Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

མཚན་བཟང་སོ་གཉིས་ལྡན་པའི་བོད་ཀྱི་ཨ་ཅེ།

འཛུམ།

October 14, 2021
in སྙན་ངག
0

1 ཆོས་དཔེ། 

སྐུ་ལུས་གསེར་ཉ་འཁྱུག་འདྲ་མཉེན་ཞིང་ལྡེམ།།

སྐད་ངག་རྒྱ་གླིང་འབུད་ལྟར་དྭངས་ཤིང་སྙན།།

ཞལ་རས་ཉ་གང་ཟླ་འདྲ་དཀར་ཞིང་གཙང་།།

ཁྱོད་ནི་དབྱངས་ཅན་ལྷ་མོ་བཞིན་དུ་མཛེས།།

 

2 དངོས་དཔེ།

མཛེས་པའི་ཞལ་ངོ་མཚོ་ཁའི་མེ་ཏོག་ལྟར།།

རྣོ་བའི་མིག་ཟུང་རྐང་དྲུག་ལྡིང་བ་བཞིན།།

འཛུམ་པའི་སོ་ཕྲེང་གེ་སར་དགོད་པ་ལྟའི།།

གཞས་མ་ཁྱོད་ནི་དབྱར་གྱི་འཇའ་ཚོན་འདྲ།།

 

3 བཟློག་པའི་དཔེ།

དཀྱུས་རིང་སྨིན་མ་མིག་གོང་བྲིས་པ་བཞིན།།

སྒྱུ་རྩལ་མཁས་པའི་པིར་གྱི་རི་མོ་མཉེན།།

གནག་སྣུམ་རྫི་མ་འདྲ་བའི་གྱང་ངོས་ན།།

འགྲེང་བུ་ཆ་གཅིིག་འཐེན་པ་སྙིང་དུ་སྡུག།

 

4 ཕན་ཚུན་དཔེ།

རྒྱ་ལྕང་ལོ་འདབ་ཐུར་དུ་དཔྱོང་བ་བཞིན།།

གནམ་སྣུམ་སྐྲ་ཡི་ལན་བུ་ལྟག་རྒྱབ་འཕྱང་།།

དབུ་སྐྱེས་ཕྲག་གོང་སིལ་སིལ་སྐྱོད་པ་ལྟར།།

བསིལ་རླུང་འཇམ་པོས་ལྕང་ལོ་ཤིག་ཤིག་སྒུལ།།

 

5 ངེས་པའི་དཔེ།

གངས་ལྗོངས་གླུ་མའི་གཙུག་རྒྱན་ཀླུ་མོ་མཚོ།།

ཁྱོད་ཀྱི་འགྲན་ཟླ་ལན་གཅིག་དབྱངས་ཅན་མ།།

འཇོག་པ་ཙམ་ལས་དེ་མིན་དངོས་པོ་གཞན།།

བསྐལ་པའི་བར་དུ་བཙལ་ཀྱང་རྙེད་མ་ཡིན།།

 

6 ངེས་མེད་དཔེ།

ཡིད་འོང་སོ་ཕྲེང་ངོམ་པའི་འཛུམ་དཀར་དང་།།

མཚུངས་པའི་དངོས་པོ་འདབ་གྲོལ་པདྨ་ཉིད།།

རྣམ་པར་བཞག་མོད་ད་དུང་དེ་འདྲ་བའི།།

ཆོས་ཤིག་ཡོད་ཚེ་དཔེ་ཟླ་འགོད་པར་རིགས།།

 

7 བསྡུས་པའི་དཔེ།

ཁྱོད་ཀྱི་མཆུ་འདབ་དམར་བ་ཁོ་ན་ཡིས།།

ཤིང་འབྲས་སེའུ་འབྲུ་འདྲ་བ་མ་ལགས་ཏེ།།

རྨི་ལམ་ན་ཡང་མུར་བར་འདོད་པ་དང་།།

མངར་ལ་ཞིམ་པའི་རེག་བྱ་འདི་ཡིས་ཀྱང་།།

 

8 ཕུལ་བྱུང་དཔེ།

ཁྱོད་ཉིད་གངས་ཅན་བིས་མདོའི་ཡུལ་དུ་དང་།།

ཐིག་ལེ་མཆོག་མ་ལྷ་ཡི་དགའ་ཚལ་ཏེ།།

འཁྲུངས་ས་ལྷ་མིའི་གནས་ཀྱི་ཁྱད་ཙམ་ལས།།

འཇོ་སྒེག་ལང་ཚོ་རྒྱས་ལ་གཉིས་སུ་མེད།།

 

9 རབ་བཏགས་ཀྱི་དཔེ།

མཐོ་སྒང་གླུ་མའི་སྤྱན་མིག་དཀྲི་ག་ཅན།།

འདྲ་ཞེས་ནཌ་ཀྱི་རི་དྭགས་སེམས་མ་འཕར།།

གློག་བརྙན་ནང་དུ་ལན་མང་ཐོན་ཡོང་བའི།།

ཨ་ཤིས་ཝ་རའི་གདོང་ལའང་མངོན་ཕྱིར་རོ།།

 

10 རྨད་བྱུང་གི་དཔེ།

ཐོལ་གྱིས་གནམ་ནས་ལྷུང་བའི་སྐར་མདའ་དེས།།

མི་ཚོགས་དཀྱིལ་དུ་འཛུམ་ཆུང་ངོམ་པ་དང་།།

ཉེ་སར་ཤོག་ཅེས་མཛུབ་མོ་འགུགས་ཤེས་ན།།

ད་གཟོད་ཨ་ཅེའི་ཟུར་མིག་ཉིད་དང་མཚུངས།།

 

 11 རྨོངས་པའི་དཔེ།

སྲབ་མཉེན་ཀྲོང་ངེར་ལང་པའི་རྣ་བ་གཉིས།།

མེ་ཏོག་འདབ་མ་འགུལ་བ་ཡིད་འཁྲུལ་ནས།།

བུང་བ་འགའ་ཞིག་སྦྲང་རྩི་ལེན་པའི་ཆེད།།

ལྡིང་སྐོར་བྱེད་དེ་མཆུ་རྩེས་ཡང་ཡང་འབིགས།།

 

12 ཐེ་ཚོམ་དཔེ།

རྩྭ་ལྗང་རླུང་གིས་བསྐྱོད་པའི་སྤང་ཁུག་ནས།།

གསར་བུས་དགའ་མ་དྲན་པའི་འཕྲེད་གླིང་ངམ།།

མི་ཚོགས་རྦ་རླབས་འཕྱོ་བའི་སྡིངས་ཆའི་ཐོག།

ཁྱོད་ཀྱིས་སྙན་མོའི་གླུ་དབྱངས་ལེན་ནམ་ཅི།།

 

13 གཏན་འབེབས་དཔེ།

ཀུན་ཀྱི་མིག་ལ་ཐོགས་པའི་མཛེས་སྡུག་འདི།།

གར་སྟེགས་སྒང་ནས་ལྡེམ་མྱུར་ངོམ་པའི་ཕྱིར།།

གནམ་ངོས་འཕྱང་བའི་འཇའ་ཚོན་མ་ཡིན་ཏེ།།

ཀླུ་མོ་མཚོ་ཡི་ལུས་ཀྱི་སྟངས་སྟབས་ལགས།།

 

14 སྦྱར་བའི་དཔེ།

ཁ་དོག་སྣ་ལྔས་མཛེས་པའི་གུར་ཁྱིམ་འོག།

དུད་རླངས་ཐོལ་ཐོལ་འཕྱུར་བའི་ཁུག་པ་ནས།།

རྣོ་མྱུར་རྐྱོང་སྐུམ་སྟངས་སྟབས་ཀྱིས་གཡོ་བའི།།

ལག་གཉིས་ཁྲུང་ཁྲུང་གཤོག་ཟུང་རྡེབ་པ་བཞིན།།

 

15 མཉམ་པའི་དཔེ། 

འགྱུར་ཁུག་ངག་ལ་དབང་བའི་གཞས་མ་ཁྱོད།།

ཚངས་སྲས་དགའ་མ་མི་ཡུལ་ཕེབས་པ་ལྟར།།

ཤེས་བྱའི་ཆོས་ཀུན་རྒྱུད་མང་དང་བསྡོངས་ནས།།

འཁོར་བའི་གྲོང་ལ་སྙན་པའི་གླུ་དབྱངས་ལེན།།

 

16 སྨད་པའི་དཔེ།

སི་པན་དམར་པོས་ཚིག་པ་ཁ་ཤ་ཙམ།།

གཡེར་མ་སེར་པོས་སྦྲིད་པ་ལྕེ་ལེབ་ཙམ།།

ལགས་ན་གཞས་མའི་རྒྱལ་མོ་ཀླུ་མོ་མཚོ།།

དཔེ་དེས་རྣམ་པ་ཀུན་ཏུ་མཚོན་མ་ཡིན།།

 

17 བསྔགས་པའི་དཔེ།

གངས་རི་མཐོན་པོའི་ཁ་དོག་ཤིན་ཏུ་དཀར།།

རྒྱ་མཚོ་སྔོན་མོའི་གཏིང་མཐའ་ཧ་ཅང་ཟབ།།

རང་གི་རིཌ་ལ་ཞེན་པའི་ལྷག་བསམ་མདངས།།

གོང་གི་དཔེ་ཟླ་གཉིས་དང་རྣམ་ཀུན་མཚུངས།།

 

18 བརྗོད་འདོད་དཔེ།

བསྟོད་ནས་མགོ་འཕང་གནམ་ལ་ཐུག་ཀྱང་ཆོག།

སྨད་ནས་འཕོངས་རུས་ས་ལ་བརྡབས་ཀྱང་ཆོག།

གང་ལྟར་བདག་གིས་ཁྱོད་ཉིད་མཐོང་ནས་བཟུང་།།

འབྲུག་མོའི་སྐྱེ་གཟུཌ་འདྲ་ཞེས་བརྗོད་འདོད་སྐྱེས།།

 

19 འགལ་བའི་དཔེ།

ལྷབ་ལྷུབ་གྱེན་ལ་འབར་བའི་མེ་རླབས་དང་།།

ལྗོན་པའི་ཡལ་གར་འཕྱང་བའི་ལོ་འདབ་སྟེ།།

ཁྱོད་ཀྱི་ཞལ་དུ་འཁྱིལ་བའི་རོ་འཛིན་གསུམ།།

མཚུངས་ཀྱང་ཕན་ཚུན་རྣམ་པ་ཙམ་དུ་འགལ།།

 

20 དགག་པའི་དཔེ།

བདེ་དྲོད་མི་འབྱིན་ཚོར་བས་སྟོང་པ་ཡི།།

འབུ་རས་དཀར་པོས་ཁྱོད་ལུས་འཇམ་ཤ་ལ།།

འགྲན་པའི་གོ་སྐབས་ཆ་ཡི་ཆ་ཤས་ཙམ།།

རྣམ་པ་ཀུན་ཏུ་ཡོད་རེ་དཀོན་ཅོག་གསུམ།།

 

21 ངོ་བསྟོད་དཔེ། 

ཤཱ་ཀི་རཱ་ཡིས་འཛམ་གླིང་སྡིངས་ཆའི་སྒང་།།

སྐད་ཡིག་མང་པོའི་ནང་ནས་གླུ་གཞས་ལེན།།

ཁྱོད་ཀྱིས་བོད་གླུ་སིང་སིང་འཐེན་ན་ཡང་།།

སྐྱེ་དགུའི་རྣ་དབང་གསོ་ལ་གཅིག་ཏུ་གྱུར།།

 

22 དེ་ཉིད་དཔེ།

འདི་ནི་གངས་ཅན་གླུ་མའི་མཚར་སྡུག་སྟེ།།

དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་མིན།།

སྒྱུ་རྩལ་གར་གྱི་སྟངས་སྟབས་ངོམ་པ་ལས།།

འཇའ་སྣེ་འཁྱོག་པོ་ཐུར་དུ་དཔྱང་བ་མིན།།

 

23 ཐུན་མོང་བའི་དཔེ།

དབྱངས་ཅན་ལྷ་མོའི་འཇོ་སྒེག་ལང་ཚོ་ཡིས།།

འགྲན་མི་དོ་བའི་དབྱངས་ཀྱི་བདག་མོ་ཁྱོད།།

ད་ནི་སྲིད་འདིར་དཔེ་གཞན་རྙེད་མིན་ན།།

རང་ཉིད་དཔེ་རུ་འགོད་ལས་ཐབས་ཡོད་མིན།།

 

24 འབྱུང་མིན་དཔེ།

སྲིད་ཞིའི་མཛེས་སྡུག་དྭངས་མ་ཡོད་དོ་ཅོག།

གཅིག་ཏུ་བསྡུས་ལྟར་འཛུམ་པའི་ཞལ་སྒོ་ཅན།།

ཕོ་སེམས་ཆཌ་ཤིང་མོ་སེམས་སྡང་འཇུག་མཁན།།

བསིལ་ལྡན་གཞས་མ་ཀླུ་མོ་མཚོ་ཞེས་གྲགས།།

 

25 སྲིད་མིན་དཔེ།

རྨ་རྒྱལ་སྤོམ་རི་སོལ་བའི་ལྷུན་པོ་དང་།།

རྨ་ཆུ་སྔོན་མོ་དུག་རླངས་མི་འགྱུར་བཞིན།།

ཁྱོད་ཀྱི་ཤ་གསེང་ཁོལ་བའི་ཁྲག་རྒྱུན་ལས།།

ངན་སེམས་གཡོ་སྒྱུ་འབྱུང་བ་ག་ལ་སྲིད།།

 

26 མང་བའི་དཔེ།

བསིལ་འཇམ་རླུང་དང་ཟམ་ཟིམ་སྦྲང་ཆར་ཏེ།།

དྲོད་འཇམ་ཉི་ཟེར་ཕོག་འདྲའི་ཀླུ་མོ་མཚོའི།།

དྭངས་གཙང་ལྷད་མེད་སེམས་ཀྱི་བརྩེ་དུང་དེ།།

ནམ་ཡང་མི་བརྗེད་སྙིང་གི་དབུས་སུ་གནས།།

 

27 རྣམ་འགྱུར་དཔེ།

མཉེན་ལ་རིང་བའི་ཕྱག་གི་མཛུབ་མོ་རྣམས།།

དངུལ་གྱི་སྦུ་གུའི་ཁོང་ནས་བཞུས་པ་ལྟར།།

མཛུབ་མོའི་རྩེ་ནས་སྐྱེས་པའི་སེན་མོ་དག།

བྱུ་རུའི་སྡོང་པོའི་ཟུར་ནས་བཀོག་པ་འདྲ།།

 

28 ཕྲེང་བའི་དཔེ།

གངས་ཆུ་བཞིན་དུ་ཡར་ཀླུང་གཙང་པོ་ཡིས།།

ཤར་ནས་ལྷོ་བཞིན་ལྷོ་ནས་བྱང་ཕྱོགས་བཞིན།།

སླར་ཡང་ལྷོ་བརྒྱུད་རྒྱ་མཚོར་འབབ་པ་བཞིན།།

ཁྱོད་ཀྱི་སྙན་པས་འཛམ་གླིང་ས་ཆེན་བསྐོར།།

 

29 ངག་དོན་གྱི་དཔེ།

འདོད་པས་སྨིན་པའི་བྲང་གི་ཟུར་ཁ་ན།།

མིག་གི་ཐད་དུ་འབུར་བའི་འོ་འཛིན་གཉིས།།

བཟོ་རྒྱལ་བི་ཤྭ་ཀར་མའི་ཕྱག་སོར་གྱིས།།

དུང་གི་ཕྲ་རྒྱན་བཏབ་བཞིན་ཡི་གར་འོང་།།

 

30 ཟླ་བོ་དངོས་པོའི་དཔེ།

གངས་རིའི་སུལ་ན་གླུ་མ་ཆེས་མང་རུང་།།

ཨ་ཅེ་ཀླུ་མོ་མཚོ་ལ་འགྲན་ནུས་སུ།།

ནགས་ཀྱི་གསེབ་ཏུ་བྱ་རིགས་མང་མཆིས་ཀྱང་།།

བྱ་རྒྱལ་ཁུ་ལོའི་སྐད་ལ་དོ་ཟླ་མེད།།

 

31 མཚུངས་སྦྱོར་གྱི་དཔེ།

སེང་ལྕམ་འབྲུག་མོ་གླིང་དཀར་སྟོད་ན་སྙན།།

སྲས་མོ་ཁྱོད་རང་གངས་རིའི་མགུལ་དུ་གྲགས།།

འབྲུག་མོས་མི་རྗེ་གེ་སར་ཚེ་གྲོགས་བྱས།།

ཁྱོད་རང་ཕོ་གཞོན་དཔལ་གྱི་སེམས་རྟེན་བཞུཌ།།

 

32 རྒྱུའི་དཔེ།

སྐེད་སྐབས་ཕྲ་བས་རལ་གྲི་བཀུག་པའི་དངོ་།།

བརླ་རྐང་མཁྲང་བས་དུང་གི་འཁྲི་ཤིང་དང་།།

འཕོངས་ཤ་རྒྱས་པས་སྨིན་པའི་སེ་ཡབ་སྟེ།།

མཛངས་མ་ཁྱོད་ལ་བདག་ཡིད་རྣམ་པར་ཐོགས།།

མཆན། 

མཚན་བཟང་སོ་གཉིས་ནི་སྟོན་པའི་མཚན་བཟང་ལྟ་བུ་ལ་གོ་རྒྱུ་མ་ཡིན་པར་ཚིགས་བཅད་སོ་གཉིས་ལ་གོ་དགོས། 

1aishwarya rai རྒྱ་གར་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག

2shakira སི་པན་རྒྱལ་ཁབ་ཀྱི་གཞས་མ་གྲགས་ཅན་ཞིག

22/ 08/ 2017

Share199Tweet125

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།