Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཕྱི་རོལ་པའི་གྲུབ་མཐའི་སྐོར་ལ་མདོར་ཙམ་དཔྱད་གཏམ།

བཅོ་ལྔ་ཚེ་རིང་།

April 2, 2022
in དཔྱད་རྩོམ།
0

གླེང་བརྗོད།

འཛམ་གླིང་འདིའི་ནང་ལྟ་གྲུབ་ཇི་སྙེད་ཅིག་ཡོད་རུང་ཚང་མ་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་མཁན་ཤ་སྟག་ཡིན་ལ།ལྟ་གྲུབ་སོ་སོའི་གཏན་ལ་ཕབ་ཟིན་པ་དེ་སོ་སོའི་གྲུབ་དོན་གྱི་ཐོག་ནས་གཞུང་ལུགས་འགྲེལ་བཤད་བྱེད་ཀྱི་ཡོད་པ་ནི་ཡོངས་གྲགས་ཡིན།དེ་བཞིན་དེང་སང་འཛམ་གླིང་འདིའི་ནང་ཤིན་ཏུ་གྲགས་བཞིན་པའི་ཚན་རིག་པ་ལྟ་བུར་མཚོན་ན་དངོས་པོའི་དཔལ་ཡོན་བསྐྲུན་ཏེ་དེ་དང་ཆབས་ཅིག་བསམ་པའི་དཔལ་ཡོན་དང་ལྷན་དུ་འཛམ་གླིང་འདིར་བདེ་སྐྱིད་དང་ཞི་བདེ་ཡོང་ཐབས་བྱས་དང་བྱེད་མུས་ཡིན།ལྷག་པར་དུ་འགྲོ་བ་མིའི་དགོས་མཁོའི་ཆེད་དུ་གསར་གཏོད་བྱེད་བཞིན་ཡོད།ཕྱི་རོལ་པ་དང་ནང་པ་བཞིན་མ་ཡིན་པར་ཁོང་ཚོས་ད་དུང་གཞི་དངོས་པོའི་གནས་ལུགས་ཐག་གཅོད་བྱས་མེད་ལ།ད་དུང་མུ་མཐུད་ནས་འཕྲུལ་ཆས་སོགས་ཀྱི་བརྒྱུད་ནས་གྲུབ་དོན་འཚོལ་བཞིན་པ་ཡིན།

ནང་པ་སངས་རྒྱས་པའི་ཕྱོགས་ནས་ཕྱི་རོལ་པའི་གྲུབ་མཐའ་རྣམས་ནི་རྟག་ཆད་ཀྱི་མཐའ་གང་རུང་ཕྱོགས་སུ་ལྷུང་བའི་གྲུབ་མཐའ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ།དོན་དངོས་ཐོག་ནས་དཔྱད་པ་ཡིན་ན་ཡང་ཕྱི་རོལ་པའི་ལྟ་གྲུབ་སྨྲ་མཁན་ག་ཚོད་ཡོད་རུང་ཚང་མ་རྟག་པ་སྨྲ་བ་དང་ཆད་པ་སྨྲ་བ་གཉིས་ནང་འདུས་ཐུབ་ཀྱི་ཡོད།རྒྱ་གར་ནི་འཛམ་གླིང་འདིའི་ནང་ཤིན་ཏུ་ཕྱུག་པའི་སྲོལ་རྒྱུན་གྱི་རིག་གཞུང་ལྟེ་གནས་ཆེན་པོ་ཞིག་ཡིན་པར་མ་ཟད།ཆོས་ལུགས་མང་པོ་དར་སའི་རྒྱལ་ཁབ་ཅིག་ཀྱང་ཡིན།དེ་ལྟ་བུའི་སྤྱི་ཚོགས་ནང་ལ་ལྟ་གྲུབ་གསར་པ་གང་འདྲ་དར་ཡང་དེ་ལ་དགག་པ་དང་ངན་ཕྱོགས་ཞིག་ཏུ་བསྒྱུར་གྱི་མེད།དུས་རབས་བཅུ་དགུའི་ནང་ལ་ལྟ་གྲུབ་གསར་པ་མང་པོ་ཞིག་དར་ནས།ད་ལྟ་རྒྱ་གར་གྱི་སྤྱི་ཚོགས་ནང་ལ་ཉམ་ཐག་འབུམ་ཕྲག་མང་པོ་ལ་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་པ་དང་སྨན་ཁང་འཛུགས་པ་སོགས་ཀྱི་རླབས་ཆེན་གྱི་བྱ་གཞག་གནང་ཡོད།དེ་ཚོ་ནི་དངོས་གནས་དགའ་དགོས་པ་ཞིག་རེད།མ་འོངས་པ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་བའི་སྐབས།བོད་པའི་བླ་མ་སྤྲུལ་སྐུ་རྣམས་ཀྱིས་དགོན་པ་རྫིག་པོ་དང་བླ་བྲང་རྫིག་པོ་བརྒྱབ་རྒྱུ་བཞག་ནས་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་ཤེས་ཡོན་གྱི་ལྟེ་གནས་དང་སྨན་ཁང་འཛུགས་པ་སོགས་བྱ་རྒྱུ་ནི་མེད་དུ་མི་རུང་བའི་དོན་གནད་ཅིག་ཡིན།མདོར་དོན་རྒྱ་གར་ནང་བཞིན་སྤྱི་ཚོགས་གུ་ཡངས་པོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས་འདི་ཞོལ་འཕྲོས་ཀྱི་ཚུལ་དུ་སྨྲས་པ་ཡིན།

ནང་པ་སངས་རྒྱས་པ་ལ་མཚོན་ན།གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབ་སྐབས།ཐབས་མཁས་ཐུགས་རྗེ་ཆེན་པོ་མངའ་བའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་ནས་སེམས་ཅན་གྱི་ཁམས་དང་མོས་པར་གཟིགས་ནས་གྲུབ་མཐའ་མི་འདྲ་བ་བཞི་རུ་གསུངས་ཡོད།དེ་དག་ནི་ཆོས་འཁོར་རིམ་པ་གསུམ་གྱི་བརྗོད་བྱ་ཁས་ལེན་ཚུལ་གྱི་སྒོ་ནས། དོན་སྨྲ་སྡེ་(ཕྱི་དོན་ཁས་ལེན་མཁན།)གཉིས་ཀྱིས་འཁོར་ལོ་དང་པོ་དང་།ངོ་བོ་ཉིད་མེད་པར་སྨྲ་བས་འཁོར་ལོ་བར་པ་དང་།རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་འཁོར་ལོ་ཐ་མའི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བྱེད་དེ་མཐར་ཐུག་གི་ལྟ་བ་གཏན་ལ་འབེབ་བཞིན་ཡོད།ཡིན་ན་ཡང་གྲུབ་མཐའ་བཞི་ཀའི་དངོས་པོའི་གནས་ལུགས་གཏན་ལ་འབེབ་པའི་སྐབས།བདེན་པ་གཉིས་ཀྱི་ཐོག་ནས་གཏན་འབེབ་གནང་གི་ཡོད་པ་ནི་རྩོད་མེད་ཡོངས་གྲགས་ཡིན།འཇམ་མགོན་མི་ཕམ་རིན་པོ་ཆེ་མཆོག་གིས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་ནང་གསུངས་དོན།བདེན་གཉིས་ཀྱི་རང་བཞིན་གང་ཡིན་པ་ནི་ཤེས་པར་བྱ་བ་ཡིན་ལ།ཚུལ་གཉིས་ནི་དེའི་དོན་ཇི་ལྟ་བར་ངེས་པའི་ལམ་ཡིན་ནོ། །དེ་ལ་ཤེས་བྱ་འདི་དག་ཡང་དག་པ་ཡིན་མིན་གཉིས་ཀྱིས་ཕྱེ་བས་ན་བདེན་པ་གཉིས་སུ་ལེགས་པར་འདུ་ཞིང་།དོན་དེ་གཉིས་ལ་བློས་འཇལ་ཚུལ་ཕྱིན་ཅི་ལོག་དང་།ཕྱོགས་ཙམ་དང་།ཡང་དག་པར་རྟོགས་ཚུལ་གྱིས་ཕྱི་ནང་སོ་སོའི་གྲུབ་མཐའ་སྣ་ཚོགས་བྱུང་ཞེས་གསུངས་པ་ནི་གནས་ལུགས་དང་མཐུན་པའི་བཀའ་མོལ་ཞིག་ཏུ་སེམས།ཕྱོགས་ཙམ་དང་ཡང་དག་པར་གཉིས་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་མཁན་བཞི་པོ་རྣམས་ལས་བྱེ་མདོ་གཉིས་དང་སེམས་ཙམ་པ་དང་།དབུ་མ་རང་རྒྱུད་པ་རྣམས་ནི་ཕྱོགས་ཙམ་དང་།དབུ་མ་ཐལ་འགྱུར་བ་ནི་ཡང་དག་པར་རྟོགས་མཁན་ཞིག་ཡིན་ནོ། །དེ་ལྟ་བུའི་གྲུབ་མཐའ་དེ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱ་རྒྱུ་ནི་དོན་དམ་པ་ཡིན་ལ།ཆོས་རྣམས་ཀྱི་གནས་ལུགས་ཇི་བཞིན་མ་རྟོགས་པ་ཡིན་ན་ནམ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་མི་སྲིད་པའི་གདམས་ངག་བོད་ཀྱི་མཁས་པ་རྣམས་ཀྱིས་རང་ཉིད་ཀྱི་སློབ་མ་རྣམས་ལ་ལམ་སྟོན་ཤུགས་ཆེན་པོ་གནང་ཡོད། དེ་ལྟར་ཡང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གིས་མཛད་པའི་ལམ་གཙོ་རྣམ་གསུམ་ལས།

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།

ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།

སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།

དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།

ཅེས་གསུངས་ལྟར།ནང་ཆོས་ག་ཚོད་ཤེས་རུང་སོ་སོའི་སེམས་ལ་བཟོ་བཅོས་མ་བྱས་པར་སྲིད་པའི་སྡུག་བསྔལ་ལས་ཐར་ཐབས་མེད།ང་ཚོ་ད་ལྟའི་བར་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་ནང་ལྷུང་དོན་ནི་བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་ནས་ཚང་མ་བདེན་པ་གྲུབ་པར་ཁོ་ནར་ཞེན་པའི་དབང་གིས་འཁོར་བ་འདིའི་ནང་ཟམ་མ་ཆད་པར་བསྡད་དགོས་བྱུང་ཡོད།

ཕྱིན་ཅི་ལོག་པར་རྟོག་མཁན་ནི་ཕྱི་རོལ་པའི་གྲུབ་མཐའ་སྨྲ་མཁན་རྣམས་ཡིན་པས།ཕྱི་རོལ་པའི་གྲུབ་མཐའི་སྐོར་ལ་ཕྲན་བུ་རྒྱུས་མངའ་མེད་པར་ཡིན་ན།ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་དེ་ཙམ་གྱིས་དད་པའི་གནས་དང་ཡོན་ཏན་ཡོད་པར་ཤེས་མི་ཐུབ།ལྷག་པར་དུ་ནང་པའི་གཞུང་ཆེན་གང་འདྲ་ཞིག་ཡིན་ནའང་ཕྱི་རོལ་པའི་གྲུབ་མཐས་སྒྲོ་བཏགས་པའི་འགྲེལ་བཤད་ལ་དགག་བཞག་སྤོང་གསུམ་གྱི་སྒོ་ནས་རང་སྡེ་ནང་པ་སངས་རྒྱས་པའི་གཞུང་འཛུགས་ཀྱི་ཡོད་པ་དེ་ལ་དེ་ཙམ་གོ་བ་རྙེད་མི་ཐུབ་པས་གཤམ་ལ་གཞན་སྡེ་རྣམས་ཀྱི་སྐོར་ལ་ཆེ་ལོང་ཙམ་བརྗོད་ཀྱི་ཡིན།ལར་ནས་སློབ་དཔོན་ཞི་བ་འཚོའི་མཛད་པའི་དབུ་མ་རྒྱན་གྱི་རྩ་བ་ལས།

བདག་དང་གཞན་སྨྲས་དངོས་འདི་དག།།

ཡང་དག་དུ་ན་གཅིག་པ་དང་།།

དུ་མའི་རང་བཞིན་བྲལ་བའི་ཕྱིར།།

རང་བཞིན་མེད་དེ་གཟུགས་བརྙན་བཞིན།།

ཞེས་གསུངས་པ་ལྟར།འདི་ལྟར་བདག་རང་སྡེ་ནང་པ་སངས་རྒྱས་པ་དང་གཞན་ཕྱི་རོལ་མུ་སྟེགས་རྣམས་ཀྱིས་གང་བདེན་གྲུབ་ཏུ་སྨྲས་པའི་དངོས་པོ་འདི་དག་ཐམས་ཅད་ཡང་དག་པའི་དོན་དུ་རིགས་པས་ལེགས་པར་དཔྱད་པའི་ཚེ་བདེན་པར་གྲུབ་པའི་གཅིག་དང་དུ་མའི་རང་བཞིན་གཉིས་ཀ་དང་བྲལ་བའི་ཕྱིར།འདི་རྣམས་ལ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་མེད་དེ།དཔེར་ན་སྣང་ཡང་མི་བདེན་པར་གཟུགས་བརྙན་བཞིན་ནོ་ཞེས་པའི་དོན་འགྲེལ་ནང་གསལ་བ་བཞིན། གཞན་སྡེ་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་གྱི་བདག་ཅེས་སྐད་ཅིག་ལ་མ་ལྟོས་པའི་ཆ་ནས་རྟག་པ་དང་།ཆ་ཤས་ལ་མ་ལྟོས་པའི་ཆ་ནས་གཅིག་པུ་དང་།རྒྱུ་རྐྱེན་ལ་མ་ལྟོས་པའི་ཆ་ནས་རང་དབང་ཅན་གྱི་བདག་གཅིག་ངོས་འཛིན་བྱེད་བཞིན་ཡོད།འདི་ལྟ་བུ་རྟག་གཅིག་རང་དབང་ཅན་གྱི་བདག་ནི་ཕྱི་རོལ་པ་ཚང་མས་ཁས་ལེན་ནོ།།

ཕྱི་རོལ་པའི་མིང་གི་རྣམ་གྲངས་ལ་དཔྱད་པ།

ནམ་རྒྱུན་ནང་པ་སངས་རྒྱས་པའི་གཞུང་ལུགས་ནང་ལ་ཕྱི་རོལ་པའི་གྲུབ་མཐའ་ལ་མིང་མི་འདྲ་བ་ཁག་བཞི་ཙམ་ཞིག་བགྲང་བཞིན་ཡོད།དེ་དག་ནི་གཞན་སྡེ།ཕྱི་རོལ་པ།ཆོས་འདི་བ་མ་ཡིན་པ།མུ་སྟེགས་པ་སོགས་ཡིན་རུང་།ཝཱཎ་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་ཟུར་པ་སེམས་དཔའ་རྡོ་རྗེ་མཆོག་གིས་མཛད་པའི་གྲུབ་མཐའ་སྙིང་པོ་ཀུན་ལས་བཏུས་པ་ལུང་རིགས་སྙེ་མའི་ནང་གསུངས་དོན།མུ་སྟེགས་བྱེད་དང་མུ་སྟེགས་པ་ཅེས་པའི་ཐ་སྙད་ནི་ཕྱི་རོལ་པའི་སྤྱི་མིང་མ་ཡིན་གྱི།རྒྱལ་བ་པའི་ཆོས་ལུགས་འཛིན་པའི་དགེ་སྦྱོང་རྣམས་ཀྱི་མིང་དུ་གྲགས་པར་གསུངས།དེ་ནི་བོད་ཀྱི་མཁས་པའི་བཤད་སྲོལ་ཙམ་ལས་རྒྱ་གར་ལ་དེ་ལྟར་གྲགས་མི་ཆེ་ཞིང་།དེ་ལྟ་བུའི་ཐ་སྙད་རེ་ཟུང་བྱུང་བ་རྣམས་ཀྱང་སྐབས་ཐོབ་ཀྱི་ཕྱོགས་སྔ་དམིགས་བསལ་བ་རེ་ལ་འཇུག་པས།ཕྱི་རོལ་པའི་སྤྱི་མིང་དུ་མི་གསལ་བར་ཁ་ཚོན་བཅད་འདུག །ལར་ནས་ལེགས་སྦྱར་ལྷ་ཡི་སྐད་ནི་སྐད་རིགས་གཞན་དང་མི་འདྲ་བ་འ་ཆུང་ཕྲན་བུ་དང་ཚིག་རེ་ཆད་ལུས་ཤོར་སོང་བ་ཡིན་ན།ཐ་སྙད་ཀྱི་གོ་བ་སྦད་དེ་མི་འདྲ་བ་ཆགས་འགྲོ་བཞིན་ཡོད།སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་ནས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་རྒྱ་ཆེར་འགྲེལ་པ་དང་འདུལ་བ་གཞི་འགྲེལ་སོགས་ལུང་དྲངས་ནས་མུ་སྟེགས་པ་ཞེས་པའི་ཐ་སྙད་དེ་ཕྱི་རོལ་པའི་སྤྱི་མིང་མ་ཡིན་པར་ཕྱི་རོལ་པའི་བྱེ་བྲག་རྒྱལ་བ་པའི་ཆོས་ལུགས་འཛིན་པའི་དགེ་སྦྱོང་རྣམས་ལ་གོ་དགོས་པའི་ལུང་གི་རྒྱབ་རྟེན་གནང་འདུག །དེ་ལྟར་ཡིན་ན།དབུ་མ་འཇུག་པའི་རྩ་གཞུང་ནང་ཕྱི་རོལ་པའི་གྲུབ་མཐའ་ཚང་མ་གྲངས་ཅན་གྱི་འདོད་པ་ལས་ཁ་གྱེས་ནས་བྱུང་བ་ཡིན་པས་རྩ་གཞུང་ནང་གི་མུ་སྟེགས་ཅེས་པའི་ཚིག་དེ་ལ་དཔྱད་པ་བྱ་རྒྱུ་ཧ་ཅང་གལ་ཆེ།རྩ་བ་ནི།

ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག།།

ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས།།

དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས།།

མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར།

ཞེས་པའི་མུ་སྟེགས་ཞེས་པའི་ཚིག་དེ་རྒྱ་གཞུང་དངོས་མ་ནང་ཏཱིརྠངྐཱར་ཞེས་འཁོད་འདུག་པར་བོད་ཀྱི་མཁས་པ་རྣམས་ཀྱིས་ཕྱི་རོལ་པའི་སྤྱི་མིང་ལ་མུ་སྟེགས་པ་ཞེས་ཐ་སྙད་འདོགས་འདུག །སྔོན་རྒྱ་གར་མཁས་པའི་ནང་ལའང་འདི་ལྟར་ཡོད་པ་གསལ་པོ་ཡིན་སྙམ།ངེས་པར་དུ་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པ་ལེགས་སྦྱར་ནང་ཡོད་པ་དེ་ལག་ཏུ་སོན་ཐབས་བྱས་ཏེ་དཔྱད་དགོས་སྙམ།མདོར་ན་ཕྱི་རོལ་པའི་སྤྱི་མིང་ལ་ནམ་རྒྱུན་བོད་ཀྱི་མཁས་པ་དང་གཞུང་ཆེན་བཀའ་པོད་ལྔའི་ནང་གྲགས་པ་ནི་གོང་གི་ཐ་སྙད་བཞི་བོ་རྣམས་ཡིན་ནོ།།

ཕྱི་རོལ་པའི་གྲངས་ངེས་ལ་དཔྱད་པ།

སྤྱིར་ཕྱི་རོལ་པ་ཞེས་པ་བདེ་བར་གཤེགས་པའི་རིང་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ལྟ་གྲུབ་འཛིན་པ་ཐམས་ཅད་ཕྱི་རོལ་པ་ཡིན་ལ།དེ་ལ་ནི་ཁ་ཆེ་དང་།ཡེ་ཤུ།པར་སི་སོགས་ཀྱི་ཆོས་ལུགས་དང་གྲུབ་མཐའ་འཛིན་པ་ཐམས་ཅད་ཡོད་མོད།འདི་ནི་དེ་སྔ་རྒྱ་གར་ལ་དར་སོ་ཡོད་པའི་རྟག་ཆད་ཀྱི་ལྟ་བར་གནས་ཏེ།རང་རང་གི་ལྟ་གྲུབ་ཀྱི་རྣམ་གཞག་ཆེད་དུ་བསྔགས་ནས་རྩོམ་པ་པོ་ཤིན་ཏུ་མང་ཡང་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་ན་གཉིས་ནང་འདུས་ཐུབ་ཀྱི་ཡོད།དེ་དག་ནི་རྟག་མཐའ་ཁས་ལེན་པའི་ཕྱོགས་དང་།ཆད་མཐའ་སྟེ།ལས་འབྲས་དང་ཐར་པ་སོགས་ཁས་མི་ལེན་པའི་ཕྱོགས་གཉིས་ནང་འདུས་ཐུབ་ཀྱི་ཡོད།ཆད་མཐའ་པ་ལ་སྤྱི་མིང་དུ་རྒྱང་འཕེན་པའམ་ལྷའི་བླ་མ་པ་ཞེས་བྱ་ལ།རྟག་སྨྲ་པ་ལ་ནང་གསེས་ཀྱི་དབྱེ་བ་དྲུག་ཏུ་གནས་ཏེ།གྲངས་ཅན་པ་དང་།དཔྱོད་པ་བ་དང་།བྱེ་བྲག་པ་དང་།རྒྱལ་བ་པ་དང་།གསང་བ་པ་དང་།རིགས་པ་ཅན་པ་རྣམས་སོ།།བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་གྲུབ་མཐའ་རིན་ཆེན་ཕྲེང་བའི་ནང་གསུང་དོན།ཕྱི་རོལ་པ་ལ་དབྱེ་བ་མཐའ་ཡས་ཀྱང་བསྡུ་ན།ཁྱབ་འཇུག་པ་དང་།དབང་ཕྱུག་པ་དང་།རྒྱལ་བ་པ་དང་།སེར་སྐྱ་པ་དང་།ཕུར་བུ་པ་ལྔ་ལ་རྟོག་གེ་སྡེ་ལྔར་གྲགས་ཤིང་།རྩ་བའི་སྡེ་དྲུག་ཏུ་ཡང་བཤད་དེ།བྱེ་བྲག་པ་དང་།རིག་པ་ཅན་པ་དང་།གྲངས་ཅན་པ་དང་།དཔྱོད་པ་བ་དང་།གཅེར་བུ་པ་དང་།རྒྱང་འཕེན་པ་རྣམས་སོ།།དེ་རྣམས་ཀྱི་དང་པོ་ལྔ་ནི་རྟག་པར་ལྟ་བ་དང་།ཕྱི་མ་ནི་ཆད་པར་ལྟ་བ་ཡིན་ནོ་ཞེས་གོང་དང་གསུང་ཚུལ་ཕྲན་བུ་མི་མཐུན་པ་ལས་དེ་ཙམ་ཁྱད་པར་ཆེན་པོ་མི་མངོན།སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་ནས་གསང་བ་པ་ནི་བྱེ་བྲག་པའི་ནང་གསེས་རེད་ཅེས་གསུངས་པ་ཙམ་ལས་བྱེ་བྲག་སོ་སོར་བཤད་པའི་སྐབས་གསང་བ་པའི་སྐོར་དམིགས་བསལ་གང་ཡང་གསུངས་མི་འདུག །ཡིན་ན་ཡང་།གོང་དུ་རྟག་པ་སྨྲ་བ་ལ་ནང་གསེས་ཀྱི་དབྱེ་བ་དྲུག་འདོད་པའི་སྐབས་གསང་བ་པ་ཞེས་ལོགས་སུ་དབྱེ་བ་ཕྱེ་འདུག་གོ།བོད་ཀྱི་མཁས་པ་མཁྱེན་རབ་དབང་ཕྱུག་མཆོག་གིས་གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ནང་གསུངས་དོན།མུ་སྟེགས་པའི་ལུགས་མཐའ་ཡས་པ་ཞིག་མཆིས་པ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་གྲངས་ཅན་པ་དང་གཞན་རྣམས་དེ་ལས་གྱེས་པ་ཡིན་ཞེས་གསུངས་པ་ལ་སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་ནས་དགག་བཞག་གནང་དོན།ཕྱི་གཞུང་ཀུན་གྱི་ཕྱི་མོ་གྲངས་ཅན་དང་།མུ་སྟེགས་གཞན་རྣམས་དེ་ལས་གྱེས་པ་ཡིན་པའི་ཚུལ་བཤད་ཀྱང་།འཇུག་པའི་དགོངས་པ་དེ་ལྟ་མིན་པར་རང་འགྲེལ་གྱིས་ཤེས་ལ།དེའི་སྙིང་དོན་ནི་གྲངས་ཅན་གྱིས་སྒྲོ་བཏགས་པའི་བདག་དེ་ལས་ཁྱད་པར་ཅུང་ཟད་རེ་སྦྱར་བས།ཕྱི་རོལ་བ་གཞན་རྣམས་ཀྱང་བདག་ཡོད་པར་རང་རང་གི་བསམ་དོན་ལྟར་ཐ་དད་པ་རེ་འཆད་དོ་ཞེས་བྱ་བ་ཡིན་ནོ་ཞེས་བསམ་ཚུལ་ལྷུག་པོར་གནང་འདུག་ཀྱང་གུས་པར་ཤེས་ཚད་དམན་པས།དེ་ཙམ་གྱིས་ངེས་ཤེས་རྙེད་པའི་གྲུབ་དོན་ཞིག་བློ་ལ་མ་འཆར།གྲངས་ཅན་པ་ལས་ཕྱི་རོལ་པ་གཞན་རྣམས་ཁ་གྱེས་པ་རེད་ཅེས་པ་ནི་བོད་སྔ་རབས་དང་ཉེ་རབས་ཚང་མས་ཁས་ལེན་བྱེད་བཞིན་ཡོད་འདུག །གང་ཡིན་ཞེ་ན་གྲངས་ཅན་པ་ནི་ཕྱི་རོལ་པའི་གྲུབ་མཐའ་ཐོག་མར་དེ་ཡིན་པར་མ་ཟད་ཕྱི་རོལ་པའི་གཞུང་ཆེན་མང་པོ་ནང་ཐོན་གྱི་ཡོད་འདུགདེ་ལ་རྒྱུ་མཚན་མེད་པར་རྩ་བ་ནས་མིན། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་ལྟ་གྲུབ་རྣམས་ཁུངས་བཙན་པ་དང་རྒྱུ་མཚན་ཆེ་བ་ཡོང་གི་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།དབུ་མ་རིན་ཆེན་སྒྲོན་མ་ལས་ཀྱང་།ལྟ་བའི་བྱེ་བྲག་སུམ་བརྒྱ་སོགས་ཡོད་པར་གསུངས་སོ། །སློབ་དཔོན་ཞི་འཚོ་ཡབ་སྲས་ཀྱི་ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་ཡོད་པ་དབུ་མ་རྒྱན་ནང་གསུངས།མདོར་བསྡུས་ཏེ་ཞུས་ན་ཕྱི་རོལ་པའི་གྲུབ་མཐའ་ཚང་མ་ནི་རྟག་པ་སྨྲ་བ་དང་ཆད་པ་སྨྲ་བ་གཉིས་ཀྱི་ནང་འདུས་ཐུབ་ཀྱི་ཡོད་པ་ཞལ་མཐུན་པ་ཡིན་ནོ།།

གཤམ་ལ་ཕྱི་རོལ་པའི་གྲུབ་མཐའ་འཛིན་པའི་ཆོས་ལུགས་བྱེ་བྲག་སོ་སོའི་སྟོན་པ་དང་བསྟན་པ་བྱུང་རབས་སོགས་ཀྱི་སྐོར་ལ་རྒྱས་པར་མ་བྱས་པར་ཕྱོགས་བསྡུས་ཙམ་ཞིག་ཡོང་ཐབས་ཀྱི་ཐོག་ནས་འཆད་རྒྱུ་ཡིན།ལྟ་གྲུབ་ཀྱི་སྐོར་ལ་གོང་དུ་ཕྲན་བུ་བཤད་པ་བཞིན།ཚང་མས་རྟག་གཅིག་རང་དབང་ཅན་གྱི་བདག་གཅིག་ངོས་འཛིན་ནས་དེ་ལ་གྲུབ་མཐས་སྒྲོ་བཏགས་ཏེ་ཤེས་བྱ་ཉེར་ལྔ་དང་ཚིག་དོན་དྲུག་གམ་དགུ་སོགས་བྱས་ནས་གཞུང་འཆད་ཀྱི་ཡོད།དེ་ཡང་བདེན་པ་གཉིས་ཀྱི་ཐོག་ནས་བཤད་མཁན་དང་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་བཤད་མཁན་སོགས་མི་འདྲ་བ་ཡིན་ནོ།།

༡༽རྒྱང་འཕེན་པ།

རྒྱང་འཕེན་པའི་སྟོན་པ་ནི་དྲང་སྲོང་ཕུར་བུའམ་ལྷའི་བླ་མ་ཞུ་བ་དེ་ཡིན།ལྷའི་བླ་མ་ཞེས་མིང་བཏགས་དོན་ནི་དྲང་སྲོང་ཕུར་བུ་སུམ་བཅུ་རྩ་གསུམ་ལ་བཞུགས་པའི་སྐབས་ལྷའི་དབང་པོའི་རྒྱལ་བྱིན་གྱིས་མཛད་པའི་སྒྲའི་བསྟན་བཅོས་ལ་ལེགས་པར་སྦྱངས་ནས་ལྷའི་བུ་རྣམས་ལ་བསྟན་བཅོས་དེ་འཁྲིད།རྒྱལ་བྱིན་རབ་ཏུ་དགའ་སྟེ་ལྷའི་བུ་རྣམས་ཀྱི་སློབ་དཔོན་དུ་བསྐོས་པར་བརྟེན་ལྷའི་བླ་མ་ཞེས་མིང་དེ་གྲགས་པ་ཡིན་ནོ།།རྒྱང་འཕེན་པ་ལ་མཚོན་ན་དྲང་སྲོང་ཕུར་བུ་ནས་འཇིག་རྟེན་མིག །འཇུག་སྟོབས་ལཱ་བ་ཅན་དང་རྟ་མཆོག་སོགས་སྟོན་པ་བཅོ་བརྒྱད་ཙམ་བྱུང་པར་གྲགས།བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱང་འཕེན་ཞེས་པའི་ཐ་སྙད་འདི་ལ་སྐྱེ་བ་སྔ་ཕྱི་རྒྱང་དུ་འཕེན་པས་ན་རྒྱང་འཕེན་ཞེས་མཚན་གྲགས་པ་འདོད་རུང་།ཕྱི་རོལ་པའི་གཞུང་ནང་དེ་ལྟར་གྲགས་ཀྱི་མེད་པ་སློབ་དཔོན་སེམས་དཔའ་རྡོ་རྗེ་མཆོག་གི་དོགས་གཅོད་གནང་འདུག །རྒྱང་འཕེན་གྱི་བསྟན་པ་དང་གྲུབ་མཐའ་འདི་རྒྱལ་བུ་གཞོན་ནུ་དོན་གྲུབ་སྐུ་འཁྲུངས་པའི་དུས་ལས་ཅུང་ཟད་སྔ་བར་ཞིག་ལ་འདི་དར་ཡོད་པ་མངོན་ནོ།།

༢༽གྲངས་ཅན་པ།

གྲངས་ཅན་པའི་ལྟ་གྲུབ་ནི་རྒྱ་གར་གྱི་ལྟ་གྲུབ་ཐོག་མ་དང་།ལྟ་གྲུབ་འདི་བརྒྱུད་ནས་རྒྱ་གར་ནང་ལ་ལྟ་གྲུབ་ཧ་ཅང་མང་པོ་དར་ཁྱབ་ཕྱིན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད།གྲངས་ཅན་པའི་སྟོན་པ་ནི་དྲང་སྲོང་སེར་སྐྱ་ཡིན་པས་གྲུབ་མཐའ་འདི་ལ་མིང་གཞན་སེར་སྐྱ་པ་ཞེས་ཀྱང་འདོད།སེར་སྐྱ་བའི་བྱུང་རབས་ནི་སྔོན་ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱུང་བར་བཤད།མང་པོ་བཀུར་བའི་རྒྱལ་པོའི་པོས་ལོ་ཏོག་རྐུ་མཁན་གྱི་མི་རྣམས་ལ་ཉེས་ཆད་མང་དུ་བཏང་བར་འགའ་ཞིག་ཡིད་སུན་ཏེ།དེའི་སྤྱི་ཚོགས་ལས་ལོགས་སུ་ཁ་གྱེས་ཏེ་ཤིང་ནགས་སུ་གནས་བཅའ།དེ་རྣམས་ཀྱིས་ཤེས་བྱ་ཉེར་ལྔའི་གནས་ལུགས་ལ་རབ་ཏུ་དཔྱད་དེ་མཐར་དེ་ཚོའི་ནང་ནས་སྟོན་པ་སེར་སྐྱ་ཡང་དག་པའི་རྣལ་འབྱོར་ཐུབ་པ་འདོད་ཀྱི་འདུག །སེར་སྐྱ་ནས་བསྟན་བཅོས་བརྩམས་ཏེ་གཞན་ལ་བསྟན་ནས་གྲངས་ཅན་གྱི་ལྟ་གྲུབ་འདི་དར་བ་གྲགས།གྲངས་ཅན་གྱི་སྟོན་པ་སེར་སྐྱ་དང་བདག་ཅག་གི་སྟོན་པ་གཉིས་འཁྲུངས་ཡུལ་གཅིག་པ་ཡིན།དེང་སང་བལ་པོ་དང་རྒྱ་གར་གྱི་ས་འདྲིས་སུ་ཡོད་པའི་ལུམ་བི་ནི་ཞུ་བ་དེ་ཡིན་ནོ།།

༣༽བྱེ་བྲག་པ།

བྱེ་བྲག་པའི་སྟོན་པ་ནི་དྲང་སྲོང་ཆེན་པོ་རྐང་མིག་ཅེས་པ་དེ་ཡིན།རྐང་མིག་ཅེས་མིང་ཐོགས་དོན་ནི།དབང་ཕྱུག་ཆེན་པོའི་བཙུན་མོ་ཨུ་མཱ་སྲུང་མཁན་ལ་བཞག་པའི་སྐབས་ཁོང་ནི་ཕོ་ཉམས་དོད་པོ་དང་རྫིག་པོ་ཞིག་ཡོད་པ་འདྲ།ལྷ་མོ་ཨུ་མཱ་ཁོང་ལ་ཆགས་ཏེ་ཆགས་པའི་རྣམ་འགྱུར་མང་དུ་བསྟན་པའི་སྐབས་དྲང་སྲོང་རྐང་མིག་གི་སེམས་མ་འཁྲུགས་པར་རང་གི་རྐང་པར་མིག་ཕབ་ཏེ་བརྟུལ་ཞུགས་བསྲུངས་པས།དེ་ལ་དབང་ཕྱུག་ཆེན་པོ་མཉེས་ཏེ་གཞུང་རྩོམ་ཆོག་པའི་མཆོག་སྦྱིན་ནས་ཆོས་ཐམས་ཅད་ཚིག་དོན་དྲུག་ནང་འདུས་པའི་གྲུབ་མཐའ་ཞིག་གསར་དུ་བཏོད་པ་ཡིན་པར་གྲགས།ཡིན་ན་ཡང་།བོད་ཀྱི་མཁས་པ་རྣམས་ཀྱིས་སྟོན་པ་གཟེགས་ཟན་གྱིས་བྱེ་བྲག་གསལ་བའི་མདོ་བརྩམས་ནས་བྱེ་བྲག་པའི་གྲུབ་མཐའ་དར་བ་བཤད།བྱེ་བྲག་གསལ་བའི་མདོ་དེ་དེང་སང་མཁས་པ་རྣམས་ཀྱི་ལག་ཏུ་སོན་ཡོད་འདུག་པས་དེ་ནི་སློབ་དཔོན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་བར་བཤད།

༤༽རིགས་པ་ཅན་པ།

རིགས་པ་ཅན་པའི་གྲུབ་མཐའ་འདི་ནི་ཕྱི་རོལ་པའི་གཏན་ཚིགས་རིགས་པ་གསར་གཏོད་བྱེད་མཁན་གྱི་གྲུབ་མཐའ་ཞིག་ཡིན་པར་དེང་གི་མཁས་པ་རྣམས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་འདུག །རིགས་པ་ཅན་པའི་གྲུབ་མཐའ་འདི་ལ་མིང་གི་རྣམ་གྲངས་མི་འདྲ་བ་ཁ་ཤས་ཞིག་འདུག །དེ་དག་ནི་གཏན་ཚིགས་རིགས་པ་དང་།རྟོག་གེ་རིགས་པ་སོགས་ཡིན་ནོ། །གྲུབ་མཐའ་འདི་ཡི་སྟོན་པ་ནི་དྲང་སྲོང་གོོ་ཏམ་ཡིན་པར་གྲགས།ཕྱི་རོལ་པ་རྣམས་ཀྱི་དྲང་སྲོང་གོོ་ཏམ་སྐལ་པ་གཉིས་ལྡན་གྱི་དུས་སྐབས་ལ་བྱུང་བ་བཤད་རུང་།དེང་སང་མཁས་པ་རྣམས་ཀྱིས་དྲང་སྲོང་གོོ་ཏམ་གྱི་དུས་རབས་ནི་ཡེ་ཤུ་མ་ཤི་ཀའི་འདས་ལོ་སྟེ་ཡེ་ལོ་བརྒྱ་ཕྲག་གཉིས་པ་ཙམ་ལ་བྱུང་བར་བཤད།ལྷག་པར་དུ་དྲང་སྲོང་གོོ་ཏམ་གྱི་སྲོལ་གཏོད་པའི་རིགས་པའི་གཞུང་ལུགས་ཐམས་ཅད་ཀྱི་ཕྱི་མོ་ནི་རིགས་པ་ཅན་པའི་མདོ་ཅེས་པ་དེ་ཡིན་པས།དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་ཐག་ནང་ལ་ཚིག་དོན་བཅུ་དྲུག་ལ་དགག་པ་མཛད་ཡོད།འདིའི་སྔོན་དུ་རིགས་མདོ་འདིའི་བཞེད་དོན་རྣམས་དགག་ཕྱོགས་དང་སྒྲུབ་ཕྱོགས་གང་ལས་ཀྱང་མི་གསལ་ལོ། །ཕྱི་རོལ་པ་རྣམས་ཀྱིས་ནམ་རྒྱུན་མཧཱབྷ་ཏ་དེ་སྐལ་པ་གཉིས་ལྡན་གྱི་དུས་སུ་དྲང་སྲོང་རྒྱས་པས་མཛད་པ་གསལ་མོད།དེ་ནི་བྲམ་ཟེ་རྣམས་ཀྱི་འདོད་པ་ཙམ་ལས་གནས་ལུགས་རྒྱུ་མཚན་གང་ཡང་མེད་པའི་བཤད་ཚུལ་ཙམ་ཞིག་ཡིན་འདུག །གང་ཡིན་ཞེ་ན།རྒྱ་གར་ནང་ལ་ངག་ཐོག་གཏམ་བརྒྱུད་དེ་ཡིག་ཐོག་ཏུ་བཀོད་པའི་དུས་ནི་སངས་རྒྱས་ཤཱཀྱ་ཐུབ་པ་འདས་ནས་ལོ་ངོ་སུམ་བརྒྱའི་རྗེས་ནས་དར་ཁྱབ་བྱུང་བར་ཡོངས་གྲགས་ཡིན་འདུག་གོ།

༥༽དཔྱོད་པ་བ།

དཔྱོད་པ་བའི་སྟོན་པ་ནི་རྒྱལ་དཔོག་པ་ཡིན་ཞིང་།གྲུབ་མཐའ་འདི་ནི་ཡེ་ཤུའི་འདས་ལོ་འགོ་མ་ཚུགས་གོང་གི་ལོ་ངོ་བཞི་སྟོང་ལྷག་ཙམ་ནས་རིམ་གྱིས་དར་བའི་གཙུག་ལག་གི་གཞུང་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ། །གྲུབ་མཐའ་འདི་ལ་མིང་གི་རྣམ་གྲངས་ནི།སྤྱོད་པ་བ་དང་།རྒྱལ་དཔོག་པ་ཡང་བརྗོད་ཀྱི་ཡོད།སྲིད་སྲུང་དང།མཆོད་སྦྱིན་དང་།སྙན་ཚིག་དང་།ངེས་བརྗོད་ཅེས་རིག་བྱེད་བཞིའི་ཐོག་ནས་དབང་ཕྱུག་གི་ཞིང་ཁམས་སུ་སྐྱེ་ཐབས་ཀྱི་ཆོ་ག་བྱེད་བཞིན་ཡོད།བོད་ཀྱི་མཁས་པ་རྣམས་ཀྱིས་ཕྱི་རོལ་པའི་གྲུབ་མཐའ་ནང་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མི་བྱེད་ཅེས་གསུངས་ཀྱང་།དཔྱོད་པ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གི་ཐོག་ནས་རང་ཉིད་ཀྱི་གྲུབ་མཐའ་གཞན་ལ་གསལ་བ་བྱེད་བཞིན་ཡོད།ཡིན་ན་ཡང་།གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འདོད་སྟངས་ནི་སྦད་དེ་མི་འདྲ་བ་ཡིན་ནོ།།

༦༽རྒྱལ་བ་པ།

རྒྱལ་བ་པའི་སྟོན་པ་ནི་དྲང་སྲོང་མཆོད་འོས་ཡིན།གྲུབ་མཐའ་འདི་ལ་སྟོན་པའི་མཚན་གྱི་རྣམ་གྲངས་མི་འདྲ་བ་ཧ་ཅང་མང་པོ་ཡོད་རུང་།འདིར་ཁ་ཤས་ཞུས་ན་འདོམས་དཀྲིས་ཙམ་ཡང་མེད་པས་ན་གཅེར་བུ་པ་དང་།དྲང་སྲོང་མཆོད་འོས་སྟོན་པར་འཛིན་པས་ན་མཆོད་འོས་པ་དང་།རྒྱལ་བ་དམ་པའི་རྗེས་སུ་འབྲངས་པས་ན་རྒྱལ་བ་པ་དང་།མཁའ་ཡི་གོས་ཅན་སོགས་སོ། །གྲུབ་མཐའ་འདི་ལ་ཁྱུ་མཆོག་དང་།མཆོད་འོས་དང་།ལྡོང་རིས་དང་།འཕེལ་བ་སོགས་སྟོན་པ་ཤི་ཤུ་རྩ་ལྔ་བྱུང་བར་བཤད།ཕྱི་རོལ་པའི་གྲུབ་མཐའ་ཚང་མའི་ནང་ནས་འདི་ནི་འཚེ་མེད་ཞི་བའི་ལམ་ནས་རང་གི་ཐར་པ་ལ་འབད་བརྩོན་བྱེད་མཁན་ཁོ་ན་དེ་ཡིན།རྒྱལ་བ་པའི་སྟོན་པ་དང་ནང་པ་སངས་རྒྱས་པའི་སྟོན་པ་གཉིས་ནི་ཧ་ཅང་འདྲ་པོ་ཡོད་ལ་དུས་རབས་ཀྱང་གཅིག་ཡིན་ནོ།།

མཇུག་གཏམ།

ཕྱི་རོལ་པའི་གྲུབ་མཐའ་དེ་ཚོའི་བྱུང་རབས་ལ་བསམ་བློ་བཏང་བ་ཡིན་ན་རེ་འགའ་མ་གཏོགས་ནང་པ་སངས་རྒྱས་པ་དང་དུས་མཉམ་དང་ཕྲན་བུ་སྔ་བ་བྱུང་བ་སོགས་ནི་གསལ་པོ་རེད་འདུག །མང་པོ་ཞིག་གིས་ནང་པའི་གྲུབ་མཐའ་ནི་ཕྱིས་སུ་བྱུང་བར་བཤད་ཀྱི་འདུག་ཀྱང་།དེ་ལ་དེ་ཙམ་གྱི་ཡིད་རྟོན་འཕེར་བའི་ཚད་མ་ཞིག་མི་འདུག་སྙམ།གོང་དུ་ཞུས་ཟིན་པའི་ཕྱི་རོལ་པའི་གྲུབ་མཐའ་དེ་རྣམས་ཀྱི་བྱུང་བ་དང་སྟོན་པ་སོགས་ཀྱི་སྐོར་ལ་རྒྱས་པར་མཁྱེན་འདོད་ཡོད་པ་ཡིན་ན།སློབ་དཔོན་སེམས་དཔའ་རྡོ་རྗེས་མཛད་པའི་གྲུབ་མཐའ་ལ་གཟིགས་དང་ཧ་ཅང་གསལ། དེའི་ནང་ཕྱི་ནང་གཉིས་ཀྱི་གྲུབ་མཐའི་བྱུང་རིམ་སྐོར་ལ་གླེགས་བམ་སྟོད་སྨད་གཉིས་སུ་ཕྱེ་སྟེ་དེབ་གཟུགས་པར་བསྐྲུན་གནང་འདུག།།

རང་ཉིད་ལ་ནང་དོན་རིག་པའི་གཞུང་ལུགས་ལ་གོམས་པ་དེ་ཙམ་མེད་པ་ཡིན་པས།སྔོན་བོད་ཀྱི་མཁས་པ་རྣམས་ཀྱིས་གང་གསུངས་པ་རྣམས་ལ་ལད་ཟློས་ཙམ་མ་གཏོགས་ངེས་ཤེས་རྙེད་པའི་གྲུབ་དོན་ཞིག་བཀོད་ཐུབ་ཀྱི་མི་འདུག།།ལྷག་པར་དུ་འདིར་བྲིས་ཁུལ་བྱས་པ་དེ་དག་ཐམས་ཅད་ནི་བོད་ཀྱི་ས་དགེ་བཀའ་རྙིང་རྣམས་ཀྱིས་མཛད་པའི་མཁས་པ་རྣམས་ཀྱི་གཞུང་ལུགས་རྣམས་ལ་གཤིབ་བསྡུར་བྱས་ཏེ་བྲིས་པ་ལགས་ན་ནོར་འཁྲུལ་གྱི་ཕྱོགས་ལ་མཁས་པས་མཛུབ་སྟོན་ཡོང་བའི་རེ་འདུན་ཞུའོ།།

སྨྲས་པ།

རིགས་པ་བརྡར་ཤ་རྣོན་པོ་གཅོད་བྱེད་མེད།།

སྒྱུ་རྩལ་དབྱངས་ཀྱི་འགྱུར་ཁུག་འདི་ན་མེད།།

རྣམ་དཔྱོད་ལྡན་པའི་ཤེས་རབ་དེ་བས་མེད།།

ཅི་ཡང་མེད་ཀྱང་ལྷག་བསམ་རྣལ་མ་ཡིན།།

དཔྱད་གཞིའི་ཡིག་ཆ་ཁག་གི་མཚན་གཞུང་།

༡༽གྲུབ་མཐའ་རིན་ཆེན་ཕྲེང་བ།

༢༽མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་གྱི་འགྲེལ་པ།

༣༽དུང་དཀར་རིན་པོ་ཆེའི་གྲུབ་མཐའ།

༤༽མཁྱེན་རབ་དབང་ཕྱུག་གིས་མཛད་པའི་གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ།

༥༽དུང་དཀར་ཚིག་མཛོད།

༦༽གྲུབ་མཐའི་བྱུང་བ་བརྗོད་པ།

༧༽གྲུབ་མཐའ་མཁས་པའི་ཡིད་འཕྲོག

༨༽གྲུབ་མཐའ་སྙིང་པོ་ཀུན་ལས་བཏུས་པ་ལུང་རིགས་སྙེ་མ།

Share197Tweet123

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།