ཀྱག་ཀྱོག་འཕྲང་ལམ་དོག་པའི་མི་ཚེ་ཡི་བརྒྱུད་ལམ།།
གོག་མ་འགྲོས་ཀྱིས་གང་ས་ངེས་མེད་དུ་འཁྱམས་པས།།
དམ་པའི་ཉིང་ཁུ་འཚོལ་འདོད་རྦ་རླབས་ལྟར་འཁྲུགས་ཏེ།།
རྐང་པའི་རྡོག་སྣེ་འདི་ཉིད་ཆོས་ར་ལ་ཟུག་སོང་།།
མ་མཐོང་ཆགས་སྲེད་འབར་བའི་ཕྱི་རོལ་གྱི་མཛེས་སྡུག།
མཐོང་ན་ཞེ་ཁ་ལོག་པའི་འཇིག་རྟེན་གྱི་འཚོ་བ།།
ཟང་ཟིང་འདུ་འཛིས་འཆིང་བའི་ཐོ་ཡོར་གྱི་གྲོང་ཁྱེར།།
ཕྱི་ནང་གསང་གསུམ་ཐམས་ཅད་གསལ་གསལ་དུ་རིག་བྱུང་།།
གཞོན་པའི་སེམས་ཁམས་གློ་བུར་ཚོར་སྣང་གིས་བསླུས་ཏེ།།
ཕ་རིའི་སྤང་ཐང་སྟེང་གི་མཛེས་སྡུག་ལ་ཆགས་ཀྱང་།།
ཉེ་བར་སླེབས་ཚེ་མཛེས་སྡུག་རང་ཡལ་དུ་སོང་བས།།
གང་ལའང་སྙིང་པོས་དབེན་པའི་ངེས་ཤེས་ཤིག་སྟེར་སོང་།།
འདི་སྣང་འཁོར་བའི་གྲོང་ལ་ཕར་ཕར་དུ་སོང་ཚེ།།
དམ་པའི་ལྷ་ཆོས་སེམས་ནང་ཚུར་ཚུར་དུ་སླེབས་འོངས།།
སྲིད་ཞི་འཐབ་མོ་འགྱེད་པའི་གཡུལ་ས་ཡི་སྣེ་ནས།།
གོམ་ཁ་ཞི་བའི་གྲོང་དུ་དབང་མེད་དུ་ཤོར་འགྲོ།།
སུས་ཀྱང་ཟློག་ཏུ་མེད་པའི་ལས་དབང་གི་བཀོད་སྒྲིག།
བྱས་པ་ཆུད་མི་ཟ་བའི་ཚེ་སྔོན་གྱི་ལས་སྐལ།།
ཤུལ་ལུས་ཅི་ཡང་མེད་པའི་གྲྭ་རྐྱང་གི་འཚོ་བས།།
ལྷིང་འཇགས་གྲུ་ཁ་ཞིག་ནས་འོད་སྣང་དེ་འཚོལ་འགྲོ།།
བཀའ་དྲིན་ལྕི་བས་ནོན་པའི་རྒྱང་རིང་གི་ཡབ་ཡུམ།།
བྱམས་བརྩེའི་འོད་ཞགས་འཆིང་བའི་དྲིན་ཆེན་གྱི་བཤེས་གཉེན།།
ཁྱེད་ཅག་ཐུགས་ཀྱི་རེ་བ་རླུང་བུ་ལ་བསྐུར་མེད།།
བུ་སློབ་བདག་ཀྱང་ཡང་དག་ལམ་བཟང་ལ་ཞུགས་ཡོད།།
མདོ་སྔགས་གཞུང་ཆེན་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་།།
ཕྱི་ནང་རིག་གནས་གཤོག་རླབས་མཁའ་དབྱིངས་སུ་བརྐྱངས་ཏེ།།
རྒྱལ་བའི་དགོངས་པ་བསྒྲུབས་པའི་གཏམ་བཟང་དེ་ཐོས་ཚེ།།
ཁྱེད་ཅག་དག་པའི་ཞིང་ནས་གཟིགས་མོ་ལ་བྱོན་ཅིག།
༢༠༡༨/༡/༢༤ ཉིན་མི་ལོ་དྲུག་རིང་ས་གནས་ངེས་མེད་དུ་འཁྱམས་ཏེ། སླར་དཔལ་ལྡན་འབྲས་དཀར་སྤུངས་པར་གཞུང་ཆེན་འཕྲོ་འཐུད་ཆེད་སླེབས་པ་དང་། སེམས་ནང་དགའ་སྤོབས་ཆེན་པོས་རང་ཤག་བེ་རི་འགྲོ་ཕན་གླིང་ནས་སྦྱར་བའོ།།