རྒྱལ་བའི་དགོངས་གཞིའམ་ཐུགས་བསྐྱེད་དམ་བཅའ་གཙོ་བོ་མིའི་ཡོན་ཏན་གོང་སྤེལ་གྱི་ཐུགས་བསྐྱེད་དང་། ཆོས་ལུགས་མཐུན་སྒྲིལ་གྱི་ཐུགས་བསྐྱེད། བོད་དོན་བདེན་མཐའི་ཐུགས་བསྐྱེད་བཅས་མཛད་ཆེན་རྣམ་པ་གསུམ་པོ་འདི་ཉིད་ནི། ཆོས་རྗེ་ས་སྐྱ་པཎྜི་ཏས། འཇིག་རྟེན་བྱ་བ་ལེགས་ཤེས་པ། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་བཞིན་ལྷ་ཆོས་དང་མི་ཆོས་ཏེ་ལུགས་གཉིས་མཉམ་པོར་སྤྱོད་པའི་ལུགས་བཟང་རྨད་དུ་བྱུང་བའི་མཛད་བཟང་འདི་ནི་གུས་པ་རང་ཉིད་ཤེས་འདོད་ཆེ་བ་མ་ཟད། སྙིང་དུས་ཀྱི་རང་མདངས་མུན་ནག་ཤར་བའི་དུས་སུ་དུས་རབས་ཀྱི་སྒྲོན་མེ་དང་དུས་ཐོག་གི་ཆར་པ་ཞིག་ཏུ་མཐོང་ཡོད། ཡིན་ནའང་རང་ཉིད་ཤེས་ཚད་དམན་པ་དང་། འདིའི་སྐོར་ལ་དཔྱད་ཞིབ་གནང་བའི་ཡིག་ཆ་དཀོན་ཞིང་ཉམས་མྱོང་དང་རྒྱུས་མངའ་དེ་ཙམ་མེད་པའི་དབང་གིས་ཕ་རོལ་པོ་ལ་བློ་སྒོ་འབྱེད་པ་དང་། བར་སྟོང་ཁ་བསྐང་བ། ནོར་འཁྲུལ་ཡོ་སྲོང་། དོགས་སེལ་སོགས་བྱེད་པའི་ནུས་པ་དབེན་ན་ཡང་། རྒྱལ་བའི་བཀའ་སློབ་ལག་སོན་བྱུང་བ་རྣམས་གཤིབ་བསྡུར་ཐབས་ལམ་བེད་སྤྱོད་དེ་ནུས་པ་གང་ཡོད་ཀྱིས་ཉུང་བསྡུས་སུ་ཁ་གསལ་བྲིས་ཡོད། འདི་ལ་ནོར་འཁྲུལ་དང་མ་འདང་བའི་ཆ་མང་པོ་ཞིག་ཡོད་ངེས་པས་ལམ་སྟོན་གནང་བའི་རེ་བ་དང་། ཐུགས་བསྐྱེད་འདིའི་སྐོར་ལ་ཉམས་ཞིབ་དང་དགོངས་ཚུལ་གནང་སྟེ་ཁྱབ་སྤེལ་གང་མང་གནང་བའི་རེ་བ་དང་བཅས་སོ།།
མང་གཙོའི་རྨང་གཞི་བཏིང་བའི་དུས་རིམ།
ངས་འདི་ནས་༧གོང་ས་མཆོག་སྤྱན་རས་གཟིགས་དང་། ཡང་ན་བྱང་ཆུབ་སེམས་པ་ཡིན་ཚུལ་གང་ཡང་གླེང་རྒྱུ་མིན་ལ་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ནང་དུ་དེ་ལྟ་བུའི་བརྗོད་ཚུལ་དེ་སྐྱོན་ཆ་ཅན་ཞིག་ཡིན་པར་ངོས་འཛིན་ཡོད། འདི་ནས་གླེང་བར་བྱ་བ་ནི་