Friday, March 6, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

༄༅། །འཇམ་དཔལ་དབྱངས་བསྟན་པ་རབ་རྒྱས་ལ་བསྟོད་པའི་ཚིག་ལེའུར་བྱས་པ་དྲི་བྲལ་པད་མ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བ་ཞུགས་སོ།།

October 14, 2021
in སྙན་ངག
0

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་དཔྱིད།  །

མཐོང་བའི་མི་ངོམས་གངས་རིའི་མདངས་ལྡན་སྐུ།  །

ཡབ་ཅིག་འཇམ་དཔལ་སྨྲ་བའི་ཉི་མ་དེས།  

བདག་བློ་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད།  །

འོ་མའི་ཆུ་གཏེར་འཕྱུར་བའི་རླབས་ཕྲེང་རྩེར།  །

དྲི་མེད་ཤེལ་དཀར་མེ་ཏོག་བཞད་འདྲ་བ།  །

ངོ་མཚར་ཚངས་པའི་བུ་མོ་ཡིད་འཕྲོག་མ།  །

ལོངས་སྤྱོད་འཁོར་ལོ་མགྲིན་པའི་ཁབ་ཏུ་རོལ།  །

ཨེ་མ་བསོད་ནམས་ཤར་གྱི་རི་བོ་ནས།  །

ཡོན་ཏན་བླ་ན་མེད་པའི་དཀྱིལ་འཁོར་ལ།  །

གསང་གསུམ་མཛད་པའི་འོད་ཟེར་སྟོང་འབར་བའི།  །

མཁས་པའི་ཉིན་བྱེད་མཆོག་གཅིག་འདི་ན་ཤར།  །

མ་རིག་དུམ་བུར་གཏུབ་པའི་མཚོན་གདེངས་ཤིང་།  །

མ་བཅོས་རང་བཞིན་མདའ་ལྟར་དྲང་བའི་ཐུགས།  །

མ་ལུས་མཁས་པའི་ཡིད་འཕྲོག་མཁས་པ་ཁྱོད། །

མ་བསྒོམས་ཁོ་བོའི་ཡིད་ལ་ལྷམ་མེར་གསལ།  །

མཐོན་པོར་གཡོ་རྒྱུའི་འཛུམ་གྱིས་མི་བསུ་ཞིང་།  །

དམན་ལ་ཁྱད་གསོད་ལུད་པ་མི་འཕེན་ལ།  །

རང་མཉམ་ཡུལ་ལ་ནམ་ཡང་མི་བསླུ་བའི།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རྙིང་ཞེན་སྒྲོག་གིས་བཅིངས་པའི་རྒས་པོ་མིན།  །

གསར་བྱུང་མེ་ཏོག་འཐུ་བའི་བྱིས་པ་མིན།  །

ཡོད་ཚད་དོང་ནས་སྤྲུག་པའི་སྨྱོན་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རང་སྲོག་གྲི་ཡིས་གཅོད་པའི་དཔའ་བོ་མིན།  །

ཕ་བསད་དཔོན་དུ་བསྐུར་བའི་ཀླད་མེད་མིན།  །

བསྟན་སྲིད་རྒྱབ་ཏུ་བོར་བའི་བྱ་བཏང་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཕུ་ནུའི་ཚེ་སྲོག་འཕྲོག་པའི་རལ་གྲི་མིན།  །

ཉེ་བའི་ཡུལ་ལ་ཟུག་པའི་ཚེར་མ་མིན།  །

ངན་བྱས་ངོ་སོ་མཐོ་བའི་ཐན་སྙེ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

བླུན་པོ་འོག་ནས་འདེགས་པའི་ཀ་བ་མིན།   །

མཁས་པ་གཉའ་ནས་གནོན་པའི་ཟམ་པ་མིན།  །

ཕ་ཆོས་ལོ་ཏོག་བརྡུང་བའི་སེར་རྒོད་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

བཟང་སྤྱོད་བུད་ཤིང་སྲེག་པའི་མེ་ལྕེ་མིན།  །

ངན་གོམས་ཐུར་དུ་རྒྱུག་པའི་རྦབ་ཆུ་མིན།  །

བཟང་ངན་ཤན་འབྱེད་མེད་པའི་ས་གཞི་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ང་རྒྱལ་དགུང་ན་འཕྱོ་བའི་ཆར་སྤྲིན་མིན།  །

ཕྲག་དོག་རྦ་རླབས་འཁྲུགས་པའི་དུག་མཚོ་མིན།  །

སེར་སྣའི་དྲི་མ་འཛིན་པའི་འོག་རླུང་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རྨོངས་པ་ཆུ་སྣ་འཁྲིད་པའི་ཡུར་བ་མིན།  །

དམ་པ་ཞབས་ནས་འདྲེན་པའི་ཐགས་ཞགས་མིན།  །

རང་མཚང་ཁྲོམ་ལ་སྟོན་པའི་གཅེར་བུ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ལྟོ་འགྲང་དོན་དུ་གཉེར་བའི་སྒོ་ཁྱི་མིན།  །

སྣ་ཐགས་མི་ལ་ཤོར་བའི་གཡག་རྒན་མིན།  །

ཚུལ་མཆོས་དུལ་བར་རྒྱུ་བའི་ཆུ་སྐྱར་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།།  

ངོ་སྲུང་གཅམ་བུར་སྨྲ་བའི་ཞུམ་བུ་མིན།  །

གཞན་ཟེར་རྗེས་བརྗོད་མཁས་པའི་ནེ་ཙོ་མིན།  །

མངོན་ལྐོག་ལྕེ་གཉིས་རྐྱོང་བའི་སྦྲུལ་ནག་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རྙེད་བཀུར་ཤ་ལ་རྔམ་པའི་ཅེ་སྤྱང་མིན།  །

ལོག་མཚོའི་བེམ་རོ་ཟ་བའི་རྒོད་པོ་མིན།  །

གྲགས་སྐམ་སྨིག་རྒྱུར་སྙེགས་པའི་རི་དྭགས་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རང་སྐྱོན་གཞན་ལ་རྒོལ་བའི་བྱ་རོག་མིན།  །

གཞན་སྐྱོན་དོན་མེད་སྒྲོག་པའི་སྲིན་བྱ་མིན།  །

གཡོ་རྒྱུའི་ངུར་སྨྲིག་གྱོན་པའི་ངང་པ་མིན།   །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

གཏི་མུག་ཁུང་བུར་ཉལ་བའི་ཕག་པ་མིན།   །

ཁོང་ཁྲོའི་ས་རྒོད་སློག་པའི་དྲེད་མོ་མིན།  །

འདོད་ཡོན་ཁྲོམ་ན་རྩེ་བའི་སྤྲེ་འུ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

བླུན་པོའི་དབུས་ན་འགྱིང་པའི་སེང་ཆེན་མིན།  །

མཁས་པའི་མདུན་སར་ཞུམ་པའི་ཝ་སྐྱེས་མིན།  །

ནང་ཉམས་གོས་ཀྱིས་གཡོགས་པའི་མགྲིན་བཟང་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མ་རྟོགས་ས་ཆེན་བསྐོར་བའི་གླང་གདོང་མིན།  །

ལོག་རྟོག་གདོང་བཞི་ཚངས་པའི་མེས་པོ་མིན།  །

ཐེ་ཚོམ་མིག་སྟོང་བགྲད་པའི་ལྷ་དབང་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཡ་མཚན་གནམ་ནས་བབ་པའི་གདུང་སྲས་མིན།  །

ངོ་མཚར་ཤི་ནས་ལོག་པའི་སྐུ་སྐྱེ་མིན།  །

སྙན་གྲགས་ནོར་གྱིས་ཁྱབ་པའི་ཆོས་རྗེ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཟབ་ཆོས་དོང་ནས་འདོན་པའི་གཏེར་འབྱིན་མིན།  །

གྲུབ་རྟགས་རྡོ་ལ་འཇོག་པའི་རྣལ་འབྱོར་མིན།  །

ཅིས་ཀྱང་དགོས་མེད་རྟོགས་པའི་ཞིག་པོ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མ་འབད་ཡེ་སངས་རྒྱས་པའི་རྫོགས་ཆེན་མིན།  །

མི་བསྒོམས་ཐ་མལ་ཀློད་པའི་ཕྱག་ཆེན་མིན།  །

མི་བསམས་ཐུམ་མེར་སྡོད་པའི་དབུ་མ་མིན།  །

ཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རལ་པའི་ཟླ་ཚེས་གཙུག་ཏུ་ཁུར་བ་མིན།  །

གཏོ་ཆོག་བུམ་པ་མགྲིན་པར་གཟུང་བ་མིན།  །

སྦྱོར་སྒྲོལ་རྡོ་རྗེའི་མདུང་ཐུང་ཐོགས་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ལོག་བཤད་དུག་གི་མེ་ཏོག་བཀྲ་བ་མིན།  །

སྤོམ་བཤད་འཇའ་ཚོན་ལག་ཏུ་འཛིན་པ་མིན།  །

སྟོང་བཤད་ནམ་མཁའ་ཟས་སུ་ཟ་བ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

དད་གསུམ་ཆུ་ལ་རིས་མོ་བྲིས་པ་མིན།  །

ངེས་འབྱུང་རྡོ་ལ་ས་བོན་བཏབ་པ་མིན།  །

གཞན་ཕན་ཕུབ་རུལ་ཆུ་ཁར་འཕྱོ་བ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སྙིང་སྟོབས་རྫིང་བུའི་རྟག་ཆུ་ཆད་པ་མིན།  །

ལྷག་བསམ་གངས་རི་ཉི་མས་བཞུས་པ་མིན།  །

སྤྱི་སེམས་མེ་ཏོག་སད་ཀྱིས་བཅོམ་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཟབ་མྱུར་སྤོབས་པའི་སྣོ་སོ་བུད་པ་མིན།  །

གུས་རྟག་བརྩོན་པའི་སྡེར་བཞི་སྐམ་པ་མིན།  །

ལུང་རིགས་རྡོ་རྗེ་རྭ་རྩེ་ཞུམ་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སོ་ཐར་ཆུ་ཤིང་ཁོང་ནས་རུལ་བ་མིན།  །

བྱང་སེམས་ཤིང་སྐམ་ཡལ་ག་རེངས་པ་མིན།  །

གསང་ཆེན་ཏཱ་ལའི་མགོ་བོ་བཅད་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སྲོལ་རྒྱུན་རིག་པའི་དོལ་དུ་ཚུད་པ་མིན།  །

གསར་གཤད་ལྟ་བའི་གཡང་དུ་ལྷུང་བ་མིན།  །

གཉིས་མེད་སེང་གེ་གྲོང་མཐར་འཁྱམས་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མ་བསླབས་ཀུན་མཁྱེན་ས་རུ་ཕྱིན་པ་མིན།  །

མ་བརྟགས་མཁས་པའི་གྲལ་དུ་འཚངས་པ་མིན། །

མ་སྤངས་དུག་ལྔ་ལམ་དུ་ཁྱེར་བ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མཐོང་གྲོལ་ཅོད་པན་དབུ་ལ་གསོལ་བ་མིན།  །

རེག་གྲོལ་ཕྱག་གིས་དབང་བསྐུར་མཛད་པ་མིན།  །

ཐོས་གྲོལ་མན་ངག་ཞལ་ནས་གསུངས་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ས་རྡོ་བརྩེགས་པའི་བསྟན་པ་སྤེལ་བ་མིན།  །

གྲྭ་བཙུན་སྡེབ་པའི་ཚོགས་པ་སྐྱོངས་བ་མིན།   །

བན་བོན་འདྲེས་པའི་ལྟ་གྲུབ་འཛིན་པ་མིན།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མཐོང་ཚད་ལག་ཏུ་ལེན་པའི་ཉམས་ལེན་མེད།  །

ཐོས་ཚད་བདེན་པར་འཛིན་པའི་དག་སྣང་མེད།  །

ཤེས་ཚད་ཁོང་དུ་སྦས་པའི་རྣལ་འབྱོར་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མ་སྦྱངས་བྱིས་པའི་ཀློག་གི་འཆད་པ་མེད།  །

སྒོང་ང་བྲག་ལ་བརྡབ་པའི་རྩོད་པ་མེད།  །

ལུང་ཚིག་བྱེ་རི་སྤུངས་པའི་རྩོམ་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

རང་མཐོང་ཁྲོན་པས་མགུ་བའི་ཐོས་པ་མེད།  །

གོག་འགྲོས་རི་ལུང་ཉུལ་བའི་བསམ་པ་མེད།  །

ལོང་བའི་རྒྱལ་ཁམས་ལྟ་བའི་སྒོམ་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

བསྟན་སྲོག་གཅོད་པའི་གནད་ལ་མཁས་པ་མེད།  །

ལེགས་བཤད་སྨྲ་ངག་སྡོལ་ལ་བཙུན་པ་མེད།  །

རྒོལ་ངན་ཡལ་བར་འདོར་བའི་བཟང་སྤྱོད་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སྔོན་མེད་ཟབ་དོན་གཟིགས་པའི་མཁྱེན་པ་མེད།  །

དམ་སྡོམ་བག་ཡངས་གནང་བའི་བརྩེ་བ་མེད།  །

གསོད་དང་སྲི་འུ་གསོ་བའི་ནུས་མཐུ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མི་མགོའི་ལྷུང་བཟེད་ཕྱག་ཏུ་འཛིན་པ་མེད།  །

མི་རྐང་གླིང་བུས་མི་སྙན་སྒྲོག་པ་མེད།  །

མི་ལྤགས་གཡང་གཞི་དགྲ་ལ་གཡོབ་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཞབས་ཟུང་སེང་ཁྲིའི་བཏེགས་པའི་གཟི་བརྗིད་མེད།  །

དབུ་འཕངས་མིང་གིས་བསྟོད་པའི་ཆོ་ལོ་མེད།  །

བཀའ་བཙན་ཐམ་ཀས་གནོན་པའི་དབང་ཐང་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

མ་བསྒྲུབས་ལྷ་བརྒྱའི་ཞལ་གཟིགས་ལུང་བསྟན་མེད།  །

ཐོལ་བྱུང་ཀློང་བརྡོལ་རྟོགས་པའི་ཉམས་དབྱངས་མེད།  །

དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སྔོན་རབས་དམ་པའི་ཕྱག་རྗེས་བསུབ་པ་མེད།  །

ཕྱི་རབས་མཁས་པའི་བཀའ་དྲིན་བརྗེད་པ་མེད།  །

སྔ་ཕྱི་གཞུང་བཤད་གཅིག་ཏུ་བསྲེས་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཡོད་མེད་ཕྱོགས་རེར་ཞེན་པའི་ལྟ་བ་མེད།  །

དམིགས་གཏད་མཚན་མར་འཛིན་པའི་སྒོམ་པ་མེད།  །

གང་ཤར་གཏད་སོ་བྲལ་བའི་སྤྱོད་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

ཆོས་འདུལ་གཙང་མའི་ཁྲིམས་ཀྱིས་བཏང་བ་མེད།  །

བྱང་ཆུབ་སེམས་ཀྱི་གྲོགས་དང་བྲལ་བ་མེད།  །

འོད་གསལ་ཕྱག་རྒྱ་ཆེ་ལས་གཡོས་པ་མེད།  །

མཚུངས་མེད་མཁས་པ་ཁྱོད་ལ་བསྟོད་པར་བགྱི།  །

སྐུ་ལ་རྣམ་གསུམ་ཆོས་གོས་གཙང་མའི་བཀླུབས།   །

གསུང་གིས་སྡེ་སྣོད་གསུམ་གྱི་ཆོས་སྒྲ་སྒྲོག  །

ཐུགས་ནི་བསླབ་གསུམ་ནོར་བུའི་མཛོད་ཀྱིས་གཏམས།  །

རྣམ་འདྲེན་ཁྱོད་ཉིད་ས་སྟེང་མཛེས་པའི་རྒྱན། །

ཕྱོགས་བཅུ་དུས་གསུམ་རྒྱལ་བ་མ་ལུས་པའི།  །

བཤད་དང་སྒྲུབ་པའི་རྒྱལ་ཚབ་ཁྱོད་ཉིད་དེ།  །

གཞན་དག་བྱ་བ་ལས་ཀྱི་འཁོར་ལོ་ལ།  །

མགོ་བོ་འཁོར་བའི་མིང་གི་བསྟན་འཛིན་ཙམ།  །

མཁྱེན་རབ་ཡེ་ཤེས་མེ་ལོང་གཙང་མའི་ངོར།  །

རབ་འབྱམས་འཁོར་འདས་ཤེས་བྱའི་གཟུགས་བརྙན་ཀུན།   །

མ་འདྲེས་ཡོངས་རྫོགས་གསལ་བར་འཆར་བས་ན།  །

འཇམ་པའི་རྡོ་རྗེ་ཁྱོད་ལས་གཞན་ཡོད་མིན།  །

གནས་གསུམ་གཞལ་བྱའི་དེ་ཉིད་འབྱེད་པ་ལ།  །

ཚོགས་དབུས་མི་འཇིག་སེང་གེའི་སྒྲ་སྒྲོག་པ།   །

སྔོན་ཆད་སྟོན་པའི་རྣམ་ཐར་ཐོས་པ་ཙམ།  །

ད་ལྟ་ཆུ་བུར་མིག་གིི་མངོན་སུམ་མཐོང་།  །

གནའ་དུས་མཁས་མང་ལྗོན་པའི་ཚལ་ན་ཡང་།  །

དཔག་བསམ་ཡོངས་འདུ་ཁྱོད་འདྲ་རྙེད་མིན་ན།  །

ཕྱི་ནས་མི་མཁས་ཆུ་ཤིང་སྡོང་པོའི་ཕྲེང་།  །

ཚར་དུ་མངར་བའི་གསེབ་ཏུ་དེ་བས་དཀོན།  །

སྲིད་པའི་ཕུན་ཚོགས་གློག་གི་ཞགས་པ་ཡིས།  །

འཆིང་བར་མ་ནུས་དབེན་གསུམ་རྒྱལ་ས་ཆེར།  །

བྱམས་དང་སྙིང་རྗེའི་སྲིད་ལ་དབང་བསྒྱུར་བའི།  །

དོན་བརྒྱུད་གྲུབ་པའི་ཕ་ཤུལ་ཁྱོད་ཀྱིས་ཟིན།  །

ཁྱད་པར་ཐུབ་གཞུང་ཡངས་པའི་ནོར་འཛིན་ཁྱོན།  །

གསལ་གསལ་རྗེན་པར་སྟོན་པའི་རིག་རྣོན་འཁྲུལ།  །

བསྡུ༷ས་རི༷གས་གས༷ལ་བ༷འི་ཉི༷ན་བྱེ༷ད་ཤར་བའི་ཚེ།  །

སྒྲོས་ངན་འབྱུང་བྱའི་མིག་ལ་མུན་པ་བྱིན།  །

ཕྱོགས་གླང་གྲགས་པའི་ཚད་མའི་ཁང་བཟང་རྩེར།  །

རྟོག་བཏགས་བདུད་ཀྱི་རྒྱལ་མཚན་བསྙེལ་བའི་མཚོན།  །

དབྱ༷ངས་ཅ༷ན་མགྲི༷ན་གླུ༷་སྙན་པའི་བ་དན་ཆེ།  །

མི་ནུབ་སྲིད་པའི་རྩེ་མོར་གྱེན་དུ་བསྒྲེང་།  །

ཀླུ་སྒྲུབ་ལུགས་བཟང་ཐལ་འགྱུར་དབུ༷་མ༷འི་མཁར།  །

རྣམ་དཔྱོད་མགྲན་ཟླ་མེད་པའི་སྤྲིན་རུམ་ནས།  །

ལུ༷ང་དང་རི༷གས་པའི་འབྲུ༷ག་སྒྲ༷་ལན་གཅིག་གིས།  །

མཐར་འཛིན་ལྟ་བའི་རྨོང་གཉིད་ཕ་མཐར་བསྐྲད།  །

མཁས་པའི་གཞུང་བཟང་གསེར་གྱི་ས་གཞི་སྟེང་།  །

སྨྲ་བ་ངན་པའི་བྲག་རྡོ་བརྩེགས་པ་ཀུན།  །

ཕྱེ་མར་འཐག་པའི་སྔོན་མེད་བསྟན་བཅོས་ཆེ།  །

རི༷གས་ལ༷མ་གན༷མ་ལྕ༷གས་ཐོ༷ག་གི་མད༷འ་མོ་ཕབ།  །

འཕགས་པའི་ཡུལ་གྱི་གྲུ༷བ་མཐ༷འ་རྣམ་པ་བཞི།  །

རང་རང་བཞེད་པའི་ལམ་སྲོལ་གཙང་མ་ལ།  །

ཆོས་མཐུན་རྒོལ་བའི་མཚོན་གྱིས་མི་ཚུགས་པའི།  །

ལུས་སྲུང་མི༷་ཤི༷གས་རྡོ༷་རྗེ༷འི་གོ་ཆ་གནང་།  །

འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་ནོར།  །

ཆོ༷ས་ཀྱི༷་གྲ༷གས་པ༷འི་རྣམ་འགྲེལ་དགོ༷ངས་པའི་རྒྱ༷ན།  །

གཞུང་འགྲེལ་རྩིབས་སྟོང་འབར་བའི་འཁོར་ལོ་ཡིས།  །

ངན་རྟོག་འབུམ་གྱི་མགོ་བོ་དུས་གཅིག་བཅད།  །

རྒྱལ་ཡུམ་ཤེས་རབ་ཕར་ཕྱིན་སྦས་པའི་དོན།  །

རྗེ༷་བཙུ༷ན་བྱ༷མས་པ༷འི་དགོ༷ངས་རྒྱ༷ན་ས་འོག་གཏེར།  །

ཕར་ཕྱིན་ལུགས་བཟང་འཕྲུལ་གྱི་ལྡེ་མིག་ལས།  །

བློ་གསལ་བྱེ་བའི་མགུལ་རྒྱན་དེང་འདིར་རྙེད།  །

ཤར་ནུབ་མཁས་པའི་བཞེད་སྲོལ་ཟ་འོག་རིས།  །

མ་འདྲེས་རྣམ་པར་བཀྲ་བའི་གུར་ཁྱིམ་ནས།  །

དྲི་ཟའི་དབྱངས་བདུན་རྫོགས་པའི་སྙན་ཚིག་ཀླུས།  །

ཟླ་བཞིན་མཛེས་མའི་ལང་ཚོ་བདག་གིར་མཛད།  །

གཞན་ཡང་དབུས་འགྱུར་ཞིང་དང་བསིལ་ལྡན་འདིར།  །

བསྟན་པའི་སྦྱིན་བདག་བསྟན་འཛིན་འདུས་པའི་སྡེ།  །

བསྟན་གཞི་ཆོས་སྡེ་སྤྱི་དང་བྱེ་བྲག་ལ།  །

ལོ་རྒྱུས་ཚད་མའི་དྲང་ཐིག་འཁྱོགས་པ་མེད།  །

མདོར་ན་ཐོས་བསམ་རྒྱ་མཚོའི་ཕ་རོལ་ཕྱིན།  །

མན་ངག་ཡིད་བཞིན་ནོར་བུའི་ཐུགས་རྒྱུད་ཕྱུག  །

བསྟན་འགྲོར་སྨན་པའི་མཛད་པ་འབྱམས་སུ་ཀླས།  །

འདི་ནིི་ཁྱོད་ཀྱི་རྣམ་པར་ཐར་པའི་སྡོམ།  །

སྙིགས་མའི་ཡང་མཐའ་རྒུད་པའི་སྨག་རུམ་འདིར།  །

མཁས་རློམ་ས་འཛིན་བྱེ་བའི་ཕྲག་པ་ནས།  །

འཆད་རྩོད་རྩོམ་པའི་འོད་ཟེར་སྟོང་འགྱེད་པའི།  །

དམ་པ་ཉི་མ་གང་དེར་འདི་སྐད་གསོལ།  །

བཀའ་ཕྱག་གདམས་པའི་སྲོལ་འཛིན་བཀའ་བརྒྱུད་པར།  །

ལྟ་སྤྱོད་ངན་པའི་དྲི་མ་བསྒོ་འདོད་པའི།  །

དགྲ་བོ་བུ་རུ་རྫུ་བའི་དགེ་སྦྱོང་གཟུགས།  །

བསྟན་པའི་ལྕགས་རི་ནང་ནས་དབྱུང་བར་འཚལ།  །

ཐུབ་བསྟན་ཉིན་བྱེད་ལྟ་བའི་མིག་ལྡོངས་ཀྱང་།  །

ཟོག་རྫུན་སྤུ་རུ་གཙུག་ཏུ་ཁུར་བཞིན་དུ།  །

ལོག་བཤད་ཧུཾ་སྒྲ་རྒྱུད་མར་སྒྲོག་པ་ཡང་།  །

སུན་འབྱིན་གསང་སྔགས་ཞགས་པས་འཆིང་བར་རིགས།  །

བཀའ་གདམས་རིགས་བཟང་ལས་སྐྱེས་བྲམ་ཟེའི་བུ།  །

གདུལ་པ་གཡུང་པོའི་ཁྲོད་དུ་འཁྱམས་པ་རྣམས།  །

སྐལ་ངན་འཁྲུལ་སྣང་འཇོམས་པའི་ཐབས་མཁས་ཀྱིས།  །

རང་རིགས་གཙང་མའི་རང་ངོ་འཕྲོད་པར་མཛོད།  །

མཁས་བྱའི་རྒྱ་མཚོ་ཧུབ་ཀྱིས་འཐུང་འདོད་ཀྱང་།  །

རྣམ་དཔྱོད་རྒྱ་ཁབ་ཕྲ་མོའི་བུག་པ་རུ།  །

འདྲེན་པར་མ་ནུས་ངལ་བའི་ཉམས་ཐག་ལུས།  །

བྱིན་རླབས་བདུད་རྩི་སྨན་གྱིས་གསོ་བར་ཞུ།  །

བླུན་རྨོངས་ཟ་བྱེད་རྟ་གདོང་འབར་བའི་ལྕེས།  །

ལུང་རྟོགས་ཆོས་ཚུལ་དལ་འབབ་གང་གཱའི་རྒྱུན།  །

ཀུ་ཤའི་རྩེ་མོའི་ཐིགས་པར་བསྒྱུར་བ་འདི།  །

ཡལ་བར་མ་འདོར་བླ་མ་འཇམ་དཔལ་དབྱངས།  །

ད་ལྟ་དམ་ཆོས་སྨྲ་བའི་འདུན་ས་རུ། །

ཁྱོད་དང་མཚུངས་པ་སྲིད་ན་མ་འཆིས་པས།  །

སྐྱོབས་པ་འཇིག་རྟེན་ཡོངས་ཀྱི་རྣམ་འདྲེན་ཁྱོད།  །

སྲིད་ཞི་མཛེས་པའི་ཏོག་ཏུ་བརྟན་གྱུར་ཅིག  །

ཐུབ་བསྟན་བྱི་དོར་བགྱིས་པའི་མཛད་ཕྲིན་ལ།  །

བར་གཅོད་བདུད་ཀྱི་འཚེ་བའི་བསམ་སྦྱོར་ཀུན།  །

ཞི་བའི་སྤྲིངས་ཡིག་ཞིང་ཀུན་ཁྱབ་པའི་དབྱངས།  །

བདེན་ཚིག་གྲུབ་པའི་དྲང་སྲོང་མཆོག་དེས་སྒྲོགས།  །

 

ཞེས་སྡོམ་བརྩོན་སྡེ་སྣོད་རྒྱ་མཚོའི་ཕྲེང་བ་འཛིན་པ་འཇམ་དབྱངས་བླ་མ་ས་གསུམ་གྱི་བསྟན་པའི་སྒྲོན་མེ་བཀའ་བརྒྱུད་པའི་མཁན་ཆེན་བསྟན་པ་རབ་རྒྱས་ལ་བསྟོད་པའི་ཚིག་ལེའུར་བྱས་པ་དྲི་བྲལ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ཉིད་མདོ་ཁམས་བྱེ་མ་ཐང་གི་སློབ་གྲྭ་བ་བློ་གྲོས་དཔལ་ལྡན་ནས་ཐུབ་དབང་གཉིས་པ་རྗེ་ཙོང་ཁ་པའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བའི་ཚིག་སྦྱོར་གྱི་མགྲོས་དང་མཐུན་པར་རབ་གནས་ཤིང་སྤྲེལ་ལོའི་ཟླ་བ་ ༨ ཚེས་ ༡༣  དགེ་བར་སྤྱིད་ཤོད་ཉི་འོད་གྲོང་ཁྱེར་ལྷ་ལྡན་དུ་སྦྱར་བ་དགེའོ།།  །།

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།