེས་སོ། །
བཞི། རྨ་ཆུ།
ཆུ་ཆེན་བཞི་པ། རྨ་ཆུ་ལེབ་མོ་ནི། རྨ་ཡུལ་ཡིད་ཀྱི་དཀྱིལ་འཁོར། རྨ་སྟོད་ཟས་ཀྱི་འགོ་མ། རྨ་ཟད་ཟད་གཡག་དང་ཡུག་ནས་ཟད། ཟེར་བ་ལྟར་གཡག་ལྷ་སྟག་རྩེའི་ཆུ། ཡུག་གི་ཆུ། བ་རིས་ཆུ་གསུམ་དང་། རྨ་སྟོད་མཚོ་སྔོ་རེངས་ཀྱི་ཆུ་འདབས་མཚོ་སྐྱ་རེངས་ལ་འདུས་ཏེ་རྨ་ཁོག་ནས་བབས་པས་རྨ་ཆུ་ཞེས་གྲགས་ཤིང་། ཆུ་ཆེན་འདིའི་ནང་རྨ་ཉིན་སྲིབ་ཀྱི་ཆུ་དང་། དར་ལག་དང་། མགོ་ལོག་དང༌། ཨ་རིག་དང་། ཆབ་ཆ། རེབ་གོང་གི་ཆུ་དང་། ཀླུ་ཆུ་དང་། བསང་ཆུ། དགུ་ཆུ། རྨེ་ཆུ། འཇུ་ལག་གི་ཆུ་སོགས་ཆུ་ཆེན་དུ་མ་དང་། ཤར་སྟོད་རྨ་རྒྱལ་སྤོམ་རའི་རི་རྒྱུད་དང་། མདོ་ལའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་ལན་ཀྲའུ་བརྒྱུད་བབས་པར་ཧོང་ཧྭ་གཙང་པོ་ཟེར་ཞིང་མཐར་རྒྱ་ནག་ཧྲན་ཏུང་ཕྱོགས་ནས་རྒྱ་མཚོར་འདྲེས་སོ། །