སྡེ་གསུམ་ནང་གི་མངོན་རྟོགས་མཛེས་པ་རབ་ཡངས་མཁའ་ཡི་འོད་དཀར་ཅན།།
དུག་གསུམ་སྤྲིན་པའི་འཆིང་རྒྱ་ལས་གྲོལ་ཆ་ཤས་གང་བའི་འོད་རླབས་རེས།།
སྲིད་གསུམ་དུཿཁའི་ཚ་གདུང་མ་ལུས་སྐད་ཅིག་ཉིད་ལ་བསལ་མཛད་པ།།
རིགས་གསུམ་གཅིག་འདུས་མཚོ་སྐྱེས་རྡོ་རྗེ་མི་ཕྱེད་དད་བརྒྱའི་གཙུག་ཏུ་རོལ།།
སྟོན་པ་འཇིག་རྟེན་མིག་གཅིག་དབྱིངས་ལ་གཤེགས་ནས།།
བསྟན་བཤིག་གདུག་པའི་ཚོགས་ཀྱི་དཔུང་ཤ་རྒྱས་ཏེ།།
བསྟན་པ་ཉག་ལ་ཐུག་པའི་འགག་འཕྲང་དོག་པོར།།
བདེ་སྐྱིད་སྐར་ཁུང་ཙམ་དེ་འགེབས་ལ་ཉེ་དུས།།
བློ་འདས་ཆོས་སྐུའི་རྒྱལ་ས་སྟུག་པོ་བཀོད་ནས།།
རྒྱལ་ཀུན་ངོ་བོ་གཅིག་འདུས་སྣང་བ་མཐའ་ཡས།།
གཞོམ་མེད་གསེར་གྱི་རྡོ་རྗེའི་གཟུགས་སུ་བྱས་ཏེ།།
མདངས་ལྡན་འོ་མའི་མཚོ་མོར་ལྷུམས་སུ་ཞུགས་དུས།།
སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་སྔ་དྲོར།།
འཇའ་སྤྲིན་མེ་ཏོག་མཛེས་པའི་ཆར་པ་འབབ་བཞིན།།
དྲི་མེད་པདྨ་དཀར་པོའི་ཟེའུ་འབྲུའི་སྟེང་དུ།།
མཚར་སྡུག་ལང་ཚོ་རྫོགས་པའི་མཚོ་སྐྱེས་རྡོ་རྗེ།།
འབྱོར་རྒུའི་ལོངས་སྤྱོད་ཚོགས་ཀྱིས་སེམས་ཁ་མ་གང་།།
རིན་ཆེན་ནོར་བུའི་ཁྲི་ཡིས་ཞབས་ཟུང་མ་ཐེག །
འཕྲལ་བདེ་འཁོར་བའི་ཕུན་ཚོགས་ཐང་དུ་གཡུགས་ནས།།
དབེན་པའི་རི་བོར་འགྲིམས་པའི་མཚོ་སྐྱེས་རྡོ་རྗེ།།
སྣང་སྲིད་དག་པར་ཤར་བའི་སྒྱུ་འཕྲུལ་ལམ་ནས།།
འཁྲུལ་རྟོག་ཞགས་པའི་ཨ་ལོང་དུམ་བུར་གཏུབ་སྟེ།།
འཇིགས་རུང་དུར་ཁྲོད་ཀུན་ཏུ་བརྟུལ་ཞུགས་སྤྱོད་པའི།།
མ་ཚོགས་མཁའ་འགྲོའི་གཙོ་བོ་མཚོ་སྐྱེས་རྡོ་རྗེ།།
གཤིས་ངན་སྡོང་པོ་འཁྱོག་པའི་ཡལ་གའི་རྩེ་ནས།།
གཞན་གནོད་སོ་ཁ་རྣོ་བའི་ཚེར་མ་གཅོད་བྱེད།།
མཐུ་སྟོབས་གནམ་ལྕགས་ཐོག་མདའ་ཤུགས་དྲག་ཅིག་གིས།།
དམ་སྲིའི་ཀླད་པ་འགེམ་མཛད་མཚོ་སྐྱེས་རྡོ་རྗེ།།
འདྲེ་སྲིན་མཆེ་བ་ཅན་གྱི་༼སྒྱུ་འཕྲུལ་རྒྱུ་འགྲུལ་རྒོད་སར།།
གྲང་ལྷགས་སྤུ་གྲི་བཞིན་དུ་རྣོ་ངར་ཆེ་སར།།
རྨུ་རྒོད་སྐྱེ་བོའི་ཚོགས་ཀྱིས་དཔུང་ཤུགས་ངོམ་སར།།
སྣང་སྲིད་ཟིལ་གྱིས་གནོན་པའི་མཚོ་སྐྱེས་རྡོ་རྗེ།།
ལུགས་གསུམ་མི་འགྱུར་དཔལ་གྱི་ཕོ་བྲང་དབུས་སུ།།
སྡེར་བཞིའི་གནམ་ལ་བཏེག་པའི་གསེར་ཁྲིའི་སྟེང་ནས།།
འགག་མེད་རྡོ་རྗེའི་ཐོལ་གླུ་དབྱངས་ལ་བཀུག་སྟེ།།
མུན་གླིང་འོད་ཀྱིས་བཀང་བའི་མཚོ་སྐྱེས་རྡོ་རྗེ།།
ལས་ཅན་སྐྱེས་བུ་རེ་རེའི་སྙིང་ཁོང་རེ་ལ།།
སྙིང་ཐིག་སྙིང་གི་གདམས་པའི་ཞག་རེ་བསྐྱིལ་བས།།
ཆོས་ཟད་ཆོས་སྐུའི་དབྱིངས་སུ་དགོངས་པ་འཕོས་ཏེ།།
འཇའ་ལུས་འོད་སྐུར་འཁྲིད་མཁན་མཚོ་སྐྱེས་རྡོ་རྗེ།།
རང་སྣང་ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོར།།
རང་ཤར་པདྨ་འོད་ཀྱི་ཕོ་བྲང་དབུས་སུ།།
རང་གྲོལ་རིག་འཛིན་རྒྱ་མཚོའི་ཚོགས་ཀྱི་རྗེ་བོ།།
རང་རིག་དོན་གྱི་སངས་རྒྱས་མཚོ་སྐྱེས་རྡོ་རྗེ།།
སྐྱེས་ནས་སྐྱེ་བའི་ཕྲེང་བར་ཁྱེད་ལ་བརྟེན་ན།།
ལས་ཉོན་འཁོར་བའི་འཆིང་ཞགས་ཧྲིལ་གྱི་༼གྱིས་བཅད་ནས།།
གཏན་བདེའི་ས་ལ་རེག་པའི་དབུགས་དབྱུང་ཐོབ་སྟེ།།
ཉམས་༼ཉམ་ཐག་འགྲོ་བ་འདྲེན་པའི་མཆོག་ཏུ་གྱུར་ཅིག །
༢༠༡༦/༠༨/༡༣ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་དུས་ཆེན་ཉིན།