༸གོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་ཁུར་དང་། འཚེ་མེད་ཞི་བདེའི་མཛད་སྤྱོད། རྟེན་འབྱུང་གི་ལྟ་བ་དག་ལས་བྱུང་བ་ནི་ཀུན་ཁྱབ་ཀྱི་བྱམས་བརྩེ། ཆོས་ལུགས་ཕན་ཚུན་མཐུན་ལམ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་བཅས་རེེད།
༡ མཛད་ཆེན་དེ་དག་ལས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ནང་ཚན་ཆོལ་གསུམ་གོང་བུ་ཆིག་སྒྲིལ་གནང་ཚུལ་ལས་འཕྲོས་ཏེ་ཅུང་ཞུ་ན། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་དོན་གྱི་བདག་པོ་མཆོག་དགུང་ལོ་བཅུ་དྲུག་བཞེངས་པ་ཕྱི་ལོ་(༡༩༥༠/༡༡/༡༧)ལོར་རྒྱལ་སྲིད་ཆོས་སྲིད་ཀྱི་མཛད་འགན་བཞེས་ནས་རིང་པོར་མ་སོང་བར་ལེགས་བཅོས་ལས་ཁུངས་བཙུགས་ནས་བོད་ཆོལ་གསུམ་གོང་བུ་གཅིག་གྱུར་དང་། ཆོས་ལུགས་མཐུན་འབྲེལ། ཉམས་ཐག་པའི་འབངས་མི་དག་གི་དཀའ་ངལ་ཞི་ཐབས་ལ་འབད་པ་བྱས་ཀྱང་ཕྱིས་རྒྱ་དམར་གྱིས་བཙན་གནོན་དང་ནང་སྐུ་དྲག་ཚོས་གཡོ་ཐབས་འོག་ཐུགས་རེ་བཞིན་མ་འགྲུབ། དེ་ནས་ཕྱི་ལོ་༥༩ས་ཕག་དུས་འགྱུར་ནང་བཙན་བྱོལ་དུ་ཕེབས་ནས། མི་རིང་བར་ལོ་དེའི་ཟླ་བ་༡༢ ཚེས་༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་གསུམ་ཆོས་བརྒྱུད་རིས་མེད་ཀྱིས་མ་སྐུལ་དང་བླངས་ངང་༸གོང་ས་མཆོག་ལ་ཞབས་བརྟན་བརྟན་བཞུགས་དང་ཆབས་ཅིག་མནའ་གན་མཐུ་བོ་ཆེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཕུལ་གནང་བ་རེད།