Friday, March 6, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

གླིང་ཚང་འཕྲིན་ལས་མཐར་ཕྱིན།

གླིང་ཚང་ཕྲིན་ལས་མཐར་ཕྱིན།

October 14, 2021
in སྙན་ངག
0

སུམ་རྩེན་ལྷ་ཡི་ཕོ་བྲང་དེ་ནས་སྤྲིན་གྱི་བང་རིམ་ཆིབས་སུ་བཅིབས་པའི་རབ་མཛེས་ཁྱེའུ་དམ་པ་ཞིག།

སྒྱུ་མ་ལྷ་མཛེས་ཁོག་པ་བརྒྱངས་ཏེ་ལྷུམས་ཀྱི་ཕུག་པར་བཙན་འཛུལ་བྱས་པའི་ཟས་གཙང་རྒྱལ་པོའི་སྙིང་ནོར་ཞིག།

རྩོད་ལྡན་དུས་ཀྱི་འཚུབ་ལོང་ཁྲོད་དུ་རྐང་གཉིས་མི་ཡི་གཟུགས་སུ་བརྫུས་པའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་དཔལ།།

ཁྱེད་རང་ཕེབས་པ་ཐོག་མ་ཡིན་པས་རི་བོ་གཡོ་ཞིང་ས་གཞི་འདར་ཏེ་སྙན་པའི་སྒྲ་ཡང་གྲག་པར་གྱུར།།

 

ལྡེམ་ལྡེམ་འཇོ་སྒེག་སྟངས་སྟབས་ཡག་པའི་ཡིད་འོང་བུ་མོ་སྟོང་ཕྲག་བརྒྱད་ཅུའི་མེ་ཏོག་ཁྲ་ཚོམ་ཞལ་ཁ་བཞད།།

རི་བོའི་ཞོལ་དུ་རི་ལྟར་བརྩིགས་པའི་ཕུན་ཚོགས་ནོར་གྱི་བང་མཛོད་མཐོང་ན་གདེང་ཅན་ཀླུ་ཡང་སྐྱེངས་ལ་ལ།།

རྒྱལ་སྲིད་མངའ་ཐང་ཉི་མ་བཞིན་དུ་འོད་ཟེར་ཆེམ་ཆེམ་མཁའ་རུ་འཆར་དུས་ཧམ་རྔམ་ལྡན་པས་འགྲམ་ཆུ་ལྡང་།།

སྟོབས་འབྱོར་སྣུམ་པོའི་དར་ཟབ་དཀྱིལ་ན་དཔའ་རྩལ་རྫོགས་པའི་བུ་རྒོད་ཅིག་གིས་ཨ་ཕའི་སེམས་རྩ་གསོས་ནས་ཡོད།།

 

མུན་པ་སྟུག་པའི་མཚན་གུང་ཤེད་ལ་མི་ཞིག་གནམ་གྱིས་བརྐུས་པར་མོལ་བའི་འུད་ཀྱིས་གྲོང་དང་གྲོང་ཁྱེར་བཀང་།།

ཟས་གཙང་ཚང་གི་གོ་ཁའི་འཁྲིས་སུ་ཆོ་ངེ་བཏབ་པའི་མཛེས་མ་དག་གིས་ལག་པས་བྲང་ལ་ཉིས་རྡུང་བྱས།།

དབུགས་རིང་རེ་རེ་ཤུགས་ཀྱིས་འཐེན་ཏེ་རྒྱང་རིང་ཡུལ་ལ་ཧད་ཅིང་ལྟ་བའི་བགྲེས་སོང་ཕ་རྒན་མཆིལ་མས་བརྣངས།།

མཛའ་བཤེས་ཡོད་ཚད་རླུང་ལ་བསྐུར་ཏེ་བས་མཐའི་རི་ཁྲོད་ཕང་བར་བཞེས་པ་བསམས་ན་བྲོས་སྟངས་རླབས་ཆེན་རེད།།

 

གཅོང་རོང་འཁོར་བའི་གཟེབ་ལ་བལྟས་ཤིང་སྣང་བ་བན་བུན་དགྲ་རུ་མཐོང་སྟེ་ཕྱིར་བལྟས་མེད་པར་བྲོས་སམ་ཅི།།

མེ་མ་མུར་གྱི་འོབས་སུ་ལྕེབས་པའི་དམུས་ལོང་སྐྱེ་རྒུའི་ཟུག་རྔུར་གཞིགས་ནས་གནག་སྣུམ་ལན་བུ་གཏུབས་ལགས་སམ།།

རེ་བའི་བརྐམ་ཆགས་གཏིང་མཐའ་བྲལ་བ་འགེངས་སུ་མེད་པའི་ཞབས་རྡོལ་ཡིན་པར་གསང་བའི་བརྡ་ཞིག་བསྟན་ལགས་སམ།།

ཅིས་ཀྱང་དབེན་པ་ནགས་ཁྲོད་དེ་ན་ཁྱེད་དང་ང་ཡི་མངོན་འདོད་ཡིན་པའི་ཡང་སྙིང་ལོངས་སྤྱོད་ཅི་ཞིག་བདོག །

 

དཔའ་དང་དཔུང་གིས་དབུལ་བར་ཤེས་ཏེ་བཀྲག་མདངས་ཤོར་བའི་འཚོ་བ་སྐྱ་བོས་ལུས་ཀྱི་ཟོ་བཅུད་བསམ་བཞིན་བཅོམ།།

མདུན་ནས་བཞུར་བའི་ཆུ་ཆུང་དེས་ཀྱང་སྐམ་ཞིང་རིད་པའི་ངང་ཚུལ་མཐོང་བས་ཀི་ཅོ་ཆེན་པོས་ཐུབ་ཚོད་བཏང་།།

ཕྱོགས་འགྲོ་འགྲུལ་པས་རྒྱང་ལྟ་བྱེད་ཀྱིན་ཆུ་ཚོད་སྐར་མས་བགོ་བཤའ་བྱས་པའི་འཁོར་འགྲོས་དུས་ཀྱི་ཚེ་སྲོག་བྱིན།།

ངན་ངོན་ཟས་གོས་འཚོ་རྟེན་བྱས་ཏེ་དཀའ་སྡུག་རུས་པའི་གསེང་ནས་མངོན་དུས་ད་གཟོད་ཁེ་དང་རྒྱལ་ཁ་ཞིག།

 

གནམ་ངོ་༼རུབ་རུབས་པའི་སྲོད་ཀྱི་དུས་དེར་བདུད་ཀྱི་མཛེས་མས་གྲོས་ར་འཚོགས་ཏེ་དམག་རྒྱག་གྲ་སྒྲིག་ཨང་གསར་བྱས།།

གནས་ཚང་གཡར་སའི་སྡོང་རྒན་དེ་ནི་སྔངས་ཤིང་འདར་བའི་བྲེད་ཤ་ལངས་ཏེ་གྱོན་པའི་ལོ་འདབ་ས་རུ་གཏོར།།

རལ་པ་ནར་མོ་ཐོད་དུ་བཅིངས་པའི་མུ་སྟེགས་རྒན་པོས་ཟུར་མིག་ཀློང་ནས་དེ་རིང་ཅི་ཞིག་ཕམ་པར་བསྒུགས།།

མདའ་དང་མདེའུས་ཆར་ཆེན་འབེབས་དུས་ཞི་བའི་ཉམས་ལ་འཛུམ་རིས་འཁྱིལ་བ་ཅི་འདྲའི་གདེངས་ཚོད་ཆེ་ལུགས་ཤིག།

 

ཕས་རྒོལ་དགྲ་བོའི་དམག་སྒར་དཀྱིལ་ནས་ཨ་ཡོད་ད་ཡོད་འབྲུག་ལྟར་ལྡིར་བའི་དམག་པོ་དྲུག་པོ་ཧྲིལ་གྱིས་བསད།།

དྲག་པོའི་དམག་གིས་གཏོར་བཤིག་ཐེབས་དུས་འཁོར་བའི་གྲོང་ནས་འོ་དོད་འདོན་མཁན་དམག་མི་ནུས་མེད་ཁ་ཤས་རེད།།

ང་དང་ང་འདྲའི་འཁོས་ཆུང་རེ་ལ་བརྙས་དང་བྲན་ཏུ་བཀོལ་བ་སྙམ་ན་བྱམས་བརྩེའི་ཚོན་ཆ་ཐོགས་པ་དེ།།

ཉམ་ཐག་སྐྱེ་འགྲོའི་མགོན་དང་དཔུང་ལ་གནམ་གྱི་རྒྱལ་མོས་ཆེད་དུ་མངགས་པའི་ལྷ་ཡི་ཕོ་ཉར་མོལ་བར་བྲེལ།།

 

སྐྱ་རེངས་བུ་མོས་བྲེལ་བ་འཚབ་འཚུབ་མུན་པ་ནག་པོའི་ལྭ་བ་བརྫེས་ཏེ་ཉིན་བྱེད་དབང་པོ་བསུ་བར་ཕྱིན།།

གསེར་གྱི་འོད་མདངས་མཁའ་ལ་འཕགས་ཤིང་གླིང་བཞིའི་མུན་པ་མཐའ་ནས་སྐྲོད་དུས་བདེན་པའི་སྒྲ་དབྱངས་རང་གྲག་རེད།།

ཡལ་འདབ་ལྕི་བའི་ལྗོན་ཤིང་འོག་ནས་ཤེས་བྱ་གསར་པའི་ཁུར་པོ་བཏེག་སྟེ་ལྷོད་ཀྱིས་བཞེངས་པའི་སྐྱེས་བུ་དེས།།

སྤོབས་པ་མཐོན་པོས་ཐ་ཚིག་སྒྲོག་ཚེ་ལྷ་དང་དྲང་སྲོང་རྔམ་མཆོངས་བྱེད་པ་རིན་ཐང་ཅི་ཞིག་ཡོད་རྟགས་རེད།།

 

བདུན་བདུན་ཞེ་དགུར་༼ཞག་ཞཊ་མཚམས་བཅད་ཅིང་མི་སྨྲའི་རྟུལ་ཞུགས་ལྷོད་ཀྱིས་འཛིན་དུས་སྒོ་གླེགས་དལ་བུར་རྡུང་གྲངས་མང་།།

སྣེ་མོའི་སྣེ་མོར་ཞུ་མཆིད་བཏགས་ཏེ་ལྷ་དབང་དག་ཀྱང་པུས་ནུར་བྱེད་ཀྱིན་རེ་བའི་ཞག་པ་ཡང་ཡང་འཕངས།།

སྐྱེ་བོ་མང་པོས་འདུར་རྒྱུག་ཀློད་དེ་སྒམ་ཚུགས་ཅན་གྱི་སྐྱེས་བུའི་མདུན་ནས་རང་རང་བདེ་བའི་ཐབས་རེ་བཙལ།།

བདེན་པའི་གནས་ལུགས་སྐྱེས་སུ་བསྣམས་པའི་གསེར་མདོག་ཅན་དེ་འཛུམ་ཙམ་མཛད་དུས་ཞལ་བཞེས་དམ་བཅའ་བརྟན་པོ་རེད། 

 

རྒྱང་རིང་གྲོགས་ལ་མཛའ་གཅུགས་ཅན་ཞིག་རི་ཀླུང་ཐང་གསུམ་ཞབས་ཀྱིས་བཅག་སྟེ་དྲང་སྲོང་ལྷུང་བའི་ནགས་སུ་བརྟོལ།།

སྐྱེས་བུ་ཆེན་པོ་འགྱིང་སྟབས་རྨད་དོ་འཁུ་ཞིང་འཁོན་པའི་འགྲེང་འགྲོ་དག་ཀོ་གཉའ་བ་ཞུམ་སྟེ་ཞབས་ལ་གཏུགས།།

གོ་ནོར་ཐེབས་པའི་མི་བུ་དེ་ལ་ཞི་བསིལ་ཆོས་ཀྱི་རྔན་སྦྱིན་གནང་ནས་བྱམས་བརྩེའི་ཕྱག་གིས་བྱིལ་བྱིལ་གྱིས།།

ཀྱག་ཀྱོག་ཡིན་པའི་གཡང་སའི་འཕྲང་ལས་སྡུག་གུ་བཀྲ་བའི་ལྗོངས་སུ་བསྐྱལ་ཏེ་གྲོགས་ཀྱི་དུང་ཞེན་འཛིན་ཚུལ་ཞིག །

 

སེམས་པ་སྲ་མོ་རྡོ་ལྟར་གྱུར་ཅིང་ཞེན་པའི་ཨ་འཐས་བྲག་ལ་བརྐོས་ནས་སྣང་བ་དགུང་དུ་འཇོག་མཁན་དེ།།

མི་ཚོགས་འདུས་པའི་སྲང་ལམ་བཞི་མདོར་གདོང་གི་འབག་ལ་ཚོན་རྩི་བྱུག་སྟེ་སྣ་ཚོགས་མིག་འཕྲུལ་སྟོན་མཁན་དེ།།

སྡུག་བསྔལ་ཆར་རླུང་འཁྲིགས་པའི་གསེང་ན་སེམས་ཀྱི་རྟ་རྒོད་ཁ་ལོ་ཤོར་བའི་ན་ཟུག་ཅན་གྱི་སྨྱོན་པ་དེ།།

གསུང་གི་སྒུལ་ཤུགས་སྟོབས་དང་ལྡན་པས་གཤིས་ཀྱི་དངོས་པོ་གཞུར་འདུར་བྱས་ཏེ་གདུང་བ་ཞི་བའི་ཆབ་ཆབ་བྲན།།

 

དྲག་རླུང་ལྡང་བའི་ཉིན་མོ་ཞིག་ལ་ཐལ་རྡུལ་སྐྱ་བོས་མིག་ཟུང་བསྒྲིབས་ཏེ་འཁྱར་འཁྱོར་གོག་པའི་མི་ཚོགས་ཀྱི།།

རྣ་བར་ཟག་པའི་འཁུན་སྒྲ་རེ་རེས་སེམས་ཀྱི་སྨྲེ་ངག་དིར་དིར་སྒྲོག་སྐབས་གནམ་དང་ས་ལ་ཧང་ཟོམ་ཞིག།

རྭ་ཅོའི་སྦུགས་སུ་འཛུལ་བའི་མི་ལ་ཡངས་པའི་འཇིག་རྟེན་འགྲེལ་བཤད་བསྐྱོན་ཏེ་སེམས་ཀྱི་ངལ་གསོ་སྦྱིན་སྟངས་དེས།།

བདེན་པའི་ལམ་ཐག་རིང་མོ་ཞིག་ནས་རྣམ་དཔྱོད་ཐོགས་པའི་ཁེར་འགྲོ་པ་ཡི་དཔལ་དང་གཟི་བྱིན་མཐོང་ནས་འོང་།།

 

གདུང་བས་གཟིར་ལ་བསིལ་གཡབ་འདྲེན་པའི་ཕྱག་ལག་དྲོན་མོར་རིང་ཐུང་མེད་པས་དགའ་སྤྲོས་བརྟས་པའི་སྤྲང་པོ་འབེལ།།

མིང་དང་ཐོབ་ལ་མཆིལ་ཞག་བཏབ་ཅིང་ཉམ་ཐག་ནད་པའི་གཡོག་ཏུ་བརྒྱུགས་ཏེ་སྙིང་སྟོབས་དམར་རྗེན་ཕྱི་སོར་ངོམ།།

ཕྱོགས་ལྷུང་མེད་པའི་ལམ་སྲོལ་དེ་ཡང་ཨུ་ཚུགས་ལྟ་བའི་འགག་ཏུ་མ་སོང་སུ་དང་སུ་ལའང་བག་ཡངས་བསྩལ།།

ཉེར་གཅིག་དུས་ཀྱི་ཁུགས་སོར་སླེབས་ཀྱང་དྲི་མེད་བསྟན་ལས་དྲི་ཞིམ་འཐུལ་བར་བརྟགས་ན་གསེར་གྱི་ཡང་ཞུན་དངོས།།

 

ཉི་ཚེའི་འཚོ་བ་དམིགས་སུ་བཟུང་སྟེ་ལྷ་འབག་གྱོན་པའི་དེད་དཔོན་རྣམས་ཀྱི་རྫུན་རྐུབ་ཆར་རྗེས་འཇའ་ཚོན་འདྲ།།

བཀའ་ཁྲིམས་ཕོག་པའི་ཉེས་ཅན་མིན་ཡང་ཉིན་ཞག་ཕྲུགས་ཀྱིས་བཞི་ཤད་འཐེན་པའི་གྲུབ་མཐའ་བརྒྱ་སྟོང་དབྱིངས་སུ་ཐིམ།།

ཆུ་ལ་གཡུགས་ཤིང་མེ་རུ་བསྲེགས་ཀྱང་མི་ཤིག་རྡོ་རྗེའི་ཁམས་སུ་གྲུབ་པའི་རླབས་ཆེན་སྐྱེས་བུའི་བསྟན་པ་དེ།།

དཔྱད་ཅིང་དཔྱད་ན་བདེན་པ་རེ་དང་གནས་ལུགས་མོད་པོའི་གཏེར་ཁ་བརྡོལ་བས་གུས་ཤིང་བཀུར་བར་འཚང་ཁ་རེད།།

 

ཚབས་ཆེན་ནད་ཀྱིས་མནར་བའི་མི་ལ་སྨན་སྣ་བརྒྱད་ཁྲི་བཞི་སྟོང་སྩོལ་མཁན་ཀུན་མཁྱེན་བུ་རམ་ཤིང་པ་ཡིན།།

ཁྲ་ཁྲའི་འཇིག་རྟེན་བཟོ་བཀོད་མཁས་པའི་ཚན་རྩལ་བུ་མོའི་སེམས་པ་འཁྱེར་མཁན་གོ་ཏ་མ་ཡི་རྣམ་དཔྱོད་ཡིན།།

ཤར་ནུབ་མི་རིགས་འཛོམས་པའི་དབུས་སུ་མགོ་བོ་མཐོན༼པོའི་པོས་ངོམ་སོ་ཅན་དེ་སངས་རྒྱས་པ་ཡི་དེད་དཔོན་ཡིན།།

ན་བཟའ་སེར་པོའི་ཐུ་འོག་ཅིག་ནས་ང་ལ་སྤོབས་པའི་འདབ་མ་རྒྱས་ཡོད་དེ་ནི་བདག་གི་སྟོན་པ་འོ།།

 

༢༠༡༧/ ༠༨ / ༡༥  

 

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།