རིག་འཛིན་འཇིག་མེད་གླིང་པ། །
གནམ་གྱི་ཟླ་དཀར་རེད་”པས”། །
འཇའ་སྤྲིན་པདྨའི་གདན་ལ། །
བཞུགས་ནས་ཡུན་རིང་ཕྱིན་སོང་། །
ཟན་དཀར་ཁྲུང་ཁྲུང་གཤོག་པ། །
ད་ཆ་གང་ལ་འཕུར་ཡིན། །
ལས་སྨོན་རྟེན་འབྲེལ་ཡོད་ན། །
མཇལ་ཁ་གནང་ཞུས་བསམ་བྱུང་། །
ལྕང་ལོའི་གསེང་ལ་བསྡམས་པའི། །
པོ་ཏི་གཅིག་རང་གཅིག་ཏེ། །
སྦྲུལ་འགོའི་ནོར་བུ་མ་ཡིན། །
སྙིང་གི་ཐིག་ལེ་ཡིན་ཤག །
འོ་དེ་ང་ལ་ཡོད་ཡོད། །
མགྲིན་པའི་གཡུ་རྙིང་འདྲ་འདྲ། །
སྣང་བ་འགྲོ་སོང་ཟེར་མཁན། །
ལམ་འགྲོ་སྟོང་དང་ཁྲི་རེད། །
འཕྱོང་རྒྱས་མཁའ་འགྲོའི་པང་གདན། །
ནོར་བུའི་ཞིང་ས་ཡིན་འགྲོ། །
ཤེས་རབ་པདྨ་འཛིན་པའི། །
ཁྱེད་ཀྱི་ཞལ་རས་འཁྲུངས་བྱུང་། །
ཡར་ཀླུང་ཨ་ཆེའི་པང་གདན། །
འཇའ་ཚོན་བྱེ་བ་ཕྲག་བརྒྱ། །
ལྷ་མོའི་བླ་མཚོའི་མཁའ་ལ། །
ཤར་བ་མི་ཚོས་མཐོང་བྱུང་། །
ཟླ་གཞོན་པད་དཀར་ལྟ་བུའི། །
ནམ་མཁའི་ལྷ་མོ་བཀུགས་ན། །
དྲི་ཟའི་དབྱངས་དང་སྒེག་མཉམ། །
ངོ་གནོང་དགོས་པ་གནང་ཤག །
ཚེ་རིང་ལྗོངས་ནས་བཞུགས་དུས། །
སིམ་སིམ་སྟོན་ཀའི་ཟླ་བ། །
ལྷོ་མོན་འབྲུག་ལ་ཕེབས་དུས། །
དཔྱིད་ཀྱི་ཁུ་བྱུག་གཞོན་ནུ། །
གླང་ཆེན་དཔལ་གྱི་སེངྒེས།
མཉེས་པོ་གནང་དགོས་བྱུང་བ། །
རྟ་མགྲིན་བཞད་པའི་སྒྲ་ཡང་། །
དཀྱིལ་འཁོར་གཅིག་ནས་གསན་བྱུང་། །
རིག་འཛིན་འཇིག་མེད་གླིང་པ། །
གངས་རིའི་རྩེ་ལ་བཞུགས་སམ། །
གཞན་ཡང་་ཁ་འབབ་རླབས་འཕྲེང་། །
ཆིབས་ནས་གང་ལ་ཕེབས་སམ། །
གངས་ཁྲོད་བཙན་ས་ཟིན་པའི། །
ཇོ་ཇོ་ཀློང་ཆེན་རབ་འབྱམས། །
ཁྱེད་རང་ཨ་ན་མ་ན། །
ཡི་གེ་རྐྱང་རྐྱང་འབྲིི་རེད། །
འཕྱོང་རྒྱས་ཟླ་དཀར་ལྷ་མོ། །
སྟོན་དུས་ས་ལ་བབས་པས། །
ནམ་མཁའི་སྤྲིན་པའི་སྟེང་ལ། །
ཁྱེད་གཉིས་བཞུགས་ན་བསམ་བྱུང་། །
ཅོལ་ཆུང་ང་ཚོའི་སྣང་བ། །
མཁའ་འདྲའི་ཞིང་ཁམས་ལོས་ཡིན། །
ཇོ་ཇོའི་རས་ཟན་གྱོན་སྟེ། །
ཐ་ན་སྙན་ངག་འབྲི་བསམ། །
②ལྷ་སའི་སྐད་དོད་དུ་<<པས་>>ནི་དྲི་བ་ལ་འཇུག་སྟེ་<<དམ>> ཞེས་པའི་དོན་ནོ།
2018/2/2/ལའོ།