མུན་པ་མུན་པ་ཡིན་པ་ཤེས་པའི་མཚན་མོ་རེ་རེ།
ན་ཟུག ངུ་འབོད། འུར་སྒྲ། སྨྲེང་གླུ།
མདོར་ན་སྡུག་ཡོད་ཚད་སྒོམས་ཏེ།
འཇིག་རྟེན་གྱི་གསང་བའི་ལྕགས་སྒྲོགས་གཏོར་འདོད།
ན་ཟུག་རེ་རེའི་དཀྱིལ་ནས།
རུས་པའི་ལྷུ་ལག་གཏོར་རྗེས།
ད་གཟོད་ང་འཇིག་རྟེན་གཞན་ཞིག་ཏུ་སླེབས་པའི་ཚོར་སྣང་བྱུང་།
ཁ་མི་གྲགས་པའི་གསང་བ་རེ།
སྙིང་གི་གས་སྲུབས་ནས་འཚང་ཞིང་།
ང་སྔོན་དུ་འགྲོ། ཁྱོད་རྗེས་སུ་ཤོག་ཟེར།
འདི་ཡང་རང་དབང་དང་འབྲེལ་བའི་གསང་བ་ཞིག་ལོས་ཡིན།
ཞི་བདེ། ལྷིང་འཇགས།
བག་ཕེབས། སྤྲོ་སྣང་། བདེ་སྐྱིད།
དོན་དུ་ཚིག་སྙན་པོ་དག་དག་བང་སྒྲིག་པའི་སྤྱི་ཚོགས་སུ།
ངས་སྙིང་གསོན་པོ་ཞིག་སྦྱིན་པ་གཏང་རྗེས།
ང་འདི་ནས་བྲལ་འགྲོ།
21/10/2018