རྩོམ་བྲིས་པ། གངས་རིན་ཆེ།
མི་རྟག་སྒྱུ་མའི་འཁོར་བའི་མཚོ་ཆེའི་ནང་།།
ན་ཆུང་སྐད་དམན་ལུས་ཀྱི་འཁྲི་ཤིང་མ།།
འཛུམ་པའི་མཁུར་ཚོས་བྱུ་རུའི་མདངས་ལ་འདྲེས།།
ཁྱོད་ཀྱི་གཡུ་ཡི་རྣ་རྒྱན་འགུལ་བ་མཐོང་།།
བདག་ཡིད་ཨུ་དུམ་ཝ་རའི་སྐྱེད་ཚལ་ནང་།།
སྒེག་ལྡན་ལང་ཚོ་མཛེས་པའི་སྐྱེས་བཟང་མ།།
པདྨའི་རང་མདངས་དྲི་བསུང་རླུང་གིས་འཁྱེར།།
ཁྱོད་ཀྱི་ཟུར་མིག་བདག་ལ་གཡོ་བར་མཐོང་།།
བདག་ཡིད་ཟླ་འོད་ལྷུང་བའི་སྲིད་མཚོ་ནང་།།
ཉམས་ཆུང་སེམས་རྩ་འཁོལ་པའི་གཤིས་བཟང་མ།།
ནག་སྣུམ་དབུ་སྐྲ་ལན་བུ་རླུང་གིས་གཡོ།།
ཁྱོད་ཞལ་འཛུམ་མདངས་བདག་ལ་སྐྱོམ་བར་མཐོང་།།
རྨི་ལམ་འཇའ་རིས་འཁྱུག་པའི་མེ་ལོང་ནང་།།
བརྒྱད་གཉིས་ལང་ཚོ་སྐབས་གསུམ་ལྷ་ལ་འགྲན།།
ལྡུམ་ར་སྐྱེད་ཚལ་ཁྲོད་ཀྱི་གསེར་ཆེན་མ།།
བློ་སྙིང་བདག་ལ་ཕྱོགས་བའི་སྣང་བརྙན་མཐོང་།།
སྔོ་བསངས་ལྷ་ལམ་ཡངས་པའི་དྭངས་ཤེལ་ནང་།།
ཟླ་བའི་ཞལ་ལ་སྐར་མའི་སྤྱན་ལྡན་མ།།
ལུས་ཀྱི་གར་སྟབས་མཛེས་པའི་ཉམས་འགྱུར་ཁྲོད།།
ཁྱོད་ཀྱི་ཟུར་མིག་བདག་ལ་འཕེན་པ་མཐོང་།།