Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་ལ་ཕྱིར་མིག

ཆོས་ཉིད་འོད་ཟེར།

April 2, 2022
in དཔྱད་རྩོམ།
0
TIBET LANDSCAPEThe potala palace,in Tibet of ChinaThe potala palace,in Tibet of China

TIBET LANDSCAPEThe potala palace,in Tibet of ChinaThe potala palace,in Tibet of China

སྔོན་གླེང།

བོད་རྒྱལ་ཁབ་ནི་ལོ་རྒྱུས་དང་སྐད་ཡིག  །ཆོས་དང་རིག་གཞུང་གང་གི་ཆ་ནས་དེའི་དུས་དང་དེའི་སྐབས་སུ་འཛམ་གླིང་གི་རྒྱལ་ཁབ་སྤྱི་མཚུངས་ལྟར་མཐུན་རྐྱེན་ཡོད་པ་མ་ཟད། རི་མཐོ་ས་གཙང་ཞེས་ཁོར་ཡུག་ཕུན་སུམ་ཚོགས་ལ་བཙན་པོ་རིམ་བྱོན་སྐབས་སྟོབས་ཆེན་རྒྱལ་ཁབ་ཀྱང་ཆགས་མྱོང་ཡོད་པ་ལོ་རྒྱུས་ཁག་ཏུ་གསལ་བ་བཞིན་རེད། བཙན་པོའི་གདུང་རྒྱུད་ཀྱིས་རྒྱལ་སྲིད་སྤྱི་སྐྱོང་རྒྱུ་མཚམས་ཆད་རྗེས་བོད་སིལ་བུར་འཐོར་བ་དང་། མཚམས་རེར་གཅིག་གྱུར་དང་མཚམས་རེར་ཁྲིམས་སྒོ་རང་བཙན་གྱི་ས་གནས་བྱས་ནས་ཀྱང་མང་པོ་སྡོད་དགོས་བྱུང་ཡོད་པ་རེད། འདིར་གླེང་བར་བྱ་བ་ནི་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་དང་དེའི་ནང་ནས་ྋརྒྱལ་དབང་སྐུ་ཕྲེང་ ༡༣ པའི་སྐབས། དེ་རྗེས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་བཟུང་། བོད་མིའི་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱི་བྱུང་རིམ་ལ་ཕྱིར་མིག་བལྟས་ནས་བསྐྱར་ཞིབ་མདོར་བསྡུས་བྱེད་རྒྱུ་ཡིན།

དང་པོ། དགའ་ལྡན་ཕོ་བྲང་གི་བྱུང་བ་མདོར་བསྡུས།

ྋརྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཡིན་པ་དང་། ཁོང་གཙང་རུ་ལག་གི་སའི་ཆ་ས་སྐྱའི་ཉེ་འདབས་སུ་ཕྱི་ལོ་ ༡༣༩༡ ལོར་སྐུ་བལྟམས། དགའ་ལྡན་ཕོ་བྲང་ནི་དེ་སྔོན་འབྲས་སྤུངས་སུ་རྡོ་ཁང་སྔོན་མོ་ཟེར་བ་ཞིག་ཡོད་ལ་དེའི་སྐབས་བོད་ཀྱི་སྲིད་དབང་སྐྱོང་མཁན་གྱི་སྣེའུ་གདོང་དཔོན་རིགས་རྣམས་འབྲས་སྤུངས་སུ་ཡོང་སྐབས། གནས་ཁང་ཡིན་པས་འབྲས་སྤུངས་དཔོན་ཁང་ཡང་ཟེར་ཞིང་། ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་གཅིག་པ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་སྲིད་དབང་བཟུང་བ་དང་། ྋརྒྱལ་དབང་སྐུ་ཕྲེང་གཉིས་པས་འབྲས་སྤུངས་ཀྱི་མཁན་པོ་གནང་སྐབས། ཕྱི་ལོ་ ༡༥༡༨ ལོར་ྋམགོན་པོ་གང་ཉིད་བཞུགས་གནས་སུ་ཕུལ་ཏེ་མིང་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས། དེ་རྗེས་རྒྱལ་དབང་སྐུ་ཕྲེང་གསུམ་པས་ཕོ་བྲང་འདི་རྒྱ་བསྐྱེད་གནང་ནས་ྋརྒྱལ་དབང་སྐུ་ཕྲེང་རིམ་པའི་བཞུགས་གནས་གཙོ་གྲས་སུ་གྱུར། 

ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་ནི་བོད་ལྷོ་ཁ་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་ཕྱི་ལོ་ ༡༦༡༧ ལོར་སྐུ་འཁྲུངས། རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས་རྗེས། སྐབས་དེའི་བོད་ཀྱི་སྲིད་སྐྱོང་གཙང་པ་རྒྱལ་པོའི་དབང་ཤུགས་ལ་བརྟེན་ནས། འབྲས་སྤུངས་དགོན་པར་གདན་ཞུ་མ་ཐུབ་པར་ལོ་ཤས་ལུས་ཤིང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནས་གཙང་པ་རྒྱལ་པོར་ཐབས་མཁས་དུ་མའི་སྒོ་ནས་ཞུ་བསྐུལ་གནང་བར་བརྟེན་དགའ་ལྡན་ཕོ་བྲང་དུ་གདན་འདྲེན་ཞུས།

དགུང་ལོ་ཉེར་ལྔ་བཞེས་སྐབས་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དམག་དཔུང་དབུས་སུ་ཡོང་སྟེ། སྐབས་དེའི་བོད་ཀྱི་སྲིད་སྐྱོང་གཙང་པ་རྒྱལ་པོའི་སྲིད་གཞུང་ཕམ་པར་བརྒྱབ། བོད་ཀྱི་སྲིད་དབང་ཡོངས་རྫོགས་རྒྱལ་དབང་ལྔ་པ་ཆེན་པོར་ཕུལ་ནས་དགའ་ལྡན་ཕོ་བྲང་དེ་བོད་ཀྱི་སྲིད་གཞུང་གི་མིང་དུ་བསྒྱུར། སྐབས་དེར་བོད་ཀྱི་གཞུང་མང་ཡུལ་དགོན་གཉིས་ལ་དམག་འཁྲུག་གི་བརྡབ་གསིག་ཆེན་པོ་ཐེབས་ཀྱང་ྋརྒྱལ་དབང་ལྔ་པས་སྲིད་དབང་བསྐྱངས་པ་དང་རིམ་པས། དམག་འཁྲུག་ཞི་འཇགས་དང་ཡུལ་ལུང་བདེ་ཐབས། ཁྲིམས་ཀྱིས་དབང་བསྒྱུར་ཡོད་པའི་ལམ་ལུགས་གསར་གཏོད་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ། ཆོས་སྲིད་གཉིས་ཀྱི་མངའ་ཐང་ཆེན་པོ་དར། ༡༦༥༢ ཙམ་ནས་རྒྱལ་དབང་ལྔ་པ་སྐུ་འཁོར་བཅས་རྒྱ་ནག་ཏུ་ཕེབས་ཏེ། རྒྱ་ནག་གི་རྒྱལ་པོ་དང་མཇལ་འཕྲད་སྐབས། རྒྱལ་པོ་ཁྲི་ལས་བབས་ཏེ་འཚམས་འདྲི་གནང་རེས་ཞུས་པ་དང་། སོ་སོའི་ཁྲི་ལ་བཞུགས་ཏེ་གསོལ་ཚིགས་མཉམ་བཞེས་མཛད། དེ་རྗེས་པེ་ཅིང་དུ་ཕེབས་ཏེ་ཕན་ཚུན་འབུལ་ཚན་མང་པོ་བཞེས་གནང་མཛད། དེ་ནི་བོད་གཞུང་གི་ཕྱི་འབྲེལ་གྱི་ལམ་ཁ་ཆེན་པོ་ཞིག་སྒོ་ཕྱེས་པ་ཞིག་ཡིན་པ་དང་། སྐབས་དེར་རྒྱ་བོད་བར་གྱི་འབྲེལ་ལམ་ཡག་པོ་བྱུང་ཡོད། ཁོང་གིས་གསུང་རྩོམ་དང་ཆོས་ཁྲིམས་ནང་བསྟན་སློབ་གླིང་གི་བཅའ་ཁྲིམས། ཁྲིམས་ཡིག་སོགས་འགྲེམས་སྤེལ་གནང་སྟེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་རྒྱ་ཆེར་བཞེས་ནས། བོད་མིའི་ཁྲིམས་མཐུན་གྱི་གཞུང་དེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་དེ་ཆགས་པའི་བྱུང་བ་མདོར་བསྡུས་སུའོ།།

གཉིས་པ། དགའ་ལྡན་ཕོ་བྲང་གི་ཁྱབ་ཚད།

རྒྱལ་དབང་ལྔ་པས་བོད་ཀྱི་སྲིད་དབང་བསྐྱངས་ནས་དགའ་ལྡན་ཕོ་བྲང་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཆགས་པ་དང་། སྐབས་དེར་བོད་ཀྱི་འགྲིམ་འགྲུལ་སོགས་ཀྱི་རྐྱེན་པས་དུས་རྒྱུན་བོད་ས་ཡོངས་ལ་འབྲེལ་བ་དེ་ཙམ་འཛུགས་མ་ཐུབ་པ་ཡོད་ཀྱང་། སྤྱིིིའི་ཆ་ནས་ཨ་མདོ་དང་ཁམས་བཅས་བོད་ཆོལ་ཁ་གསུམ་གྱི་ས་གནས་སུ་ཁྱབ་ཀྱི་ཡོད་པ་རེད། སྐབས་དེར་ཟི་ལིང་དུ་སྤྱི་ཁྱབ་པ་(ཟི་ལིང་རྟ་དཔོན་ཟེར་གྱི་ཡོད་འདུག)དང་། དར་རྩེ་མདོར་མདོ་སྨད་སྤྱི་ཁྱབ་(དར་རྩེ་མདོའི་ཇ་དཔོན་ཡང་ཟེར་སྲོལ་འདུག)བཙུགས་ཏེ་ས་གནས་ཡོངས་སུ་ཁྱབ་པ་བྱས་ཡོད་ལ། རིམ་པས་རྒྱལ་དབང་སྐུ་ཕྲེང་རེ་ཟུང་དགུང་ལོ་ཆུང་དུས་སུ་སྐུ་གྲོངས་པ་དང་། དགུང་ན་ཆུང་སྐབས་སྲིད་དབང་སྐྱོང་མ་ཐུབ་པ་སོགས་ཀྱི་གནས་ཚུལ་བྱུང་བ། བོད་དབུས་ཕྱོགས་སུ་སྲིད་དབང་གི་གོ་གནས་ཐད་ནང་ཁུལ་དུ་འགྲན་རྩོད་རིགས་འདྲ་མིན་བྱས་ཏེ། ནང་འཁྲུག་མི་ཉུང་བ་བྱུང་བ་སོགས་ལས་བོད་ཀྱི་སྲིད་དབང་གང་འཚམས་ཉམས་དམས་སུ་གྱུར་པར་བརྟེན། ས་ཆ་ཁ་ཤས་སུ་ས་གནས་ཀྱི་དཔོན་པོས་སོ་སོའི་ས་ཁུལ་རང་སྐྱོང་ལྟ་བུའམ་ཁྲིམས་སྒོ་རང་བཙན་བྱས་ཏེ་སྲིད་བསྐྱངས་པ་དང་། ས་མཚམས་ཁག་ཏུ་རྒྱ་ནག་གིས་དབང་བསྒྱུར་བྱེད་འགོ་ཚུགས་པ་སོགས་བྱུང་། མདོ་སྨད་སྤྱི་ཁྱབ་ཉག་རོང་དུ་གནས་སྤོས་ནས་ ༡༨༤༣ ལོར་གྲྭ་ཕྱི་ཕུན་རབ་པ་ཚེ་རིང་དཔལ་ལྡན་སྤྱི་ཁྱབ་པར་ བསྐོ་བཞག་བྱས་པ་དང་། ༡༩༡༠ ལོ་ཡས་མས་ནས་མདོ་སྨད་སྤྱི་ཁྱབ་ཀྱི་མིང་རང་སོར་ཡོད་ཀྱང་སྡོད་གནས་ཆབ་མདོར་སྤོ་དགོས་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༣༣ ཆུ་སྤྲེལ་ལོར་སྐྱེ་རྒུ་མདོའི་ཕྱོགས་དང་བྱང་རྒྱུད་ས་སྲུང་འགོ་དམག་སོགས་ཀྱི་ཞི་དྲག་སྤྱི་འདོམས་སུ་མཁན་དྲུང་དངོས་གཞི་ཐུབ་བསྟན་ཀུན་མཁྱེན་བསྐོ་བཞག་མཛད།

གསུམ་པ། རྒྱ་ནག་མན་ཇུའི་གཞུང་གི་བཙན་འཛུལ་ལ་བོད་མིའི་རྒོལ་ལན་སློག་སྟངས་མདོར་བསྡུས།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་སྲིད་དབང་བསྐྱངས་པ་དང་། སྐབས་དེར་དབྱིན་ཇི་ཡིས་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས་པ་དང་། རྒྱ་ནག་མན་ཇུའི་གཞུང་གི་བཙན་འཛུལ་སོགས་ཕྱི་ནང་གི་དཀའ་སྡུག་དུ་མར་གདོང་ལེན་གནང་སྟེ། སིམ་ལར་དབྱིན་བོད་དབར་དང་། དེ་བཞིན་བོད་སོག་བར་དུ་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ཆིངས་ཡིག་བཞག  །ཕྱི་ལོ་ ༡༩༡༢ ལོར་བོད་རང་བཙན་གྱི་རྩ་ཚིག་གསལ་བསྒྲགས་གནང་བ་མ་ཟད། ལྷ་ས་ནས་རྒྱ་དམག་ཕྱིར་སྐྲོད་དང་། འབྲི་ཆུ་ཕར་ཕྱོགས་བོད་མདོ་སྨད་ཕྱོགས་ཀྱི་མན་ཇུ་དབང་བསྒྱུར་བ་ཕུད་རྒྱུའི་ལས་ལ་དངོས་སུ་ཞུགས་ཏེ། བོད་རྒྱལ་ཁབ་དེ་ ༡༩༥༡ ལོའི་བར་ཁྲིམས་མཐུན་གྱི་ཐོག་ནས་གནས་ཐུབ་ཡོད་པ་ལོ་རྒྱུས་ཀྱིས་ངོས་འཛིན་ལྟར། བོད་མཚོ་སྔོན་ཕྱོགས་སུ་མཱ་པོའུ་ཧྥང་གིས་བཙན་འཛུལ་རིམ་པ་བྱས་ཏེ། མཚོ་སྔོན་ཞིང་ཆེན་འཛུགས་སྐབས་བོད་མིས་དམག་འཐབ་བྱས་ཏེ་ངོས་ལེན་བྱས་མེད་ལ། དེ་མཚུངས་དཀར་མཛེས་ཕྱོགས་སུ་ཀྲོ་ཨིར་ཁང་གིས་བཙན་འཛུལ་བྱས་པར་དམག་འཐབ་བྱས་ཏེ། རིམ་པས་བོད་དབུས་ནས་མན་ཇུའི་བཙན་འཛུལ་བ་ཕྱིར་ཕུད་ཀྱི་ལས་དོན་རིམ་པ་བརྩམས་པ། ཕྱི་ལོ་༡༨༡༡ ལྕགས་ཕག་ལོར་ྋགོང་ས་བཅུ་གསུམ་པ་རྡོར་གླིང་དང་ཀ་སྦུག་ཏུ་བཞུགས་འཇགས་རིང་དབྱིན་ཇི་དང་རུ་སུར་བོད་དོན་སྐོར་ཐབས་ཤེས་གང་ཡོད་པ་དང་དུས་མཚུངས། ཁམས་ཕྱོགས་སུ་ལྡན་མ་མཛོད་པ་རྩེ་དྲུང་མངགས་བརྫོང་གནང་བའི་མདུན། ཡུལ་དགོན་ཚང་མས་བསྟན་དོན་གཟོང་ཁ་ཆིག་བསྒྲིལ་དགོས་སྐོར་སྦུག་དམ་བཀའ་ཡིག་བསྩལ་སྐབས། ས་གནས་ཆེ་ཁག་ཁ་ཤས་ཀྱིས་མིང་ཟུར་འདོན་བྱས་པ། “ཆབ་བྲག སྨྲ་མཛོ་གསང་གསུམ། སྡེ་དགེ། གོ་འཇོ། འབའ་ལི། ཧོར་སེར། འགུ་ལོག་སོགས་ཀྱི་སྤྱི་དཔོན་དང་། མཛོད་པ་ལས་འཛིན། རྫོང་གཞིས་དང་། མངའ་ཁུལ་ཡུལ་དགོན་ཁག་གི་བསམ་ཡོད་སེར་སྐྱ་མཆོག་དམན་མཐའ་དག་ལ་བཟློ་བ། བར་སྐབས་རྒྱ་ཕྱོགས་ནས་མཆོད་ཡོན་དམ་ལ་དང་། ཁྲིམས་འབྲས་གང་ཅིར་བསམ་ཤེས་མེད་པར་མདོ་སྨད་ཁུལ་རྒྱལ་བསྟན་འཛིན་སྤེལ་གྱི་གྲྭ་བསད། དགོན་གཏོར་ཐོག  གངས་ལྗོངས་ཆབ་སྲིད་བསྣུབས་སེམས་གསར་སྤྲོས། རྒྱ་དཔོན་དཔུང་དམག་བཅས་འབྱོར་ཏེ། ཆོས་ཀྱི་ཞིང་སའི་དོན་གྱི་བདག་པོའང་བཞུགས་བཟོད་མ་བདེ་བ་བྱུང་བ་བརྟེན་བསྟན་སྲིད་ཕུགས་སྐྱོན་བསྲང་བའི་ཐབས་ཤེས་བདེན་སྐུལ་མཛད་མུས་ལ། ད་ཆ་རྒྱ་ཡུལ་ཞིང་ཆེན་ཕལ་ཆེ་བས་ཀྱང་གོང་མར་ངོ་ལོག་གི་ཟིང་འཁྲུག་ཅི་ཆེས་ཁམས་ཕྱོགས་བསྟན་གནོད་བྱེད་གཏེ་རྒྱ་དཔོན་དམར་བསད་བཏང་ཡོད་པའི་ཐོག དེང་སྐབས་གོང་མའི་སྲིད་ཀྱང་སྔ་སོར་གནས་མིན་མ་རྟོགས་པའི་མཚམས་སུ་གྱར་བས་འགྱངས་གཞི་ཕྲན་བུ་ཡོང་རིགས་མ་གཏོགས། བསྟན་སྲིད་བཞེད་དོན་ལེགས་འགྲུབ་ཡོང་རྒྱུར། ཀུན་ནས་འཕྲལ་ཕུགས་བདེ་དོན་གང་ཅི་ད་ལྟ་ནས་འཐུས་ཤོར་མེད་པ་ཞིག་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་རན་ལ་བརྟེན་ཕྱོགས་དེའི་བདེ་སྡུག་ཞིབ་འཇུག་ཐོག  རང་གཞན་བསྟན་འགྲོ་ཀུན་དགེའི་འཕྲོས་མོལ་ཁྱབ་འདོམས་བྱེད་པོར་ལྡན་མ་མཛོད་པ་འདི་ཞིབ་ཆའི་བཀོད་མངགས་དང་བཅས་ཆེད་བརྫོང་སོང་བ། དེ་ན་ཁྱོད་གོང་འཁོད་རྣམས་ནས་འདི་པ་དང་བློ་གྲོས་ཞིབ་བསྡུར་ཐོག་ནས་ཞི་དྲག་གཞུང་དོན་བྱེད་དགོ་སྐབས་ས་བབ་པས་སྔོན་དུ་ཁས་ལེན་རིམ་བྱུང་ལྟར། ཀུན་གྱི་སྲོག་ལས་གཅེས་པའི་སྲུང་བྱ་གཅིག་པུ་རྒྱལ་བསྟན་རིན་པོ་ཆེ་གནས་ཐབས་འདི་ཕྱི་ཀུན་དགེའི་བྱ་བ་གལ་ཆེ་དང་། གཞུང་སའི་བཀའ་དྲིན་རྗེས་དྲན་གྱིས་ཚང་མ་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ། བསྟན་འགྲོའི་ཆབ་སྲིད་བདེ་ཐབས་རང་དོན་རང་གཅེས་ཕྱར་བ་གྲུ་འདེགས་ཚུལ་བཞིན་དགོས་རྒྱུ་དང་ལྡན་མ་མཛོད་པ་ནས་ཀྱང་ཟ་འདོད་བརྡབ་གསིག་རིགས་བཏང་མི་ཆོག་པ་བཅས་དེ་དོན་ཚང་མས་སྦང་བླང་འཛོལ་མེད་ཡོང་བ་གྱིས་”ཞེས་བསྩལ་ཡོད་པ་རེད། 

རྒྱ་ནག་མི་སེར་རྒྱལ་ཁབ་གསར་པའི་སྲིད་འཛིན་ཡོན་ཧྲི་ཁའེ་ཡིས་རྒྱ་ནག་མི་སེར་རྒྱལ་ཁབ་གསར་ཚུགས་སྐོར་གསལ་བསྒྲགས་དང་སྦྲགས་བོད་ནས་ཀྱང་དེ་ལྟའི་སྲིད་ཇུས་ལ་ཞལ་བཞེས་ཡོང་བ་ཞེས་རྒྱ་གར་གཞུང་བརྒྱུད་ྋགོང་ས་བཅུ་གསུམ་པར་གནས་ཚུལ་ཕུལ་བའི་བཀའ་ལན་དུ། མི་སེར་རྒྱལ་ཁབ་ཚུགས་ཚར་ཙམ་ཡིན་པས་རྒྱལ་ཁབ་གྱི་རྨང་གཞི་བརྟན་པོ་དགོས་སྐོར་དང་། བོད་མི་ཚོས་རང་ཉིད་ཀྱི་གནས་སྟངས་སྲུང་སྐྱོབ་ཐུབ་པས་སྲིད་འཛིན་གྱིས་དེའི་ཐད་སེམས་འཚབས་མི་དགོས། བོད་མི་ཚོ་རྒྱ་མིར་མི་དགའ་བའི་རྒྱུ་རྐྱེན་རྒྱ་དམག་གིས་སྡུག་པོ་དང་གཏོར་བཤིག་བཏང་བས། བོད་མིས་རྒྱ་ནག་ལ་ངོ་རྒོལ་མི་བྱེད་ག་ལ་སྲིད་པའི་སྐོར་གྱི་ཡིན་ལན་ཕུལ་བ་དང་། ཕྱི་ལོ་ ༡༩༡༠ ལྕགས་ཁྱི་ལོར་མན་ཇུའི་གོང་མས་ཕུལ་བའི་ྋགོང་ས་མཆོག་གི་མཚན་གནས་སྐོར་གྱི་ལན་དུ། གོང་ས་མཆོག་གིས་ “ཏཱ་ལའི་བླ་མར་རྒྱ་ནག་གིས་གཞུང་ནས་གོ་གནས་གང་ཡང་བཞེས་འདོད་མེད། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀའི་དབང་ལུང་སྔར་བཞིན་བདག་གིར་བཞེས་མུས་སུ་ཡོད། བོད་དང་རྒྱ་ནག་དབར་དེ་སྔོན་མཆོད་ཡོན་གྱི་འབྲེལ་བ་ཡག་པོ་ཡོད་རུང་། ཉེ་དུས་རྒྱལ་ཁབ་གཉིས་དབར་འབྲེལ་བ་ཡག་པོ་བྱུང་མེད་སྟབས། ད་ཆ་བོད་མི་ཚོས་རང་གི་དབང་ཆ་བསྐྱར་གསོ་བྱས་ཡོད་”ཅེས་འཁོད་པའི་བཀའ་ཡིག་བསྩལ།  

ྋགོང་ས་བཅུ་གསུམ་པ་རྒྱ་གར་ནས་ཕྱིར་ལྷ་སར་ཕེབས་ནས་རྒྱལ་ཁབ་སྲ་བརྟན་སྔར་ལྷག་བཏང་བ་དང་། ལྷ་སའི་རྒྱ་དམག་དང་མགོ་དཔོན་ཡོངས་ཕྱིར་ཕུད་ལམ་འཇུག་བྱས་ཏེ། ཕྱི་ལོ་༡༩༡༨ བོད་དབུས་གཞུང་ནས་ཁམས་ཕྱོགས་ཀྱི་རྒྱ་དམག་ཕྱིར་ཕུད་བཏང་སྟེ་སྡེ་པ་གཞུང་གི་དཔོན་རིགས་ (བཀྲས་མཐོང་ཚང་) སྡེ་དགེ་ཕྱོགས་སུ་ཁྲལ་བསྡུ་བར་སླེབས་ཡོད་པ་རེད། ཕྱི་ལོ་༡༩༢༧ མེ་ཡོས་ལོར་སེར་སྨད་གྲྭ་ཚང་གི་མཁན་པོ་གཏོང་ཁུངས་པེ་ཅིང་གཡུང་དགོན་མཁན་པོ་དཀོན་མཆོག་འབྱུང་གནས་བོད་ལ་ཕྱིར་ལོག་སྐབས། རྒྱ་ནག་གི་སྲིད་འཛིན་ཅང་ཀེ་ཤི་ནས་ྋགོང་ས་བཅུ་གསུམ་པར་ཕུལ་བའི་ཕྱག་བྲིས་ནང་བོད་ཕྱི་མིང་ཙམ་གྱིས་རྒྱའི་ཁོངས་གཏོགས་(ཛི་ཀྲི་) ཞེས་པ་ཁས་ལེན་གནང་ན་རྒྱ་ནག་གཞུང་ནས་གང་ཅིའི་སྐོར་བོད་གཞུང་གི་དགོངས་བཞེད་མཐུན་པའི་རྒྱབ་སྐྱོར་གཙང་མ་ཞུ་སྐོར་འཁོད་པའི་ལན་དུ། ྋགོང་ས་བཅུ་གསུམ་པས་རྒྱ་བོད་གྲོགས་པོའི་མཐུན་ལམ་ཞུ་རྒྱུར་མཉེས་པོ་ཡོད། བོད་རྒྱ་ཁོངས་སུ་མིང་ཙམ་ཟེར་བར་ཞལ་བཞེས་གནང་ཐུབ་མེད་པའི་ལན་ཕུལ། ༡༩༣༦ ལོར་རྒྱ་ནག་དམར་ཤོག་གི་དམག་རྒྱང་བསྐྱོད་བྱས་ཏེ་བོད་ཁམས་ཕྱོགས་སུ་འབྱོར་སྐབས། མདོ་སྤྱི་ཞབས་པད་བླ་མའི་དམག་དུས་སྐབས། མདོ་སྨད་མངའ་ཁུལ་དུ་རྩ་ཚུགས་བསྩལ་ཏེ། སྡེ་དགེ་དང་ཉག་རོང་། ཧོར་ཁོག  །འབའ་ལི་སོགས་ཀྱི་སྡེ་དགོན་ཚང་མས་རྒྱ་དམག་འགོག་ཐབས་སུ་ལྷ་དམག་འཕྲལ་རྫོང་དགོས་སྐོར་བརྗོད་པ་དང་། དབུས་ནས་དམག་རིམ་པ་བཏང་ནས་རྒྱ་ནག་གིས་དམག་འཚམས་འཇོག་དགོས་བྱུང་ཡོད་པ་རེད། 

འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་བརྩམས་པའི་ <<ཕྱིར་རྟོག་>>གི་ནང་ཡོན་རྒྱལ་རབས་དེ་སོག་པོས་བོད་དང་རྒྱ་ལ་དབང་བསྒྱུར་བྱས་པ་ལས། རྒྱ་ནག་གི་རྒྱལ་རབས་ཤིག་མིན་སྐོར་དང་། དེ་རྗེས་ “ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་དཀའ་སྡུག་མང་དུ་མྱངས་པར་བརྟེན། ཁོང་ཉིད་གང་ཅིར་གདེང་ཚོད་ཡོད་པ་ཞིག་ཏུ་གྱུར་ནས་གངས་རིའི་ལྗོངས་འདི་དར་ཞིང་རྒྱས་པར་ཁོང་གིས་རང་ནུས་གང་ཡོད་བཏོན་པ་རེད། ཆིང་རྒྱལ་རབས་མགོ་རྟིང་བསློགས་རྗེས། ཕྱི་ལོ་ ༡༩༢༤ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགེ་འདུན་པ་དཀོན་མཆོག་འབྱུང་གནས་པེ་ཅིན་དུ་མངགས་ནས་དགའ་ལྡན་ཕྱིན་ཆགས་གླིང་གི་མཁན་པོའི་འགན་བསྐྱངས་པ་དང་འབྲེལ། སྐབས་དེའི་སྲིད་གཞུང་དང་འབྲེལ་གཏུག་བྱེད་མཁན་བྱས། རྗེས་སུ་བོད་ཀྱི་བཀའ་ཤག་གིས་དཔོན་རིགས་ནན་ཅིན་དུ་མངགས་ཤིང་དེ་གར་དོན་གཅོད་ཁང་བཙུགས་ནས་རྒྱལ་དམངས་སྲིད་གཞུང་དང་འབྲེལ་གཏུག་གི་རྒྱུན་བསྐྱངས”ཞེས་འཁོད་ཡོད་པ་དང་། ཡང་དེབ་དེའི་ནང་ “ཙོང་ཁ་པ་བློ་བཟང་གྲགས་པས་སྲོལ་བཏོད་པའི་དགེ་ལུགས་པས་དུས་རབས་ ༡༧ པའི་ནང་ཨ་མདོ། ཁམས། མངའ་རིས་བཅས་ཚུད་པའི་བོད་ཁུལ་ཧྲིལ་པོ་དང་མོང་གོལ་ས་ཡོངས་སུ་རིམ་བཞིན་དབང་བསྒྱུར་གྱི་གོ་གནས་ཐོབ་པར་གྱུར་”ཞེས་འཁོད་ཡོད་པ་རེད།  

བཞི་པ། རྒྱ་ནག་དམར་ཤོག་གཞུང་གི་བཙན་འཛུལ་ལ་བོད་མིའི་རྒོལ་ལན་སློག་སྟངས་མདོར་བསྡུས།

ཕྱི་ལོ་ ༡༩༤༠ ནང་ནས་རྒྱ་ནག་དམར་ཤོག་གིས་བསྐྱར་དུ་བོད་ཀྱི་ས་མཚམས་ནས་ཡར་བཙན་འཛུལ་བྱེད་འགོ་ཚུགས་པ་དང་། བོད་མི་ཚོས་འགོག་རྒོལ་ཞི་དྲག་གཉིས་ནས་བྱས་པ་དང་། ༡༩༥༠ ལོར་རྒྱ་དམག་གིས་ཨ་མདོ་དང་ཁམས་ཕྱོགས་སུ་བཙན་གནོན་བྱས་ཏེ། དམག་དཔུང་ཆབ་མདོར་འབྱོར་བ་དང་ཆབ་མདོའི་བོད་གཞུང་རླུང་འཕྲིན་ལས་ཁུངས་བཀག་འགོག་དང་མདོ་སྤྱི་ང་ཕོད་ལས་བྱེད་ཡོངས་འཛིན་བཟུང་བྱས་ཏེ་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཛ་དྲག་གི་གནས་སུ་སླེབས་སྐབས་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་དགུང་ན་ ༡༦ ལས་སོན་མེད་ནའང་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རྒྱལ་དབང་མཆོག་གིས་ “རང་རེའི་རྒྱལ་རབས་ནང་ཉེན་འགག་འདི་འདྲའི་སྐབས་སུ་ངེད་ལོ་ན་ཕྲ་ཡང་། རང་གི་ལུང་པའི་འགོ་ཁྲིད་གང་ཐུབ་བྱས་ཆོག་”ཅེས་ཞལ་བཞེས་ཐོབ་པ་དང་། སྐབས་དེར་ལྷ་སར་རང་དབང་ཅུང་ཡོད་པས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ་སྔར་ལུགས་ལྟར་ཁྲི་སྟོན་གྲ་རྒྱས་མཛད། རྒྱ་ནག་གིས་ཁྲི་སྟོན་ལ་འཚམས་འདྲི་ཞུ་མཁན་གྱི་སྐུ་ཚབ་ཅིག་ཀྱང་ཆེད་གཏོང་བྱས་ཡོད་པ་དང་མའོ་ཙེ་ཏུང་གི་འཚམས་འདྲིའི་འཕྲིན་ཡིག་འབྱོར་བ་སོགས་རྒྱལ་ཁབ་གཞན་ནས་ཀྱང་འཚམས་འཕྲིན་འབྱོར་ཡོད་པ་རེད། 

རྒྱལ་དབང་མཆོག་གིས་སྲིད་ཀྱི་ཐུགས་འགན་བཞེས་མ་ཐག་ཆབ་མདོར་ཡོད་པའི་རྒྱ་དཔོན་བརྒྱུད་རྒྱ་ནག་གཞུང་གི་བོད་སར་འབྱོར་བའི་རྒྱ་དམག་ཕྱིར་འཐེན་དང་། བོད་རྒྱའི་མཛའ་གྲོགས་འབྲེལ་བ་སླར་གསོ་དགོས་ལུགས་ཀྱི་བཀའ་ཡིག་བསྩལ་ཏེ། དེའི་སྐབས་ནས་བོད་རྒྱའི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་ཐུགས་འདུན་ལ་གཡོ་བ་མེད་པར་འབད་བརྩོན་གནང་།

དེ་རྗེས་རྒྱ་ནག་གི་དབང་ཤུགས་ཆེ་རུ་སོང་བ་དང་༸རྒྱལ་དབང་མཆོག་གྲོ་མོར་ཉེན་ཡོལ་དུ་ཕེབས་དགོས་བྱུང་བ་དང་རྒྱ་ནག་ཏུ་བོད་གཞུང་སྐུ་ཚབ་བཀའ་བློན་ང་ཕོད་ཀྱིས་དབུ་ཁྲིད་པའི་ཞི་མོལ་ཚོགས་ཆུང་ཆེད་གཏོང་གནང་བ་དང་། ༡༩༥༡ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་པེ་ཅིང་དུ་བོད་གཞུང་གི་སྐུ་ཚབ་ཚོར་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཅན་ཞིག་ལ་མཚན་རྟགས་བཀོད།  བོད་གཞུང་མང་ཡོངས་ནས་གྲོས་མཐུན་དེ་ལག་ལེན་བསྟར་བར་རེ་བ་བྱས་ནས་རྒྱ་བོད་མཐུན་སྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང། ༡༩༥༤ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྩ་ཁྲིམས་གཏན་འབེབས་ཚོགས་འདུར་༸རྒྱལ་དབང་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གདན་ཞུ་ཞུས་དོན་ལྟར། རྒྱ་ནག་པེ་ཅིང་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་དང་སྲིད་བློན་ཀྲུའུ་ཨེན་ལེ་སོགས་ལ་མཇལ་འཕྲད་ཀྱིས་བོད་ཀྱི་མངའ་སྡེར་ཞི་བདེ་ཡོང་ཐབས་སུ་ཐུགས་ཁུར་རྒྱ་ཆེན་གནང་ཡང་རྒྱ་ནག་དབང་ཤུགས་ཆེ་རུ་སོང་བ་དང་བོད་མིར་དབང་བསྒྱུར་བྱེད་པའི་དྲག་གནོན་ཚབས་ཆེ་རུ་བཏང་བ་སོགས་ལ་བརྟེན། བོད་ཀྱི་ས་གནས་སོ་སོ་དམག་འཐབ་དང་འཇབ་རྒོལ་གྱི་ལས་ལ་ཞུགས་ཏེ་དང་བླངས་དམག་མི་མང་པོ་མཉམ་རུབ་བྱས། 

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དཔེ་དེབ་ནང་ “ཕྱི་ལོ་ ༡༩༥༤ ལོར་བཅིངས་འགྲོལ་དམག་གི་དམག་མི་ཚད་མེད་དུ་ཡོང་ནས་མགོ་ལོག་གི་དགོན་པ་ཁ་ཤས་མེར་བསྲེགས་ཏེ་ཐལ་བར་བསྒྱུར། ཁོང་ཚོས་དེ་ནི་དམག་འཁྲུག་གི་འབོད་བརྡ་ཆ་ཚང་བ་ཞིག་ཏུ་བཟུང་ཞིང་རྒྱ་མི་རྣམས་དེ་ལ་ཡ་མཚར་སྐྱེས། མགོ་ལོག་པ་ཚོས་རང་ཡུལ་གྱི་རི་བོའི་བརྒྱུད་ཀྱི་བཙན་སའི་ཁེ་ཕན་བཟུང་སྟེ་ཇག་རྒོལ་གྱི་མགོ་བཙུགས། ཁོང་ཚོས་བཅིངས་གྲོལ་དམག་རྣམས་རང་གི་སྒུག་བརྒྱབ་སའི་ཁུག་ཏུ་མ་འཛུལ་བར་སྒུག་ནས་བསྡད་ཅིང་། དེ་ནས་ཁོང་ཚོས་ཆོས་མེད་ཀྱི་དགྲ་བོ་མི་གཅིག་ལ་ཐུག་གི་བར་དུ་ཚང་མ་བསད་”ཅེས་དང་། “མགོ་ལོག་པ་ཚོར་མཚོན་ན་འབྲོག་པ་དང་དགེ་འདུན་པ་ཁྱད་མེད་ཀྱིས་རང་རང་གི་རྟ་ལ་ཞོན་ཏེ་རི་རྒྱུད་ཀྱི་བཙན་ས་ཁག་ཏུ་སོང་ཞིང་། དུས་ཚོད་རན་པོ་ཞིག་ལ་ངང་སྒུག་བྱེད་པ་དང་ཞེན་པ་ལོག་སའི་རྒྱ་མི་རྣམས་ལ་འཐབ་འཛིང་ད་དུང་བྱེད་རྒྱུའི་ཆེད་ཁོང་ཚོས་རང་ཉིད་གྲ་སྒྲིག་བྱས་པ་རེད། ཤར་ཕྱོགས་མཐའ་མཚམས་དག་ན་ཡོད་པའི་བོད་ཀྱི་སྡེ་གྲོང་ཚང་མ་ལ་འགོག་རྒོལ་འདི་འདྲ་བྱས་པའི་ལོ་རྒྱུས་ཀྱིས་ཁེངས་ཡོད་”ཅེས་སོགས་འཁོད་ཡོད་པ་རེད། 

ྋརྒྱལ་བ་རིན་པོ་ཆེས་ཁམས་ཀྱི་ས་གནས་དཔོན་རིགས་ལ་ཐུག་སྐོར་དང་འབྲེལ་གསུང་དོན། “ཁམས་ཀྱི་དཔོན་རིགས་དང་གཞན་པ་ཚོས་བོད་རང་བཙན་གྱི་སྐོར་ལ་སྐད་ཆ་བཤད་བྱུང་”ཞེས་དང་། “ང་པེ་ཅིན་ནས་མའོ་དང་ཐུག་འཕྲད་བྱས་པ་དང་། ངས་རང་སྐྱོང་ལྗོངས་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་འཆར་གཞི་དེ་ལ་རེ་བ་བརྒྱབ་ཡོད་པ་རེད། ཡིན་ཡང་དེ་ནས་ཁམས་པ་དཔོན་རིགས་དེས་འཛེམས་མེད་ཀྱིས་བོད་རང་བཙན་གྱི་སྐོར་བཤད་བྱུང་ལ། ཁོའི་བོད་རང་བཙན་གྱི་དམིགས་ཡུལ་ནང་ཨ་མདོ་དང་ཁམས་ཚུད་འདུག ། ངོས་རང་ཏོག་ཙམ་ཧ་ལས་བྱུང་། ངས་ཁམས་པ་ཚོའི་ཁྲོད་ནས་མཐོང་བ་ནི་ཁོ་ཚོ་རྒྱ་མི་ལ་མི་དགའ་བ་ཙམ་མ་ཡིན་པར་ཁོང་ཚོས་བོད་རང་བཙན་གྱི་བསམ་ཚུལ་ཞིག་སྐྱེད་སྲིང་བྱེད་ཀྱིན་ཡོད་པ་དེ་རེད་”ཅེས་འཁོད་འདུག །

ཕྱི་ལོ་ ༡༩༥༦ ལོར་ཁམས་པ་དེ་ཚོས་བོད་ཤར་ཕྱོགས་སུ་གཏོར་སྐྱོན་ཕོག་པའི་ཞིབ་ཕྲའི་གནས་ཚུལ་འཁོད་པའི་ཡི་གེ་ཁྱེར་བའི་བང་ཆེན་གཉིས་ལྷ་ས་ལ་བཏང་བའི་སྐོར་ལི་ཐང་ཨ་ཐར་གྱིས་བཤད་དོན། བཀའ་ཤག་ལ་ཡི་གེ་ཕུལ་བའི་ནང་ “ང་ཚོ་ལ་མདེལ་དང་མེ་མདའ་གཏོང་རོགས། ཡང་ན་ང་ཚོ་ལ་དམག་རོགས་གཏོང་རོགས། ཡང་ན་ང་ཚོ་ལ་རང་དབང་གི་ལུང་པ་ཨ་མི་རི་ཀ་ལྟ་བུའི་ཕྱི་ལོགས་ཀྱི་རོགས་རམ་འཚོལ་རོགས། གང་ཡིན་ཟེར་ན། དེ་ལྟར་མ་གནང་ཚེ་ང་ཚོའི་ལུང་པའི་ནང་ཅི་ཡང་ལྷག་གི་མ་རེད་”ཅེས་འཁོད། ཡི་གེ་གཉིས་པ་དེ་སེ་འབྲས་དགའ་གསུམ་ལ་བསྐུར་བའི་ནང་ཁམས་ཕྱོགས་གི་གྲྭ་པ་ཚོས་བསླབ་པ་ཕུལ་ནས་མེ་མདའ་ལག་ལ་བླངས་ཡོད་སྐོར་དང་རྒྱ་ནག་གིས་ཅི་བཤད་ལ་ཉན་རྒྱུ་མེད་སྐོར་འཁོད་ཡོད་པ་དང་། ཡི་གེ་གསུམ་པ་དེ་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་ཕུལ་བའི་ནང་རྒྱ་དམག་གིས་གཏོར་སྐྱོན་བཏང་སྐོར་དང་རྒྱ་དམག་འགོག་རྒོལ་གྱི་ཐབས་ཤེས་དགོས་སྐོར་འཁོད་ཡོད་པ་རེད།  

རིམ་པས་ཨ་མདོ་དང་ཁམས་ཕྱོགས་ནས་མི་མང་པོ་ལྷ་སར་འཛོམས་ནས་རྒྱ་དམག་ལ་ངོ་རྒོལ་བྱས་པ་དང་། མགྲོན་གཉེར་ཆེན་མོ་ཕ་ལྷ་བའི་དེབ་ནང་འཁོད་དོན། “ཁམས་དང་མགོ་ལོག ཨ་མདོ་བཅས་ནས་སྐྱབས་བཅོལ་བ་མང་པོ་ཉིན་རེ་བཞིན་ལྷ་སར་བླུགས་ཡོང་གི་འདུག ། དེ་ཚོའི་གྲས་ཀྱི་གྲངས་འབོར་མང་ཆེ་བ་ཞིག་རང་བཞིན་གྱིས་མི་མང་ཚོགས་པའི་ཕྱོགས་སུ་ཕྱིན་པ་རེད་” ཅེས་མི་མང་གི་རྒྱ་རྒོལ་སྐོར་འཁོད་ཡོད་པ་རེད། 

ཕྱི་ལོ་ ༡༩༥༨ ལོར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་མི་མང་རང་འགུལ་གྱིས་བོད་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གསར་འཛུགས་བྱས་པའི་ནང་བོད་ཀྱི་དང་བླངས་དམག་མི་མང་པོ་འཛུལ་ཞུགས་བྱས་ཏེ། ལྷ་ས་ནས་རྒྱ་དམག་ལ་འཐབ་འཁྲུག་གང་མང་བྱས། བོད་གཞུང་གི་སྲིད་ཚབ་ཀླུ་ཁང་པས་རྒྱ་དམག་གིས་རྒྱ་ནག་གི་རྒྱལ་དར་ཡར་བསྒྲེངས་ནས་བོད་ཀྱི་རྒྱལ་དར་མར་ཕབ་ན་བོད་དམག་གིས་རྒྱ་དར་མར་ཕབ་ཏེ་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་ཀྱི་རེད་ཅེས་བོད་རྒྱ་ཁོངས་སུ་འདུག་རྒྱུ་ཁས་ལེན་མ་བྱས་པ་དང་། ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་མི་མང་སྒེར་ལངས་ཆེན་མོ་དེ་བྱུང་བ་དང་རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བཏང། སྐབས་དེར་སྐུ་དྲག་ནང་ནས་ཟུར་ཁང་དགེ་ལེགས་རྣམ་རྒྱལ་སོགས་གཞུང་གི་དཔོན་རིགས་དང་མི་མང་མཉམ་རུབ་ཀྱི་ལས་འགུལ་ཞིག་ཡིན་སྐོར་བཤད་མཁན་ཡོད་ལ། དེ་ནི་སྐུ་དྲག་དང་མི་མང་གཉིས་ཀྱིས་བོད་རང་བཙན་ལས་རྒྱའི་དབང་བསྒྱུར་ལ་ངོས་ལེན་མེད་པ་མངོན་གསལ་དང་། བོད་རྒྱལ་ཁབ་སླར་གསོའི་སྤོབས་པ་ཡོད་པས་རེད། བོད་གཞུང་འབྲེལ་ངོས་ནས་དེའི་སྐབས་ཀྱང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ལྟར་རྒྱ་དང་མཉམ་དུ་གྲོས་མོལ་གྱིས་བོད་ནང་ཞི་འཇགས་ཡོང་ཐབས་སུ་རེ་བ་རྒྱག་གི་ཡོད་ནའང་། མི་མང་གིས་ཡར་ལངས་ཀྱིས་རྒྱ་རྒོལ་ཤུགས་ཆེ་ཤོས་ཤིག་ཀྱང་ཆགས་པ་རེད་ལ། དེའི་སྐབས་ད་དུང་བོད་ཀྱི་ནུས་པ་ཉམས་མེད་པའི་རྟགས་མཚན་གསལ་པོ་རེད། སྐབས་དེར་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་དགོས་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་འབོད་ཚིག་བསྒྲགས་ཡོད་ལ། དེ་ནི་བོད་མི་རིགས་ཀྱི་འདུན་པ་གང་ཡིན་བརླགས་མི་ཉན་པར་བོད་མི་ཚང་མས་དྲན་པའི་ནང་ད་ལྟའང་ཉར་དགོས་པ་ཞིག་རེད།

བོད་གཞུང་མང་གཉིས་ནས་ྋགོང་ས་མཆོག་སྐྱབས་བཅོལ་དུ་ཕེབས་དགོས་པའི་གསོལ་འདེབས་ཞུས་པ་ལྟར། སྐུ་འཁོར་ཧྲག་བསྡུས་དང་སྐུ་བཅར་བཀའ་བློན་སོགས་གྲ་སྒྲིག་གིས་ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༧ དགོང་མོ་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས། 

ལྷུན་རྩེ་རྫོང་དུ་ྋགོང་ས་མཆོག་སྐུ་འཁོར་ཞབས་སོར་འཁོད་པ་དང་། ྋགོང་ས་མཆོག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་རྒྱ་ཕྱོགས་ནས་ལག་ལེན་མ་བསྟར་བར། རང་བཞིན་ནུས་མེད་ཆགས་པར་དགག་པ་དང་། བོད་གཞུང་བསྐྱར་འཛུགས་ཀྱིས་བོད་ཁྱོད་ཡོངས་ལ་མངའ་དབང་ལྡན་པའི་ཁྲིམས་མཐུན་གྱི་སྲིད་གཞུང་དེ་ཡིན་ཞེས་གསལ་བསྒྲགས་གནང་། དེ་བཞིར་བཞག་པའི་ཐོག་ནས་རྒྱ་མིའི་མཉམ་གྲོས་མོལ་བྱ་ལམ་ཐབས་འཚོལ་བྱ་འཆར་བཀོད་ཡོད་པ་རེད། རྒྱ་ནག་གི་དབང་ཤུགས་དང་དྲན་གནོན་ཆེ་མིན་ལ་མ་ལྟོས་པར་སྐབས་དེར་བོད་གཞུང་མང་གཉིས་ཀས་གཅིག་མཐུན་གྱི་རྒྱལ་ཁབ་སླར་གསོའི་འདུན་པ་ཇེ་ཆེར་བསྐྱེད་ཡོད་པ་དང་། ྋགོང་ས་མཆོག་རྒྱ་གར་དུ་ཕེབས་སྐྱེལ་རྗེས་ཆུ་སྒང་དང་བླངས་དམག་དང་འཐབ་རྒོལ་བ་མང་པོ་ཕྱིར་བོད་ལ་ལོག  །དང་བླངས་དམག་མི་དང་ས་གནས་མི་མང་གིས་མུ་མཐུད་རྒྱ་ནག་ལ་རྒོལ་འཛིང་བྱས་པ་དང་། ཨ་རིའི་གོ་མཚོན་རོགས་རམ་དང་དམག་སྦྱོང་ཡང་ཅུང་ཙམ་ཐོབ་པས། ལོ་ཤས་རིང་དམག་འཐབ་མུ་མཐུད་བྱས།

ྋགོང་ས་མཆོག་ལ་རྒྱ་གར་གཞུང་མང་གིས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། ༡༩༥༩ ལོའི་ཕྱི་ཟླ་ ༤ ཚེས་ ༥ ཉིན་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་དང་མཇལ་འཕྲད་གནང་བ་དང། སྲིད་བློན་མཆོག་གིས་༸རྒྱལ་དབང་མཆོག་བཙན་བྱོལ་དུ་ཕེབས་བཞུགས་རིང་རྒྱ་གར་གཞུང་མང་ནས་སྐུ་མགྲོན་ཇི་བཞིན་སྣེ་ལེན་གོ་སྒྲིག་འཐུས་ཚང་ཞུ་རྒྱུ་སྨོས་ཅི། འཕྲལ་ཕུགས་བོད་དོན་ཐོག་ཇི་དགེའི་མཐུན་འགྱུར་ཞུ་རྒྱུའི་ཞལ་བཞེས་གནང་བ་དང་། དེ་ནས་བཟུང་མཱ་སུ་རི་ནས་བཙན་བྱོལ་བོད་གཞུང་དྷ་སར་གནས་སྤོས་ཀྱིས་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་དང་། ས་གནས་སུ་གཞིས་ཆགས་ཁག  །ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རིམ་པས་སྐུ་ཚབ་དོན་གཅོད་སོགས་གསར་འཛུགས་བྱས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཅས་རྒྱུན་འཛིན་ཆེད་བོད་མིའི་སློབ་གྲྭ་དང་། དགོན་སྡེ་ཁག་བཙུགས་ཏེ་བཙན་བྱོལ་བོད་མི་ཚོར་དཀའ་ངལ་མེད་པར་འཚོ་གནས་ཐུབ་པ་མ་ཟད། མ་འོངས་པར་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་བརྟན་པོ་བཙུགས་ཡོད་པ་རེད། ༡༩༦༥ ལོར་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ལ་རྒྱ་ནག་གིས་ཁྲིམས་འགལ་དབང་བསྒྱུར་བྱས་པའིཞུ་གཏུག་གི་སྙན་ཞུ་ཕུལ་བ་ (སྙན་ཞུ་ནང་བོད་ཆ་ཚང་ཚུད་མེད་པའི་ནོར་འཁྲུལ་ཤོར་འདུག) སོགས་བོད་རང་བཙན་གྱི་འཆར་སྣང་གསར་བསྐྲུན་བྱས།

༡༩༥༩ ལོ་ནས་བོད་ཡོངས་རྫོགས་རྒྱ་ནག་གིས་དབང་བསྒྱུར་བྱས་པ་དང་། ༡༩༦༠ ལོ་ནས་རྒྱ་ནག་གིས་རིག་གནས་གསར་བརྗེའི་མིང་ཐོག་ནས་བོད་ནང་གཏོར་བཤིག་ཚད་མེད་བཏང་བ་དང་། བླ་དཔོན་དྲག་ཚད་དམར་གསོད་དང་འཇུ་བཟུང་བཙོན་འཇུག་བྱས། མི་མང་སྡེབས་གསོད་དང་འཚོ་བའི་དཀའ་ངལ་སྤྲད་དེ་མུག་ཤི་ཐེབས་པ་སོགས་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ནས། དཔའ་བོ་ཁེར་རྒྱུགས་ལྟ་བུའི་ས་གནས་སོ་སོར་ངོ་རྒོལ་བ་རེ་ཟུང་བྱུང་བ་ལས་དངོས་སུ་དམག་འཐབ་གང་ཡང་བྱེད་མ་ཐུབ་པར་ལྷག  །

ྋགོང་ས་བཅུ་བཞི་པའི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་ངོས་ནས་རིམ་པས་རྒྱ་ནག་གཞུང་དང་མཉམ་དུ་ཞི་མོལ་ཡོང་ཐབས་སུ་འབད་བརྩོན་སྣ་ཚོགས་གནང་བ་དང་། རྒྱ་ནག་གི་དཔོན་པོ་ཏིན་ཞའོ་ཕིང་གིས་རང་བཙན་མ་ཡིན་པའི་སྐད་ཆ་གང་བཤད་ཀྱང་འགྲིག་ཚུལ་གྱི་སྐད་ཆ་ཞིག་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་བརྒྱུད་ནས་འབྱོར་བ་དང་། ༡༩༧༩ ལོ་ནས་བོད་གཞུང་གི་གཟིགས་སྐོར་སྐུ་ཚབ་ཐེངས་ཁ་ཤས་སུ་བོད་ལ་འགྲོ་ཐུབ་ཡོད་ཀྱང་། རྒྱ་ནག་གཞུང་གིས་དངོས་ཡོད་བོད་མིའི་བདེ་སྡུག་ལ་བསམ་ཤེས་དང་དཀའ་ངལ་ངོས་ལེན་གང་ཡང་མ་བྱས།

དེ་བཞིན་༸རྒྱལ་དབང་མཆོག་གིས་བོད་གཞུང་གི་སྲིད་ཇུས་གཉིས་ཕན་དབུ་མའི་ལམ་དུ་བསྒྱུར་བ་དང་། ཨ་རིར་ཞི་བའི་དོན་ཚན་བདུན་དང་། ཡུ་རོབ་གྲོས་ཚོགས་སུ་གྲོས་འཆར་དོན་ཚན་ལྔ་བཏོན་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབས།

རྒྱ་ནག་གིས་བཙན་འཛུལ་འོག་བོད་བསྐྱར་དུ་ལངས་ཐབས་མེད་པ་ལྟ་བུ་བཟོས་པ་མ་ཟད། མང་པོ་ཞིག་གིས་བསྐྱར་དུ་རྒོལ་ལན་ཆེན་པོ་ཞིག་སློག་རྒྱུར་ནུས་པ་མེད་པར་ངོས་འཛིན་བྱེད་བཞིན་པའི་སྐབས། ༡༩༨༧། ༡༩༨༨། ༡༩༨༩ ལོར་བཅས་སུ་ལྷ་སར་དགེ་འདུན་པས་སྣེ་ཁྲིད་དེ་བསྐྱར་དུ་མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ཡར་ལངས་བྱས་པ་དང་། དེ་ནི་རྒྱ་ནག་གི་དབང་བསྒྱུར་ལ་བོད་ཀྱི་མི་རབས་གཉིས་པའམ་གསར་པས་སྣེ་ཁྲིད་དེ་ཡར་ལངས་འགོ་འཛུགས་དང་བོད་ཀྱི་རེ་བ་གསར་པ་ཞིག་མཐོང་བ་རེད། འབོད་ཚིག་ནི་ ༡༩༥༩ ལོའི་མི་མང་ཡར་ལངས་སྐབས་ཀྱི་འབོད་ཚིག་དང་གཅིག་མཚུངས་ཡིན་ལ། གོ་ལག་མཚོན་ཆའི་རྒོལ་འཛིང་མ་ཡིན་པར་ཞི་བའི་སྒོ་ནས་རང་སྲོག་བློས་བཏང་གིས་དགྲ་བོའི་སྔོན་དུ་མཆོང་བའི་ལས་འགུལ་འགོ་བཙུགས་པ་ཞིག་ཡིན་པ་དང་། ༡༩༨༩ ལོར་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་སོགས་ཀྱིས་ཉིན་དེ་ནས་བོད་ཕྱི་ནང་གཉིས་ནས་རེ་བ་གསར་པ་ཞིག་མཐོང་བ་རེད་ལ། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་གང་འཚམས་གསལ་པོ་ཆགས་འགོ་བཙུགས་པ་རེད། 

གཅིག་དགུ་དགུ་བཅུའི་ནང་རྒྱ་ནག་གིས་བོད་ལ་མི་སེར་སྤེལ་བའི་ལམ་ལུགས་ཤུགས་ཆེ་རུ་བཏང་བ་མ་ཟད། དྲག་གནོན་གྱི་གྲ་སྒྲིག་ཚད་མཐོན་པོར་སླེབས་ཡོད་པས། བོད་མདོ་དབུས་ཁམས་གསུམ་ནང་གི་ས་གནས་གང་སར་རྒྱ་རྒོལ་ལས་འགུལ་མུ་མཐུད་བྱུང་ཡོད་ནའང་དུས་གཅིག་ལ་མི་མང་འདུ་འཛོམས་ཀྱི་ལས་འགུལ་བྱུང་ཐུབ་མེད་ལ། རྒྱ་ནག་གི་དྲག་གནོན་ཤུགས་ཆེ་དྲགས་ནས་བསྐྱར་དུ་བོད་དེ་ཤུགས་ཆེན་ལངས་ཐུབ་རྒྱུར་ཁག་པོ་ཡིན་པའི་མཐོང་སྣང་བསྐྲུན་པ་རེད། 

བཙན་བྱོལ་ནང་དུ་གསུམ་བཅུའི་དུས་དྲན་གྱིས་མཚོན་རྒྱ་རྒོལ་ལས་འགུལ་འདྲ་མིན་མུ་མཐུད་སྤེལ་ཡོད་ལ། ༡༩༩༨ ལོའི་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་རྒོལ་བྱས་ཏེ། བོད་ཀྱི་མུན་ནག་གི་དུས་རབས་རང་ལུས་ཀྱི་མེ་འོད་ནས་གསལ་ཐབས་ཀྱི་འགོ་བཙུགས་པ་རེད། ༢༠༠༧ ལོར་ལི་ཐང་དུ་རོང་རྒྱས་ཨ་གྲགས་ཀྱིས་རྒྱ་ནག་གི་དམག་གི་དུས་ཆེན་བརྒྱད་གཅིག་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ངོ་རྒོལ་བྱས་པ་དང་། མི་མང་འདུ་འཛོམས་ཆེ་སར་བོད་ཀྱི་དཀའ་སྡུག་གོ་ཐུབ་ཐབས་བྱས།

༢༠༠༨ ལོར་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག  །ཕ་ཡུལ་ལ་ལོག་འགྲོ་ཞེས་པའི་ལས་འགུལ་སྤེལ་ནས་བོད་ལ་ཁ་ཕྱོགས་ཏེ་གོམ་བགྲོད་རིམ་པ་བྱས་པ་དང་། ཕྱི་ཟླ་ ༣ ཚེས་ ༡༠ གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་རྒོལ་འགོ་བཙུགས་ཏེ། ཞི་བའི་སྐད་འབོད་བྱས་པ་དང་། མུ་མཐུད་ནས་བོད་མདོ་དབུས་ཁམས་གསུམ་ནས་དུས་གཅིག་ལ་ངོ་རྒོལ་ཁྲོམ་སྐོར་ཤུགས་ཆེན་བྱུང་། བཙན་བྱོལ་ནང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་བོད་མི་གནས་སྡོད་བྱ་ཡུལ་གང་སར་རྒྱལ་དར་འཕྱར་ནས་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་ཤུགས་ཆེན་བྱས་པ་དང་། བོད་ནང་དུ་རྒྱ་ནག་གིས་དྲག་གནོན་ཤུགས་ཆེན་བྱུང་བ་མ་ཟད། བོད་མི་སྐྱབས་བཅོལ་བ་གནས་སྡོད་བྱ་སའི་ཡུལ་དེའི་བདེ་སྲུང་ཉེན་རྟོག་པས་བོད་མི་མང་པོ་གནས་སྐབས་རིང་བཙོན་འཇུག་བྱེད་དགོས་བྱུང་བ་རེད། དེ་ནི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་རྒྱ་ནག་གིས་དབང་བསྒྱུར་བྱས་རྗེས་ཀྱི་བོད་ཀྱི་མི་རབས་གསུམ་པ་དམར་ཤོག་གཞུང་གི་འོག་ནས་འཚར་ལོངས་བྱུང་བ་ཚོས་རྒྱ་རྒོལ་གྱི་ལས་འགུལ་འགོ་བཙུགས་པ་ཞིག་རེད་ལ། ༢༠༠༨ ལོ་དེ་བོད་ཀྱི་ལས་འགུལ་གྱི་ལོའམ་བོད་མི་ཚང་མ་བཙོན་ཁང་ལ་བསྐྱོད་རྒྱུར་ཞེད་སྣང་མེད་པའི་ངོ་རྒོལ་འགོ་བཙུགས་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་དུས་གཅིག་ལ་མཉམ་དུ་ངོ་རྒོལ་བྱེད་ཐུབ་ཡོད་པས། བོད་ཀྱི་ཞི་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཤོས་སུ་ངོས་འཛིན་བྱུང་བ་རེད། 

རྒྱ་ནག་གི་དམ་དྲག་འོག་མི་མང་འཛོམས་ཙམ་ལ་ཡང་དཀའ་ངལ་ཡོད་པའི་སྐབས་ཏེ་ཕྱི་ལོ་༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བོད་རྔ་བ་རུ་གྲྭ་བཀྲ་བྷེས་རང་སྲེག་རྒྱ་རྒོལ་བྱས་ནས་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་བསྐྲུན་པ་དང་། བོད་ཕྱི་ནང་གཉིས་ནས་རང་སྲེག་རྒྱ་རྒོལ་གྱི་ལས་ལ་ཞུགས་ཏེ། ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་ཤེས་རྟོགས་གསལ་པོ་བྱུང་བ་བོད་མི་ ༡༦༣ གྱིས་རང་སྲེག་རྒྱ་རྒོལ་བྱས་ནས་མང་ཆེ་བ་འདས་གྲོངས་སུ་ཕྱིན།

ལྔ་པ། ལས་འགུལ་གྱི་ངོ་བོར་འགྱུར་བ་མ་སོང་བ་དང་མི་མང་གི་རེ་དོགས།

བཙན་བྱོལ་བོད་མི་གནས་སྡོད་བྱ་ས་ཁག་ཏུ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ནས་ཐེངས་༥༩ པ་དེ་ཡིན་ནའང་། འཆར་ཅན་ལྟ་བུ་ལས་ལས་འགུལ་གྱི་ངོ་བོར་དེ་ཙམ་འགྱུར་བ་ཕྱིན་ཐུབ་མེད་ལ། རྒྱུན་དུ་གཞུང་འབྲེལ་མཛད་སྒོའི་ཐོག་གཞུང་འབྲེལ་གཏམ་བཤད་ཁག་ནི་བོད་རྒྱ་གྲོས་མོལ་གྲ་སྒྲིག་ཡོད་སྐོར་དང་། རྒྱལ་སྤྱིིའི་ཐོག་ལ་གཞོགས་འདེགས་ཀྱི་རེ་འབོད། མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་སོང་རེད། གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས་མ་འདྲ་བ་ཞིག་བྱུང་བ་ནི་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་བོད་ལ་འགྲོ་འཆར་གྱི་གོམ་བགྲོད་དྷ་ས་ནས་འགོ་བཙུགས་པ་དང་། ྋགོང་ས་མཆོག་སྐུ་དངོས་སུ་ཕེབས་ནས་བཀའ་སློབ་གནང་ནས་ལམ་པ་བྱས་པ་དེ་དང་། ༢༠༠༨ ལོའི་གསུམ་དུས་ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པ་ཚོགས་པ་ཁག་གི་གོ་སྒྲིག་འོག  །ཕ་ཡུལ་ལ་ལོག་འགྲོ་ཞེས་པའི་མི་མང་གི་གོམ་བགྲོད་རྒྱང་བསྐྱོད་དེ་གཉིས་རེད་ལ། ཡུལ་དུས་གནས་བབས་དང་ཁྲིམས་སྒྲིག་གང་གི་ཆ་ནས་ལས་འགུལ་མཇུག་སྐྱོང་ཐུབ་མེད་ནའང་། དེ་གཉིས་ཀྱིས་བོད་ཀྱི་ལས་འགུལ་ལ་གསོན་ཤུགས་ཤིག་སྤྲད་ཡོད་པ་རེད།

༡༩༨༧།༡༩༨༨།༡༩༨༩ ལོ་བཅས་སུ་ལྷ་སར་ལས་འགུལ་ཆེན་མོ་བྱུང་བ་དང་། ༡༩༨༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས། བོད་ཀྱི་གནད་དོན་རྒྱལ་སྤྱི་ཅན་དུ་ཅུང་ཤུགས་ཆེ་རུ་འགྲོ་སྐབས་བོད་ལ་རེ་བ་ཆེན་པོ་འདྲ་མཐོང་ཡོད་ནའང་གང་བྱེད་འདི་བྱེད་ཀྱི་འཆར་གཞི་ངེས་ཅན་བྱུང་མ་ཐུབ་པའི་སྐྱོན་ཆ་བྱུང་ཡོད་ལ། མུ་མཐུད་རྒྱ་ནག་མཉམ་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་པ་རེད། ༢༠༠༢ ལོ་ནས་དབུ་མའི་ལམ་གྱི་སྲིད་ཇུས་འོག བོད་རྒྱ་འབྲེལ་མོལ་ཞེས་པ་འགོ་འཛུགས་ཀྱིས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་ཚོ་མཉམ་དུ་ཐུག་འཕྲད་ཐེངས་མང་བྱས་པ་དང་། རྒྱ་ནག་ཕྱོགས་ནས་བཙན་བྱོལ་བའི་ལས་དོན་བྱེད་ཕྱོགས་ཚང་མ་ཁ་བྲལ་ཡིན་སྐོར་གྱི་སྐྱོན་བརྗོད་ཁོ་ན་བྱས་པར་བརྟེན། བཙན་བྱོལ་གཞུང་གི་བོད་རང་བཙན་གྱི་ལས་འགུལ་དང་འབོད་ཚིག་གང་ཉུང་ཡོང་ཐབས་སུ་འབད་བརྩོན་བྱས་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ས་གནས་མི་རིགས་རང་སྐྱོང་གི་དགོས་འདུན་བཏོན་ཏེ། ༢༠༠༨ ལོར་བོད་རིགས་ཡོངས་ལ་ས་གནས་མི་རིགས་རང་སྐྱོང་བསམ་འཆར་ཡིག་ཆ་ཡང་སྤྲད་པ་རེད། སྐབས་དེར་ྋགོང་ས་མཆོག་གི་དགོངས་གཞི་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ས་གནས་མི་རིགས་རང་སྐྱོང་ལ་བརྩོན་མཁན་གཞུང་གི་མཛད་གཙོ་དང་། ཚོགས་སྡེ་ཁག་དང་། བོད་རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་འཛིན་མཁན་ཚོགས་སྡེ་དང་ལས་འགུལ་བ་བཅས་ཀྱི་བར་བསམ་ཚུལ་མ་མཐུན་པ་ཤུགས་ཆེན་བྱུང་བ་མ་ཟད། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རེ་ཟུང་ལ་ཁ་རྡུང་ཡང་ཤུགས་ཆེན་ཕོགས་པ་དང་། ཚོགས་སྡེ་འཐོར་ཞིག་འགྲོ་བའི་ཉེན་ཁ་ཡང་སླེབས་པར་བརྟེན། མི་མང་དོགས་ཟོན་བྱུང་བ་ནི་རྒྱ་རྒོལ་ལས་འགུལ་སྤེལ་ན་ཕན་ཐོགས་ཡོད་མེད་དང་། བོད་རང་བཙན་གྱི་འབོད་ཚིག་མཚམས་བཞག་ན་ྋགོང་ས་མཆོག་བོད་ལ་ཕེབས་ནས་གཞིས་བྱེས་མཉམ་འཛོམས་ཡོང་གི་ཡོད་པའི་རེ་བ་དང་དོགས་པ་འདྲ་མིན་འོག  །བོད་རང་བཙན་གྱི་ལས་འགུལ་ཉམས་ཆགས་སུ་འགྲོ་རྐྱེན་དུ་སོང་བ་ལས། བོད་ལ་ཕན་ཐོགས་པའི་གྲུབ་འབྲས་གང་ཡང་ཐོན་གྱི་མེད་པ་རེད།

མ་འོངས་བྱེད་ཕྱོགས་དང་ཉེན་ཁ།

བོད་ཀྱི་དབུ་ཁྲིད་རྣམ་པས་བཙན་བྱོལ་ནང་ནས་བོད་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་གི་རྩ་ཁྲིམས་འོག་འདུག་འདོད་ཡོད་པའི་དྲིལ་བསྒྲགས་བྱས་པ་དང་། རྒྱ་ནག་ལ་བསམ་འཆར་ཡིག་ཆ་སྤྲད་པ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་བོད་ཀྱིས་རང་བཙན་རྩོད་ཀྱི་མེད་སྐོར་གསུང་གི་ཡོད་རེད་ལ། དེ་ནི་མ་འོངས་པར་རྒྱ་ནག་རྒྱལ་ཁབ་ལ་བོད་ལོག་ཀར་མ་ཤོར་བའི་མཐུན་རྐྱེན་དུ་སོང་ཡོད་པ་མ་ཟད། རྒྱ་ནག་གིས་དུས་རྒྱུན་བོད་ཀྱི་གནད་དོན་ནི་ནང་སྲིད་ཀྱི་གནད་དོན་ཡིན་པས། ཕྱི་ནས་ཐེ་ཇུས་བྱེད་ཆོག་གི་མེད་ཟེར་བར་མཐུན་རྐྱེན་དུ་གྱུར་པ་དང་། ད་དུང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཡིན་ཟེར་མཁན་ཁག་ཅིག་གིས་བོད་ལ་རྒྱབ་སྐྱོར་ཡོད་པའི་སྐད་ཆ་བཤད་ཀྱི་ཡོད་ནའང་། མང་པོ་ཞིག་གིས་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་མིའི་ཆ་ཤས་ཡིན་པ་སྒྲུབ་གང་ཐུབ་དང་། མ་འོངས་པར་བོད་དེ་རྒྱ་ནག་ལས་ཁ་བྲལ་ཐབས་མེད་པ་གཙོ་འདོན་གྱིས། ད་ལྟ་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་དང་། འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་སྐོར་བཤད་པ་ཙམ་རེད། རྒྱ་རིགས་མཁས་པ་ཁ་ཤས་ཀྱིས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟ་བོད་ལ་རང་ཐག་རང་གཅོད་ཀྱིས་ཐོབ་ཐང་སྤྲོད་དགོས་སྐོར་བཤད་མཁན་ཡོད་པ་ཚོར་ང་ཚོས་འབྲེལ་འདྲིས་དང་། མཉམ་རུབ་ཀྱིས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་བྱེད་དགོས་རེད།

བོད་རང་བཙན་ཟེར་བ་བཤད་མཚམས་གླེང་མཚམས་བཞག་ན་དབུ་མའི་ལམ་ཟེར་བ་ཡང་གཞི་འཛིན་ས་ཡོད་མ་རེད་ལ། དོན་དངོས་སུ་རྒྱ་ནག་གི་ནང་སྲིད་ཀྱི་དོན་དག་ཅིག་ཆགས་འགྲོ་ཉེན་ཡོད་རེད། སྐབས་དང་དུས་སུ་རྒྱ་ནག་གི་འགྱུར་བ་དང་དམར་ཤོག་གཞུང་འཐོར་ཞིག་ཏུ་སོང་ན་ཡང་ང་ཚོས་གོ་སྐབས་གང་ཡང་འཇུ་མི་ཐུབ་པའི་ཉེན་ཁ་ཡོད་པས། ད་ལྟ་ནས་ང་ཚོས་རང་བཙན་འཐབ་རྩོད་བྱེད་དགོས་པ་མ་ཟད། རང་བཙན་འབོད་ཚིག་ཁག་བསྐྱར་གསོ་བྱེད་དགོས་རེད་ལ། མ་འོངས་བོད་རང་བཙན་གྱི་འཆར་སྣང་བསྐྲུན་དགོས་རེད། རྒྱལ་སྤྱི་དང་རྒྱ་རིགས་ནང་དུ་ཡང་བོད་ནི་སྔོན་ནས་རྒྱ་ནག་དང་ཐ་དད་ཡིན་པ་དང་། ད་ལྟ་ང་ཚོས་རང་བཙན་གསར་པ་བརྩད་པ་ཙམ་མིན་པར་བོད་རང་བཙན་བསྐྱར་གསོའི་ལས་འགུལ་ཡིན་པ་ཡང་ར་སྤྲོད་ཐུབ་དགོས་ངེས་རེད།

༡༩༥༩ ལོའི་གསུམ་བཅུའི་ལས་འགུལ་ཉིན་གྱི་འབོད་ཚིག་ཁག་དྲན་གསོ་བྱེད་དགོས་ལ། བོད་ནང་རྒྱ་ནག་གི་དབང་བསྒྱུར་སྐབས་ཀྱི་ཐོག་མའི་མནར་གཅོད་དང་། གཏོར་བཤིག  །ད་ལྟའི་གནས་བབས་སོགས་སྤྱི་ལ་བསྐྱར་ཞིབ་དགོས་པ་མ་ཟད། རྒྱ་ནག་གི་མ་འོངས་པའི་འགྱུར་འགྲོས་དང་ད་ལྟ་རྒྱ་ནག་གི་རྩ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཤེས་རྟོགས་ཡོད་པའི་ཐོག་ནས་མི་རེ་ངོ་རེས་རང་བཙན་ལས་འགུལ་འདྲ་མིན་གྱི་ཁ་ཕྱོགས་ལཚོལ་དགོས་ལ། ང་ཚོས་ནུས་པ་མཉམ་སྤུངས་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས།  ལམ་སེང་རྒྱ་ནག་འོག་ནས་རང་བཙན་ལེན་མ་ཐུབ་ཀྱང་། ཉིན་གཅིག་རྒྱ་ནག་གི་དམར་ཤོག་གཞུང་སྲ་བརྟན་མེད་པ་ཆགས་ཉིན་བོད་ལོགས་སུ་ཐོན་ཐུབ་པའི་གྲ་སྒྲིག་དགོས་རེད། ད་ལྟ་བོད་ལ་རྒྱ་གར་ནང་ཆེ་མཐོང་ཞིག་ཡོད་པ་དང། ྋགོང་ས་མཆོག་གི་མཛད་འཕྲིན་དང། བོད་དེ་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ཡིན་པས་རེད་ལ། མུ་མཐུད་རྒྱ་ནག་རྒྱལ་ཁབ་ནང་ཁུལ་གྱི་རྙོག་གྲ་ཞིག་མ་ཡིན་པ་མངོན་གསལ་ཡོང་ཐབས་བྱེད་དགོས་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་གཞུང་གིས་ལས་དོན་ག་རེ་བྱེད་མིན་ཐག་གཅོད་ལ་ཆེས་མཐོའི་དབང་ཚད་ཡོད་མཁན་ཡིན་པས། གནད་དོན་འདི་ཚོར་དོ་སྣང་དང་ཐག་གཅོད་ཅིག་ཀྱང་བྱེད་པའི་དུས་ལ་སླེབས་ཡོད་པ་རེད། རྒྱ་ནག་དམར་ཤོག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། རྒྱ་བོད་མཉམ་གནས་ཡོང་ཐབས་ཀྱི་གྲོས་མཐུན་དོན་ཚན་ ༡༧ བཞག་ནས་ལོ་ ༦༧ དང་། བཙན་བྱོལ་ནང་སླེབས་རྗེས་དབུ་མའི་ལམ་གྱི་སྲིད་ཇུས་ ༡༩༧༤ ལོ་ནས་བཟུང་བར་གསུངས་སྟངས་ལྟར་ན། ལོ་ ༤༤། ྋགོང་ས་མཆོག་གིས་ཞི་བའི་དོན་ཚན་ ༧ ཨ་རིའི་གྲོས་ཚོགས་ནང་བཏོན་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཕྱི་གསལ་ནང་གསལ་བྱས་ནས་ལོ་ ༣༡། མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་ནས། ལོ་ ༡༠ འཁོར་གྱི་ཡོད་ནའང་། རྒྱ་ནག་གིས་ངོས་ལེན་གྱི་ཚབ་ལ། ད་དུང་གནས་ཚུལ་དཀྱོག་བཤད་དང་། བོད་ལ་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པས། དབུ་མའི་ལམ་གྱི་སྲིད་ཇུས་འོག་ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ལ་རྒྱ་ནག་གིས་ངོས་ལེན་མ་བྱས་པས། རང་བཞིན་ནུས་མེད་ཆགས་པ་ཡིན་པའི་ཐག་གཅོད་གསལ་བསྒྲགས་སྤེལ་དགོས་རེེད། བོད་པ་བཙན་བྱོལ་ནང་སླེབས་ནས་རང་བཙན་ལོ་ ༡༦ ཙམ་ལས་བརྩད་མི་འདུག་པས་ཡོང་ཐབས་མེད་པ་ཞིག་ཡིན་པར་ཚོད་དཔག་སྔ་དྲགས་ཡོད་པས། ཕྱིར་མིག་ལྟ་རྒྱུའི་དུས་ཚོད་ལ་སླེབས་ཡོད་པར་སྣང་།

ད་ལྟ་མང་གཙོའི་རྒྱལ་ཁབ་ཁག་དང་མང་གཙོའི་ལས་འགུལ་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་ལ་རྒྱབ་སྐྱོར་ཞིག་བྱེད་ཀྱི་ཡོད་ན། བོད་མི་རང་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་རྩོད་བཞིན་པའི་ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་ནང་མང་གཙོའི་ཁེ་དབང་བཏོན་མེད་པས། རྒྱབ་སྐྱོར་བ་ཚོ་རེ་དོགས་ཀྱི་གནས་སུ་ལྷུང་མི་སྲིད་པ་མིན། དེ་བཞིན་བོད་དེ་རྒྱ་ཁོངས་སུ་བསྡད་ན་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཡང་བོད་པར་རྒྱབ་སྐྱོར་བྱས་ནས་དམིགས་བསལ་ཁེ་ཕན་གང་ཡང་མེད་པས། རིམ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གནས་བབས་ཚད་དམའ་རུ་མི་འགྲོ་བའི་ཉེན་ཁ་ཡང་མེད་པ་ཞིག་ཀྱང་མིན་པར་འདོད།

མཇུག་བསྡོམས།

མི་ལོ་ ༣༦༩ རིང་དགའ་ལྡན་ཕོ་བྲང་གི་མིང་ཐོག་ནས་ྋགོང་ས་སྐུ་ཕྲེང་རིམ་བྱོན་གྱིས་དངོས་སུ་སྲིད་བསྐྱངས་པ་ནི། རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་། བདུན་པ། བཅུ་པ། བཅུ་གསུམ་པ། བཅུ་བཞི་པ་བཅས་ཡིན་ལ། བོད་ཀྱི་རྒྱལ་རབས་ནང་ཕྱིའི་དགྲ་སླེབས་པ་དང་ནང་འཆམ་མཐུན་མ་བྱུང་བ་སོགས་ཀྱིས་ཉམས་དམས་སུ་སོང་ནས། ད་ལྟ་བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་སྤེལ་བཞིན་རྒྱུན་གནས་ཡོང་ཐབས་དགོས་པ་རེད།།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༡༥ ཉིན།

དཔྱད་གཞིའི་ཡིག་ཆ།

༡ སྲིད་དོན་རྒྱལ་རབས།

༢ ྋགོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།

༣ བཙན་བྱོལ་ནང་གི་རང་དབང་། 

༤ ྋགོ་ས་སྐུ་ཕྲེང་༡༣ པའི་མཛད་རྣམ་སྙིང་བཏུས།

༥ སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

༦ རང་རྒྱལ་གྱི་མི་རིགས་གནད་དོན་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག

༧ དུང་དཀར་ཚིག་མཛོད་ཆེན་མོ།

choenyiwoser@gmail.com

Share198Tweet124

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།