མདོ་སྔགས་ཉི་ཟླ་ཟུང་གཅིག།
འཆད་ཉན་གཟི་འོད་འབར་བའི།།
མོན་ཡུལ་དགོན་རྩེ་དགོན་པ།།
སྐབས་གསུམ་གཉིས་པའི་ཞིང་རེད།།
ཞིང་མཆོག་དེ་གའི་ཕྱོགས་སུ།།
རྐང་གཉིས་སོར་འདབ་སྒུལ་གྱིན།།
མ་བཅོས་མཛའ་བའི་དཔལ་ལས།།
འཛུམ་ཆུང་འཛུམ་ཁ་གྲོལ་ཡིན།།
ངུར་བའི་མདངས་ཀྱིས་མཛེས་ཤིང་།།
རྣམ་རིག་གེ་སར་རྒོད་པའི།།
སློབ་ཕྲུག་ཆུ་སྐྱེས་གཞོན་ནུའི།།
མིག་འདབ་ང་ལ་ཕྱོགས་བྱུང་།།
བདག་ཡིད་ཀུན་གསལ་དབྱིངས་ནས།།
བྱམས་བརྩེ་ཟླ་བ་ཚེས་ཏེ།།
གཞན་ཕན་པིར་གྱི་རྩེ་མོས།།
འཆད་ཁྲིད་འོད་སྣང་སྤྲོས་ཡོད།།
འོད་ཀྱི་ཟེགས་མ་རེ་རེ།།
ཀུ་མུད་ལུས་ལ་ཐིམས་ཤིང་།།
ཤེས་རབ་ཟེའུ་འབྲུ་གསར་པ།།
འདབ་མའི་པང་ལ་འཁྲུངས་སོང་།།
ཡིད་འོང་ཆུ་སྐྱེས་འདབ་མར།།
མཚར་སྡུག་ཟེའུ་འབྲུ་སྨིན་དུས།།
ཁོ་བོ་གཡུ་སྦྲང་གཞོན་ནུས།།
དགའ་སྤྲོའི་གཤོག་འགྱུར་ངམ་ཡིན།།
རྟེན་འབྲེལ་གནམ་བསྐོས་གོང་མའི།།
ལག་ཟུང་སྟངས་སྟབས་འོག་ནས།།
ང་དང་ཁྱོད་ཀྱི་གོམ་ཁ།།
ལྷོ་དང་བྱང་དུ་བཅད་སོང་།།
ལྡོམ་པོ་ང་རང་ཆས་ཁར།།
ཚིག་གསུམ་སོར་མོ་སྒུལ་ཏེ།།
སྙིང་གཏམ་པི་ཝང་རྡུང་བཞིན།།
གུས་ཕྱག་ལན་གསུམ་འཚལ་ཡོད།།
ལྷད་མེད་དུང་བའི་ཤུགས་ཀྱིས།།
གདུང་བ་ངུ་དབྱངས་སྦྲེལ་ཏེ།།
ཁྱེད་ཅག་མཁུར་ཚོས་དམར་པོ།།
མིག་ཆུ་དྭངས་མས་བཀྲུས་སོང་།།
དྭངས་བའི་མིག་ཆུ་དེ་ཡིས།།
བདག་ཀྱང་ལུས་སེམས་གཉིས་ཀ།
དལ་བ་དལ་བུར་སྦང་ནས།།
ཉི་ཟེར་སྒུག་དགོས་ཁེལ་སོང་།།
ཕར་སེམས་བྱམས་ཀྱིས་སྐྱོང་སྟེ།།
ཚུར་ཡོང་དུངས་བ་དཀར་བས།།
མཛའ་མཐུན་གསེར་གྱི་པ་ཏྲ།།
དཔྲལ་བའི་མཐོངས་ན་མཛེས་སོང་།།
ཅང་མེད་ང་གཞན་ཆས་ཀྱང་།།
ཁྱེད་ཅག་མིག་ཆུ་ཕྱི་ཞོར།།
ཚིག་གསུམ་སྡོམ་ཚིག་བཀོད་པའི།།
སྙིང་གཏམ་གནས་ལ་འབད་རོགས།
དགེ་སློབ་དམ་ཚིག་གཙང་མ།།
འོད་ཀྱི་ཕུང་པོའི་རང་གཟུགས།།
སྙིང་གི་གསང་ལ་སྦྲུམ་པ།།
མི་ཤིགས་རྡོ་རྗེའི་ལུས་ཡིན།།
སླད་དུས་ལྕོགས་མཚམས་ཤིག་ནས།།
ལྷན་འཛོམས་དགོད་སྒྲ་སྙན་མོ།།
རྣ་བའི་དྲུང་དུ་འབྱོར་བར།།
སྨོན་ཚིག་དར་དཀར་འབུལ་ལོ།།
༢༠༡༨ ། ༥ ། ༡༥ ཉིན་གུས་ཐུབ་བསྟན་དངོས་གྲུབ་ཀྱིས་མོན་ཡུལ་འབུམ་སྡེ་ལ་ནས་བྲིས།