ཆུ་སྟོད་ཟླ་བའི་ཉ་ལ་ཕྱོགས་པས་ལུང་པའི་གཤོང་དུ་སྨུག་སྤྲིན་ཉལ།།
སྣུམ་ལྗང་ཡངས་བའི་རི་ལུང་དག་ན་མེ་ཏོག་གཤོག་པའི་འཇའ་ཚོན་བྲིས།།
རང་བྱུང་སྨན་གྱི་བསུང་མངར་འཐུལ་བ་མཐོ་སྒང་རི་བོའི་རྒྱུད་དེ་ན།།
གདོང་དམར་བཙན་པོའི་བུ་རྒྱུད་དག་གིས་སྦྲ་གུར་བརྒྱབས་ཏེ་མཚེར་ས་བཟུང་།།
སྨུན་སྤྲིན་ཀློང་ན་རྐང་བཞི་བཀྲམ་པ་སྐར་མའི་གྲོ་ཡོས་འགད་པ་འདྲ།།
ཡངས་ཤིང་སྣུམ་པའི་རྩྭ་ཐང་མཚོ་ལ་སྦྲ་གུར་སྨུག་པོ་གཡོར་གྲུ་བཞིན།།
ཅུང་ཟད་མོག་པའི་ཟླ་འོད་འོག་གི་ཀྱག་ཀྱོག་ཆུ་ཕྲན་དངུལ་མདངས་འཚེར།།
རྒྱང་ནས་བལྟས་ན་སྒྱུ་འཕྲུལ་བློ་ཡིས་འབྲོག་སྡེ་ཚོམ་ཤིག་བཀོད་པར་དྲན།།
ཨ་ཁུ་རྒད་པོས་གནམ་གཤིས་བརྟགས་ཞོར་ལོ་ཐོ་ནག་སྐྱབ་སྔོག་གཤེར་བྱས།།
དབྱར་མགོར་བསགས་པའི་མར་རྡོ་ཁ་དྲུབ་ཆུར་སྒྲོ་རིང་པོ་ཁ་མདུད་བསྡམས།།
སྡེ་བ་ཡོངས་ཀྱིས་རུ་གྲོས་བྱས་མཐར་ཀུ་རེའི་མཇུག་དེར་རུ་ཐག་བཅད།།
འབྲོག་ཁྱི་དག་གིས་ཅི་ཞིག་ཚོར་འདྲའི་རྒྱང་ལ་ལྟ་བཞིན་རྫི་ཟུག་བྱེད།།
ཁ་ཉིན་དབྱར་ས་ཁྲ་མོའི་ཐོག་ཏུ་མཚེར་དང་ཐབ་ཀ་བཅའ་རུ་སོང་།།
མཚེར་ས་གདམ་རྗེས་རྡོ་བ་སྤུང་ཞོར་ས་འདམ་བརྫིས་ཏེ་བློ་བཀོད་འཐེན།།
འབྲོང་རྒོད་བྲེ་སེར་གྱེན་དུ་ལངས་འདྲའི་རླུང་ཐབ་གོ་ཡ་མ་འགའ་བཅས།།
གོར་རྣ་ས་མིན་རྡོ་མིན་ཡིན་པས་མེ་ལྕེ་ཐུབ་པའི་ཁྱད་ཆོས་ལྡན།།
འབྲོག་པའི་འཚོ་བ་ཕྱུགས་ལ་རྟེན་ཞིང་དེ་ཡང་རྩྭ་ཆུའི་བཅུད་ལ་སྟེ།།
རྩྭ་ཁ་འདེད་དེ་སྤོ་བཞུད་བྱེད་པ་རྩྭ་ཐང་མི་ཡི་འགྲོ་ལུགས་ཡིན།།
ལྕགས་དཀྱུ་འདྲ་བའི་ཕོ་ཐང་དག་གིས་རྟ་ཁ་གློད་དེ་གཡག་ཁྱུ་རུག།
གཡག་རྒོད་དག་གིས་རྭ་ཁ་འགྲན་ཞིང་མི་རྣམ་དགོད་ཞོར་གཡག་སྤུས་གླེང་།།
ཆར་པ་འབབ་སོང་ཆར་པའི་མིང་ལ་དྲུག་པའི་ཆུ་བོ་གཞུང་རྒྱས་འབོད།།
སྤྲིན་གྱི་རུམ་ལས་ཆར་གྱི་རྒྱུན་དག་ནམ་མཁའ་རལ་བའི་ཟོལ་གྱིས་འབབ།།
སྨུག་ཆར་ཀློང་གི་འགྲོན་པོའི་རྟ་ཐོག་རྦ་ལོ་རིས་ཀྱི་སེང་འཁོར་གྱོན།།
ཆར་ཆུའི་དཀྱིལ་གྱི་མེ་ཏོག་སིལ་མ་ཟིལ་པ་ཕྲོམ་ཕྲོམ་འདར་སིག་ཤོར།།
རེ་སྦྲ་སྨུག་པོ་ཆར་པས་བརླན་པ་བྱ་རྒོད་སྒྲོ་ཐུལ་བངས་བ་འདྲ།།
ཀོ་ཆོན་སྲ་མོ་ཆུ་ཡིས་གཤེར་དུས་འགྱིག་གི་ཐག་པ་ནར་བ་བཞིན།།
སྦྲ་ནག་མ་སྐམ་གཡག་རྒོད་དར་མ་ཤུགས་རྩལ་ཆེ་ཡང་ལྕོག་ལེ་མིན།།
ཨ་ཉི་ལྷ་ཉི་ཅུང་ཟད་ཤར་རོགས་ལྷ་ཡི་ཉི་མ་དྲོ་ལ་ཤོག།
དགོང་ཆེན་སྤྲིན་གྱི་ཐུ་སྣེ་བཀྱགས་དུས་སྦྲ་རྒན་རྩིབ་ནས་ཉི་རྡུལ་འཐིག།
ཁྱིམ་ཚང་རེ་རེས་གུར་རེ་དབུབ་ཅིང་སྦྲ་ནག་འབེབས་པའི་སྟ་གོན་བྱེད།།
སྦྲ་རི་སྨུག་པོའི་གུང་ཁ་འཐེན་ཅིང་ནང་དུ་སུར་མེའི་དུ་ཞགས་བསྐྱིལ།།
དུ་རླངས་འཚུབ་བེར་སྲག་མཐའ་དཀྲུག་ཞོར་དུ་དྲི་ཐུལ་ལེར་བལྟེབས་པ་འོ།།
དེ་དགོང་འབྲོག་སྡེའི་གཟི་དཔལ་འགྱུར་ཞིང་མིག་ལ་ཁ་དོག་གཞན་ཞིག་བྱུག།
ནུབ་དེར་ཅ་དངོས་དཀྱིལ་དུ་སྤུངས་ཤིང་མི་རྣམས་རས་གུར་ནང་དུ་ཉལ།།
ཁྱི་རྐུན་འགའ་ཤས་སྣ་ཉུག་ས་སོད་རས་གུར་དཀར་མོའི་མཐའ་རུ་རྒྱུ།།
ནོར་ཡན་འགའ་ཞིག་ཚྭ་དད་ལངས་ཏེ་སྦྲ་མལ་ཐབ་ཀ་ཤག་ཤག་ལྡགས།།
ཕྱི་ཉིན་ནམ་གྱི་སྐྱ་རིངས་སྐྱ་མདའ་སྔོ་རིངས་སྔོ་མདའ་མ་རྒྱུག་གོང་།།
སྐྱེས་མ་ལངས་ཏེ་འབྲི་མོ་བཞོས་ཤིང་སྐྱེས་པས་གཡག་ལ་སྒ་སྟན་བརྒྱབས།།
བྱིས་པ་དག་གི་གོས་ཚགས་བཅོས་ཤིང་འབྲི་འོ་དྲོན་མོས་ཞོགས་ཇ་སྟེར།།
ཅ་ཁ་མ་ལུས་བསྡུད་གསོགས་བརྒྱབས་ཅིང་ཁལ་མ་འགེལ་ཆོག་ཁྲིག་སེ་ཁྲིག།
གཡག་རྒོད་འགེལ་དུས་ལག་པ་ཡོད་ཀྱང་ལག་རུས་མཁྲེགས་ཞན་འདྲ་ལེ་མིན།།
མདུད་པ་དེ་ལའང་མདུད་ལུགས་མི་འདྲ་ཁྲོལ་མདུད་མདུད་ནག་ཕྱི་ཆིངས་མདུད།།
གཡག་རྒོད་དར་མའི་གློ་ཐག་འཐེན་དུས་ཕྱི་ཆིངས་མདུད་པ་རྒྱག་དགོས་ཀྱང་།།
ཕྱི་ཆིངས་མདུད་པ་མདུད་ནག་མ་རྒྱག་རྩ་ཐང་ཐོག་གི་ཕོ་སར་ཚོ།།
སྐྱ་མདའ་ཤར་དུས་ཕ་ཁུ་བུ་སྤུན་ལག་དང་ལག་སྡེབ་ཁལ་མ་བཀལ།།
འདོ་བ་རྟ་ལ་ཤ་ཐག་ཤད་ཞོར་ཕན་ཚུན་འབོད་བརྡ་ལྷང་ལྷང་ལྷང་།།
རྩྭ་ཐང་བུ་མོས་ནོར་ཁྱུ་མངག་ཅིང་ནོར་རྡང་ཁྲེས་པ་ཁྲེས་པ་བྱས།།
མ་དང་སྲུ་མོས་མི་རྟ་ཁལ་མར་བདུག་སྐོར་བྱེད་བཞིན་སྨོན་ལམ་གྱེར།།
ཕོ་གསར་དར་མས་གཡག་གི་རུ་ལོང་གོང་ཐག་རྒྱུད་དུ་རིམ་པས་མདུད།།
ནོར་ནག་ཁྱུ་སྣ་དལ་གྱིས་བསྒྱུར་རྗེས་ཤོ་ལ་ཤོ་མཐུད་སྐྱེལ་པ་གཤར།།
ཕྱི་མིག་ཁྲོད་ཀྱི་མཚེར་ཤུལ་དེ་རུ་སྐྱ་ཀ་ཚོམ་ཞིག་འཕུར་ལྡིང་འཚུབས།།
ཐབ་ཤུལ་ཐོག་ན་ལྷ་བསངས་དཀར་པོ་ཡུལ་ལྷ་དགྱེས་པའི་སྐྱེས་སུ་འཕྱུར།།
གྱེན་ལ་ཐུག་དུས་སྦྲ་ཁལ་དག་གིས་ཁ་ནས་སྦུ་དཀར་དཀྱུ་ལུ་ལུ།།
ཐུར་ལ་འགྲོ་དུས་ཤ་ཁལ་དག་གིས་རྔ་མས་འཕྲུལ་ལོང་ལིང་ལིང་ལིང་།།
ཤ་མགོ་རྒོད་པའི་གཡག་གསར་འཕགས་པ་རྭ་ནས་འཇུ་དུས་དཀྱི་ལི་ལི།།
སྐྱེལ་ནོར་རྒྱབ་ཀྱི་ཁྲ་རིང་ཐོག་པའི་མྱི་ཕོས་རྟ་རྒྱུག་ཤ་ར་ར།།
དེ་རིང་འབྲོག་ཁྱིའི་ལྕགས་ཐག་སྣེ་ལ་བུ་མོ་མེ་ཏོག་འདྲ་རེ་གདའ།།
འཐེན་རེས་འདྲུད་རེས་བཤུད་པ་ཤར་ཤར་གཡང་དཀར་ལུག་གི་ཁྱུ་སྣེ་སྐྱོར།།
ལུག་ཁྱུ་གཤར་བ་སྤྲིན་དཀར་ལེབ་མོ་ཐང་ལ་ལྷུང་དེ་ནུར་དང་མཚུངས།།
བུ་མོའི་འཛུམ་ཀོང་སྤྲིན་དཀར་སྣེ་ལ་ཉི་མའི་འོད་ཚར་སྤུད་པ་བཞིན།།
སླས་རྩྭ་ཉལ་བའི་དབྱར་ས་དེ་རུ་ད་ནི་རུ་གསར་ཐོན་སོང་ངོ་།།
མིག་ཟུང་སྦྲིད་པའི་ཁ་ཚ་མེ་ཏོག་གསེར་ཞགས་ཕྲོམ་མེར་བཞད་བསྡད་གདའ།།
མེ་ཏོག་དཀྱིལ་དུ་གོམ་གང་སྤོས་དུས་རྡོག་མགོར་གསེར་རྩིས་བྱུག་ལྟར་གྱུར།།
སྣོར་འཇམ་ཁྲོད་དུ་གན་རྐྱལ་ཉལ་དུས་འབོལ་གདན་ལྟ་བུར་ནེམ་མེར་གདའ།།
རང་རང་སོ་སོའི་རུ་མལ་དག་ཏུ་རྟ་དང་ཁལ་མ་དུས་གཅིག་ཕོག།
ལྟོག་པ་དག་གིས་ལུག་ཞོ་གར་པོ་ཚ་འཐུང་བྱས་ནས་སྦྲ་ནག་འདིང་།།
སྦྲ་ཕུར་རིང་པོ་ས་ལ་རྡེབ་དུས་ཕོ་སར་དཔུང་ཤུགས་སུ་ཆེ་ཤེས།།
ཕུར་རྡོ་ལེབ་མོ་གནམ་ལ་སྐོར་དུས་བུ་རྒོད་ཧྲི་རགས་སུ་འཇིགས་རྟོགས།།
ཕྱོགས་བཅུའི་སྦྲ་ཆོན་ཤུགས་ཀྱིས་བརྒྱངས་ཤིང་ཕྱི་ཀ་ནང་ཀ་བཀར་བ་ན།།
གདོད་མའི་སྲོག་མཁར་སྦྲ་ནག་གྲུ་བཞི་འཕུར་ལ་ཉེར་སྡོགས་རྩོམ་དང་འདྲ།།
རྣོ་ངར་ཆེ་བའི་འུར་ཟིངས་ཁྲོད་ནས་སྦྲ་ནག་ལྡང་ལྡིང་ཕུབ་པ་དང་།།
མི་རྣམ་བློ་ཁ་ཅུང་ཟད་ལྷོད་དེ་ཡ་རྡོ་བཀོད་བཞིན་ཡ་སེར་རྩེག།
གདོད་མའི་འཚོ་བར་ཉམས་མྱོང་ཟབ་པའི་མ་ཡུམ་དག་གིས་གཟབ་ནན་ངང་།།
ཐབ་གསར་ཐོག་ཏུ་མེ་ཁ་གསོས་ཏེ་འོ་ཇ་སྐོལ་བཞིན་ཁ་གཡང་འབོད།།
རུ་མལ་འདི་རུ་མི་ཕྱུག་ཀུན་ལ་མི་འདོད་ན་བུན་དཀྲིགས་པ་ཡིས།།
གཡའ་ཙམ་མི་འབྱུང་བདེ་སྐྱིད་ལྡན་པའི་གསོའ་བ་སྨོན་ལམ་ལྷང་ལྷང་ལྷང་།།
མཚེར་གསར་སུར་མེའི་དྲི་བསུང་ཐུལ་ལེར་དུད་ཞགས་དགུང་དུ་ལྷོག་ལྷོག་འགྲོ།།
འོ་ཇ་ཁོལ་དུས་སྦྲང་དཀར་རྩམ་པ་མར་དཀར་སྤུ་ལུ་ཅི་དགར་རོལ།།
ཡབ་ཆེན་དག་གིས་ཤ་སྒྲོ་སྨུག་པོ་སྐོར་དྲུད་མཛད་དེ་གྲི་གུ་བརྡར།།
གཡག་ཤ་སྨུག་ཁྲིག་དུམ་ཆོད་བྱས་ཏེ་གཟའ་མི་གང་བོར་ཤ་སྐལ་བགོ།
འབྲོག་པ་རྒན་པོས་ཁལ་སྒ་དག་གི་གློ་སྨད་གོང་ཐག་ཆག་ཅིང་མདུད།།
རྟ་ནོར་ལུག་ཁྱུས་མཚེར་གསར་ཐོག་གི་སླས་རྩྭ་འཐུག་པོར་རྔམ་ཟ་བྱེད།།
འཁུར་ཚོས་སྨིན་པའི་ན་ཆུང་བུ་མོ་ལྷོད་ཀྱིས་སླས་རྩྭའི་ཁྲོད་ཉལ་ཞིང་།།
འབྲི་བྲོ་མེ་ཏོག་རྩ་བ་བསྔོགས་ཏེ་ས་དམོང་འབུ་སྟུག་རྒུམ་པར་བྲེལ།།
དགོང་ཆེན་སྤྲེལ་གྱི་དུས་སུ་ཐོན་དུས་ཕྱུགས་རིགས་དཀར་ནག་སླས་ལ་བསྐྱིལ།།
ན་ཆུང་མཛེས་མས་ལག་གདུབ་སིལ་སིལ་རྡང་གཞུང་འཐེན་བཞིན་སླས་ཕུར་བྱེད།།
འབྲི་མོའི་ངུར་སྒྲ་ལུག་གི་འབའ་སྐད་རྫི་བོ་གཞོན་ནུས་འབོད་བརྡ་སོགས།།
རོལ་དབྱངས་མ་ལུས་གཅིག་ཏུ་བསྡེབས་ཏེ་མཚན་མོའི་རུམ་དུ་དལ་གྱིས་འབབ།།
ནམ་མཁར་སྤྲིན་གྱི་སྐོར་མོ་བཅས་ཤིང་ཟླ་ཟེར་འོག་ནས་སྦྲག་ནག་མངོན།།
གཟའ་ཚང་གང་པོ་གོར་སེ་འཛོམས་ཅིང་མེ་ཕུང་ངོགས་སུ་དགོད་སྒྲ་སྐྱིལ།།
ཨ་མས་གྲོ་མ་སྨུག་ཆུང་གཤེར་ཅིང་ཨ་ཅེས་མར་ཁུ་དྭངས་མོ་སྣོན།།
ཨ་མྱེའི་རེ་སྨོན་ཟབ་མོའི་རྩེབ་ནས་མཚེར་གསར་མར་ཁུ་འཛུམ་གྱིས་གཞིབ།།
ངང་སེར་ཟླ་བ་སྤྲིན་གྱི་ཁྲོད་ན་གབ་རེས་རྩེད་རེས་ཚུལ་གྱིས་རྒྱུ།།
ཉེ་མ་རིང་ནས་གཡག་རྒོད་དར་མའི་ངར་ལྷབ་འཐེན་པ་རྨི་ལམ་མིན།།
སྦྲ་ཕུག་མཆོད་ཁྲིའི་མཚན་ཐུབ་དག་གིས་གསལ་ལ་མི་གསལ་འོད་ཅིག་སྤྲོ།།
འབྲོག་ཁྱི་རྒྱ་བོའི་རྫི་ཟུག་ཐར་ཐོར་ལྷིང་འཇགས་མཚན་མོའི་ཅོང་བརྡ་འོ།།
༢༠༡༤།༧།༣༡། ༢༠༡༥/༡༠/༢