Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

ཤར་མི་ཉག་ནགས་ཕྲན་ཚང་གི་ཡུལ་སྲོལ་ལོ་སར་སྐོར།

ཤར་མི་ཉག་པ་འཇལ་དཔལ་བསྟན་འཛིན།

April 2, 2022
in དཔྱད་རྩོམ།
0

ཤར་མི་ཉག་ནགས་ཕྲན་པའི་ཡང་མེས་ནས་བརྒྱུད་པའི་གནའ་བོའི་ལོ་སར་ནི་ཆེས་ཁྱད་དུ་འཕགས་པའི་ཡུལ་ལུང་སྲོལ་རྒྱུན་རིག་གནས་དམིགས་བསལ་བ་ཞིག་ཆགས་ཡོད་པ་ལྟར། དེ་ལྟར་དེ་ལྟའི་འཚོ་བའི་རྒྱུན་ཤེས་གང་ཡོད་ཡི་གེར་ཕབས་ནས་མི་རབས་གསར་པར་མཁོ་སྤྲོད་བྱེད་རྒྱུའང་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་དང་པོ་དེ་ཡིན། ཡིན་ཡང་གནས་འདི་ནས་ས་སྐྱེས་རྡོ་སྐྱེས་ཤིག་ལ་མཚོན་ན་སྨྲ་རིན་མེད་པ་ཞིག་ཡིན་ན་ཡང་དེ་ལྟའི་དུས་ཀྱི་ཡོ་ལང་མིག་གིས་མ་མཐོང་བའི་གསར་སྐྱེས་གཞོན་ནུ་ཞིག་གི་ངོར་རིན་ཐང་ཆེན་པོ་ཞིག་དང་འདས་དོན་ལ་བསམ་གཞིག་བྱ་སའི་ས་བོན་ལྟ་བུ་ཅིག་ཏུའང་འགྱུར་ངེས་སུ་སོང་། དེ་རིང་ཕ་ཡུལ་གྱི་རི་ཆུ་ཀླུང་གསུམ་ཡིད་ངོར་སྒོམ་ཞོར་ཕ་སྐད་ངོ་མས་འདི་ལྟར་འབྲི་ན་འདོད། དེ་ཡང་བོད་ཟླ་དང་པོ་སྟེ་ཆོ་འཕྲུལ་ཟླ་བའི་ཚེས་༠༡ ཉིན་མགོ་ནག་བོད་པ་སྤྱི་ཡོངས་ལྟར་ལོ་སར་བརྩི་སྲུང་བྱེད་ཀྱི་ཡོད། ལོ་སར་དུས་ཚེས་དེ་ནི་ཡིད་ལ་འཐད་ཅིང་བཀྲ་ཤིས་པའི་དུས་ཚེས་ཤིག་མིན་ན་ཡང་འདི་ལྟར་གཞན་ལ་བརྟེན་ཅིང་ཡོད་ཚད་གཞན་རྗེས་སུ་ཁྱི་ལྟར་རྒྱུགས་པའི་བོད་པ་ཚང་གི་ལས་དབང་ཞིག་ཡིན་པ་ལས་གཞན་མིན། དུས་ཚེས་འདི་ཉིན་ཧོར་ཟླ་དང་པོའི་ཚེས་༠༡ ལ་ཁེལ་ཡོད། དེ་ཉིན་ཏག་ཏག་ཧོར་རྒྱལ་པོས་མི་ཉག་རྒྱལ་ཁབ་ཆམས་ལ་ཕབ་ནས་དགའ་སྟོན་བྱེད་ཉིན་ལ་ལོ་སར་དུ་བརྩིས་པ་ཞིག་ཡིན། གང་ལྟར་བོད་ཟླའམ་ཧོར་ཟླ་༡༢ པའི་མར་ངོ་ནས་ལོ་སར་ཆེད་ཉོ་ཚོང་རྒྱག་པ་སོགས་གྲ་སྒྲིག་རིམ་པ་བྲེལ་ཟིང་ངང་བྱེད་དགོས། བསང་ཁྲི་རྩིག་པ། བསང་ཤུག་འཐུ་བ། གོར་བ་དང་། གྲོ་གཅེས། མོག་མོག ཕོ་ལོག འབེ་དང་། (འབེ་ནི་ཕྱེ་ཐོ་ལས་བཟོས་པའི་སེམས་ཅན་གྱི་འདྲ་གཟུགས་ལ་འབེ་ཞེས་མི་ཉག་ནགས་ཕྲན་པ་སོགས་ཡུལ་ཁམས་འགའ་རེ་ལ་གྲགས་པའི་ཐ་སྙད་ཅིག །དོན་ལ་འབག་ཅེས་པ་འབེ་རུ་སྒྲ་ཟུར་ཆགས་པའང་ཡིན་སྲིད)འབེ་ཐོ་སོགས་བཅའ་དགོས། འབེ་ནི་ནང་གི་བུ་རྣམས་ལ་རྟ་དང་། གཡག །བུ་མོ་ཚོ་ལ་ལུག་དང། མཛོ་མོ་བཅས་སེམས་ཅན་སྣ་ཚོགས་པའི་གཟུགས་རེས་བཅའ་སྲོལ་ཡོད། ད་དུང་རུ་སྐོར་གྱི་ཞ་ཞིའི་(ཕྲུ་གུ་ཆུང་ཆུང་གི་མིང་།)གྲངས་ཇི་ཡོད་ལ་འབེ་བཅའ་དགོས་ལ། བསང་ནང་དུ་མཆོད་རྒྱུའི་ཆེད་ར་ལུག་གཡག་གསུམ་ཡང་བཅའ་དགོས། དེ་ནི་ངེད་རུ་བ་ཚོའི་ཐོག་མའི་མི་རབས་ནང་དམར་མཆོད་བྱེད་སྲོལ་ཡོད་པའང་མཚོན་ནུས། ཞ་ཞི་ཚོས་སྒེར་བཟུང་བྱས་པའི་འབེ་དག་ལ་དར་ཚོན་སྣ་ལྔ་དང་། ཤོག་བུ་ཚོན་ཁྲ་ཅན་སྣ་ཚོགས་ཀྱིས་སྒ་བཅས་རྒྱག་པ། ཚོན་བྱུག་པ་སོགས་བྱེད་ནས་ཡུན་དུ་གཅེས་ནོར་ལྟ་བུར་ཉར། ལོ་སར་སྐབས་མགྲོན་འབོད་བྱེད་མཁན་ཞ་ཞི་ཞིག་ཡིན་ཕྱིར་ཁོ་ལ་ཡང་འབེ་སྤྲད་དགོས། འབེ་ཡི་འགྲོ་སྒོ་ཧ་ཅང་མང་།

གོར་བ་ནི་དབྱིབས་ཟླུམ་པོའི་དབུས་སུ་ཉི་ཟླ་ནོར་བུས་མངོན་པར་མཚོན་པའི་རི་མོ་འབྲི་དགོས། རི་མོ་འབྲི་བ་ནི་ལས་སླ་མོ་ཞིག་ཏེ་དཀར་ཡོལ་ཕོར་བུའི་ཁ་རྐུབ་ཀྱིས་གནོན་ཙམ་བྱེད་ན་འགྲིག །གླིང་བཞི་རི་རབ་མཚོན་ཆེད་ཕྱོགས་བཞིར་ཐིག་ཚད་བཞི་དབུས་སུ་གཅིག་བཅས་ལྔ་འགོད། (གོར་བ་ནི་བག་ལེབ་ཆེ་བའི་རིགས་ཤིག་གི་མིང་།)ཚེ་གོར་ནི་འབེ་ཐོའི་རིགས་སུ་གཏོགས་ལ་དབྱིག་ནར་མོ་མཆུ་རིང་ཅན་ཞིག་མཐའ་སྐོར་ཕྱོགས་ཡོངས་སུ་སེན་ཚེག་གིས་བསྐོར་ཞིང་དབུས་སུ་ཉི་ཟླ་ནོར་བུའི་རི་མོས་མཚན་པར་བྱས་ཡོད།   ཕོ་ལོག་ནི་དམིགས་བསལ་མི་ཉག་པའི་ཐུན་མིན་ཟས་རིགས་ཤིག་ཡིན། རྒྱུ་ཆ་མར་གསར་དང་། བྱེ་མ་ཀ་ར། ཆུར་བ། བུར་ནག །རྩམ་པ་སོགས་བསྲེས་ཏེ་ཕྱེ་ཐོའི་ནང་བཏུམས་ནས་རླངས་བཙོ་བྱེད་དགོས། བསང་ཁྲི་ནི་རྡོ་དང་། ལྕི་རྡོག་འཁྱག་པ་དག་གིས་བརྩིགས་རྗེས་སྟེང་དུ་ས་དང་རྡོ་ཧྲུག་བཀྲམ། ཕྱི་སོར་ལྕི་བ་རློན་པས་ཤན་པ་དེར་རྡོ་དཀར་བཙུགས་ནས་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་སོགས་བཀྲ་ཤིས་པའི་རི་མོས་མངོན་པར་མཛེས་སྤྲོས་སུ་བྱེད། སྦྲ་གུར་དང་། ཁང་པའི་དུད་རྒན་ནམ་དུད་དྲེག་རྙིང་པ་བཅད་ནས་མི་ཆེན་དང་བླ་ཆེན། ཁྱིམ་གཞི་ཆེན་པོ་ཁག་གིས་སྒྲུབ་ཆེན་དགུ་གཏོར་དང་མཉམ་དུ་དུད་རྒན་གཡུག་སྲོལ་ཡོད། གཞན་རྣམས་ཀྱིས་ཀྱང་ཟབ་མདོ་དགུ་ཟློག་རེས་དགུ་གཏོར་གྱི་ཚབ་བྱེད་དགོས། ད་དུང་དེ་ཉིན་རྫས་སྣ་དགུ་འཛོམས་ཀྱི་དགུ་ཐུག་བསྐོལ་ནས་རུ་སྐོར་ཕན་ཚུན་འབོད་རེས་དང་། ཡང་ན་དགུ་ཐུག་ཕར་ཚུར་སྐྱེལ་རེས་ཡང་བྱེད་དགོས། དགུ་ཐུག་ནང་རྟགས་མཚན་སྣ་མང་ཡོད་པའི་རིལ་བུ་བཅུགས་ཏེ་སུ་ལ་གང་ཐོབ་ཀྱིས་རྩེད་མོ་རྩེ་སྲོལ་ཀྱང་ཡོད། དཔེར་ན་སོལ་བའི་རིལ་བུ་ཐོབ་ན་སྙིང་གནག་དང་། བལ་དཀར་རིལ་བུ་ཐོབ་ན་སེམས་བཟང་། ཚའི་རིལ་བུ་ཐོབ་ན་ཀུན་མཐུན། སྨྱུག་མའི་རིལ་བུ་ཐོབ་ན་དྲང་ཚུགས་ཅན། རྡོ་རུལ་བུ་ཅན་ཐོབ་ན་མི་བརྟན་པོ་རང་ཚུགས་ཅན་སོགས་མཚོན་གྱི་ཡོད། སོལ་ནག་རིལ་བུ་ཐོབ་མི་རུང་བ་དང་།  མར་དཀར་རིལ་བུ་ཐོབ་ཤོར་ཁྲོད་ནུབ་ཚ་སྐབས་འུར་ཟིང་ཅུང་ཆེ། གནམ་གང་ཉིན་ཕ་མ་བུ་འཛོམས་ཀྱི་ཕོ་ལོག་བཅས་ནས་སྤྲོ་སྐྱིད་གཏོང་གི་ཡོད། ཕོ་ལོག་ལ་ཚོས་ཕོ་ལོག ཤ་ཕོ་ལོག །མི་ཉག་ཕོ་ལོག་བཅའ་བཟོ་དགོས། སྦྲ་ཁྱིམ་དང་ཁང་ངོར་གྲོ་ཕྱེ་དཀར་པོས་ཐིག་ཚོན་གྱིས་འཁོར་ལོ། དཔལ་བེའུ། མེ་ཏོག བུམ་པ། གདུགས་དང་། རྒྱལ་མཚན། རྒྱ་ནག་ལྕགས་རི། ཚེ་རིང་རྣམ་དྲུག །མཐུན་པ་སྤུན་བཞི་སོགས་ཀྱིས་དཀར་ལྡེམ་མེར་འབྲི། རི་མོ་འདིར་དམིགས་བསལ་གྱི་ཁྱད་ཆོས་སུ་ཡོད་པ་ནི་བྱིས་སེམས་གསོ་ཞིང་ཁྱིམ་གང་དཀར་འོད་མངོན་པར་གསལ་བའི་ནུས་པའང་ཡོད། དེ་བཞིན་ཤོག་བུ་དཀར་སེར་དམར་ལྗང་གིས་མེ་ཏོག་ཡང་སྣ་མང་དྲས་ཏེ་སྦྲ་དང་ཁང་པའི་ཕྱོགས་ཡོངས་སུ་དཔྱངས་དགོས། ལོ་སར་ཚེས་གཅིག་ཉིན་གྱི་ཞོགས་པའི་སྐྱ་རེངས་ཤར་བ་དང་མཉམ་དུ་ཚེས་ཆུ་ལེན་དགོས་ལ། དེ་ནི་ཧ་ཅང་རྒྱལ་ཕམ་ཐོབ་ཤོར་གྱི་རྣམ་པ་ཅན་ཞིག་ཀྱང་ཡིན།སུ་ཚང་གིས་ཚེས་ཆུ་སྔོན་དུ་ལེན་ཐུབ་སོང་ན་ཆུ་འགྲམ་ནས་བསང་དུད་གཏོང་ཞོར་དུང་དཀར་འབུད་ཅིང་ཤོག་སྦག་བཀད་དེ་ངོམ་སོ་བྱེད། དེ་ནས་ནང་མི་མཉམ་འཛོམས་ཐོག་རྒྱན་གོས་གང་ཡོད་ཀྱིས་ཟབ་འཕྱོར་སྤྲོས་ཏེ་མདུན་དུ་དཀར་གསུམ་དང་། མངར་གསུམ། ཤ་མར་ཐུད་ཀྱིས་སྡེར་ཁ་བཀྲམ། དེ་ནས་མཆོད་པ་ཕུལ་ཏེ། ཕ་རྒན་གྱིས་ཁ་དྲོ་དྲོ་གྲོ་ཡིས་ཆོད་ཟེར་ནས་གྲོ་ཟ་དགོས། གྲོ་མ་མར་ཁུ་ཡང་བྱས་ཡོད། དེ་ནས་མར་དཀར་གྱིས་བཟོས་པའི་སུམ་ཚུགས་ནོར་བུའི་ཏོག་གིས་མཚན་པའི་ཕྱེ་མར་མཆོད་ནས་གྲྭ་བཙུན་སུ་ཡོད་ཀྱིས་བཀྲ་ཤིས་བརྒྱད་པ་དང་། བཀྲ་ཤིས་བརྩེགས་པ་སོགས་ཤིས་སྨོན་དང་བསམ་པ་ལྷུན་འགྲུབ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ། མི་རེའི་ཆེད་དུ་ཚེ་རྩམ་རེ་བརྫི། རྒྱུ་ཆ་རྩམ་པ་དང་། ཆུར་བ། ཀ་ར་བུ་རམ། སྦྲང་ནག གྲོ་མ། བྱེ་མ་ཀ་ར། བ་དམ། མར་གསར་བཅས་ལས་གྲུབ་ཡོད། དབྱིབས་གྲུ་བཞི་དང་། ཟླུམ་པོ་གང་རུང་། ཆེ་ཆུང་རྡོ་རྡེབ་ཙམ་པ་སོགས་ཆེ་མ་ཆུང་གསུམ་སྣ་མང་། མར་ཚོན་ནམ་མར་དཀར་གྱིས་ལག་རྩལ་གང་ཡོད་ཀྱིས་གཡུང་དྲུང་སོགས་རི་མོ་སྣ་ཚོགས་འབྲི། ཤར་རིའི་ཕྲག་གོང་ནས་ཉི་རྩེ་ཤར་བ་དང་མཉམ་དུ་གྲྭ་བ་ཡོད་ན་དེ་དང་། གཞན་ཕོ་གསར་ཚོས་རླུང་རྟ་བཏང་། རི་བསང་ཕུལ་དེ་དུང་འབུད་ཀྱི་རེད། རི་བསང་གཏོང་བ་ནི་ཚེས་གཅིག་ནས་བཅོ་ལྔའི་བར་གཏན་ཆགས་བྱེད། ཚེས་གསུམ་ཉིན་རུ་བ་སོ་སོར་སྒེར་གྱི་ཡུལ་ལྷ་གཞི་བདག་གང་ཡོད་གསོ་བ་དང་། ཚེས་བཞི་ཉིན་ཤར་མི་ཉག་ནགས་ཕྲན་ཚོ་གསུམ་གྱི་སྟག་ཤར་ལྷན་འཛོམས་ཀྱིས་གླིང་གེ་སར་རྒྱལ་པོ་གསོལ་མཆོད་གཞི་རྒྱས་པ་ཞིག་གཏོང་གི་རེད། དེ་ཉིན་གྲྭ་བ་ཚོས་བསང་མཆོད་བཀྲ་ཤིས་དཔལ་འབར་སོགས་གསུངས། སྟག་ཤར་ཚོས་རླུང་རྟ་བཏང་། རྟ་རྒྱུགས་དང་མདའ་རྩེད་བྱེད། རུས་སྐོར་དང་ཉེ་སྐོར་གྱིས་ཐབ་ཚང་བཟོས་ཏེ་ཇ་སྐོལ་དང་ཆང་རྩེད་བྱེད་ཀྱི་ཡོད། འབོད་རེས་ལ་གནས་དེར་རུ་ཁག་ག་ཚོད་ཡོད་པ་དེ་ནང་གི་ཕ་ཆེ་མ་གཉན་གྱི་ཁྱིམ་ཆེན་དེས་རུ་སྐོར་ཚང་མ་སྟབས་གཅིག་ཏུ་མགྲོན་འབོད་དང་པོ་བྱེད་དགོས། ཞ་ཞི་གཅིག་ཉེ་སར་བཅར་ནས་ལོ་གསར་ལ་ཕེབས་ཤོག་ཟེར་ནས་མགྲོན་བརྡ་གཏོང་། དེ་ཚང་གིས་འབོད་མཁན་ཞ་ཞི་ལ་འབེ་གཅིག་དང་། གོར་བ་གྲོ་གཅེས། ཀ་ར་སོགས་ལག་རྟགས་སྤྲད་དེ་མཉམ་དུ་སླེབས་ཡོང་། དེར་ཇ་ཧྲེག་དང་། འོ་ཇ་སྐོལ་དགོས། ཇ་ཧྲེག་ནི་མར་བཞུས་པའི་ནང་རྩམ་པ་དང་ཆུར་བ་བསྲེས་ནས་ཇ་དང་འོ་མ་མཉམ་དུ་བསྐོལ་བ་དེ་ཡིན། ཇ་ཧྲེག་ནི་ཇ་སྲེག་གོ ། ཚོད་མ་ཡང་སྣ་མང་བཟོ་དགོས། རྩམ་པ་བརྫི་བའང་ཡང་དང་བསྐྱར་དུ་ཁ་སྣོན་བྱས་ཏེ་ཅུང་ཙམ་ཆེ་བ་རེ་བརྫི་དགོས། རྩམ་པ་ནི་རྡོག་རྡོག་བྱས་ཏེ་ནང་དུ་ཁུར་བ་ལས་དེར་ཟ་རྒྱུ་མིན། ཟ་རྒྱུ་ནི་ཚོད་མ་དང་། འབྲས་སིལ། མོག་མོག །ཕོ་ལོག །ཤ་དང་ཐུད་སོགས་ཡིན། འོན་ཀྱང་དེ་ཉིན་མི་ཚང་གཞན་དུ་ཁ་ཟས་མང་པོ་ཟ་སྲོལ་མེད། ད་དུང་མི་རེ་རེའི་མདུན་ཀ་ར་བུ་རམ། ཉི་འབྲས། བ་དམ། ཤིང་ཏོག་སོགས་གྱིས་སྡེར་ཁ་གང་མང་བསྒྲིག་དགོས། དེ་ནས་མི་རྒན་ཚང་མས་ཁ་བརྡ་ཡས་ཐོག་དམ་པ་ཆོས་ཀྱི་བྱུང་བ་ནས། མས་ཐོག་སྲིད་པ་འཁོར་བ་ཆགས་ཚུལ་སོགས་དང་། ཡང་ན་ཡས་ཚང་གི་མནའ་མ་མཛེས་རབས་དང་། མས་ཚང་གི་དམག་པ་ལ་དཔའ་ཡོད་རབས་སོགས་གང་བྱུང་མང་བྱུང་བཤད་ནས་དུས་ཡུན་རིང་ཙམ་འདུག་སྲོལ་ཡོད། ངེད་རུ་བ་ཁག་ལ་ཐུན་མོང་གི་གོམས་གཤིས་ཤིག་ཡོད་པ་ནི་ཅུང་ཙམ་ཁོམ་ལོང་ཡོད་དུས་གེ་སར་སྒྲུང་བཤད་ཉན་བྱེད་རྒྱུ་དེ་རེད། ང་ཚོ་གེ་སར་སྒྲུང་གཏམ་ལ་ཧ་ཅང་དགའ། འུ་ཚོའི་སྡེ་བ་འདི་གླིང་གེ་སར་ལ་བག་ཆགས་ཧ་ཅང་མཐུག །ཞ་ཞི་ཚོ་དུས་ཚོད་གང་ཡོད་ལ་ས་རྡུལ་ཁྲོད་ནས་ཁང་པའི་བཟོ་ལྟ་བཟོ་བ་དང་། ཆུ་ཁྲིད་པ། འཇུ་རེས་འབའ་རེས་ཀྱིས་རྩེད་མོ་སྣ་ཚོགས་ལ་རོལ་གྱི་ཡོད། ཁོ་ཚོ་ཡང་གེ་སར་སྒྲུང་དང་། གནའ་སྒྲུང་ཉན་རྒྱུ་ལ་དེ་བས་དགའ། བྱིས་རྩེད་ཁྲོད་ལ་གེ་སར་སྒྲུང་གི་ཤུགས་རྐྱེན་ཧ་ཅང་ཆེ། དེ་ལས་ཀྱང་ཧོར་གླིང་གཡུལ་འགྱེད་སོགས་བྱིས་པའི་རྩེད་ར་ཁྲོད་ནའང་འཁྲུགས་ཀྱི་ཡོད་ལ། སྣང་ངུ་གཡུ་སྟག་བཀྲོངས་པ་སོགས་འདོར་ཐབས་མེད་པའི་སྡུག་ཡུས་དེ་དག་ནི་བྱིས་པའི་སེམས་ཁམས་ན་སེལ་ཐབས་མེད་པ་ལྟ་བུ་ཡིན། དེར་དགྲ་ཤ་ལེན་མདོག་གིས་རྡོ་དང་ཤིང་གིས་བཟོས་པའི་མི་གཟུགས་གཙབ་ཧྲིལ་གཏོང་བཞིན་པའང་རྩེད་རྭར་མཐོང་རྒྱུ་ཡོད། གནའ་སྒྲུང་བཤད་སྐབས་ཉན་མཁན་ཚང་མས་དེ་དེ་ཟེར་ནས་ཉན་དགོས་ལ། དེ་ཟེར་དགོས་པ་དེ་ནི་གནའ་རབས་དང་། གླིང་སྒྲུང་བཤད་སྐབས་ཉན་མོས་ཡོད་མེད་བརྟགས་བྱེད་ཙམ་རེད། དེ་ཟེར་མཁན་མེད་དུས་ཉོབ་པའི་རྟགས་མཚན་དུ་ངོས་བཟུང་ནས་བཤད་མཚམས་འཇོག་གི་ཡོད།  ལོ་སར་ཉིན་གྱོན་གོས་གསར་བ་ཡིན་པས་དུས་རྒྱུན་ལྟར་རང་སྣང་གང་ཤར་གྱི་རྩེད་མོ་རྩེ་བ་མ་ཡིན་པ། དེ་ཉིན་རྩེེད་མོ་རྩེ་བ་ལ་ཅུང་གུ་དོག་པོ་ཡིན། དེ་ཉིན་ཁ་བརྡ་བཤད་སྐབས་བཀྲ་མི་ཤིས་པའི་གཏམ་ལ་ཕྱོགས་ཡོངས་ནས་འཛེམ་ཟོན་བྱེད། དེ་ཉིན་རྟགས་མཚན་གྱིས་ལོ་གཅིག་གིས་ལེགས་ཉེས་མཚོན་པར་བྱེད་ཅེས་རྟེན་འབྲེལ་ལ་བརྟག་མཁན་ཡང་མང་། མགྲོན་ལས་ནང་དུ་ལོག་དུས་རྫོངས་སྐལ་དུ་མི་རེར་གོར་བ་རེའི་སྟེང་གྲོ་གཅེས་བཞི། མར་སྐལ་གཅིག །རྩམ་པ། མོག་མོག་གམ་ཕོ་ལོག་གང་རུང་གྲངས་བཞིའམ་ལྔ་རེ། ཀ་ར་བུ་རམ། ཤིང་ཐོག །ཁམ་བུ་སྟར་ཁ། ཞ་ཞི་ཚོར་ད་དུང་འབེ་དང་བཅས་རྫོངས་ལ་སྐྱེལ་དགོས། ཁྱིམ་གཅིག་གི་མི་ཡོངས་ལ་རྫོངས་པ་སེལ་བོ་གང་ཙམ་རེ་ཁུར་རྒྱུ་ཡོད། ཁྱིམ་ཆེན་དེས་རུ་སྐོར་ནང་མི་གང་ཡོད་དང་གྲངས་མཉམ་དུ་གོར་བ་གྲོ་གཅེས་སོགས་བཅའ་དགོས་པས་འགྲོ་གྲོན་དང་ཚེགས་ཆེ། ཉིན་གཉིས་པ་དང་། གསུམ་པ་ནས་ཁྱིམ་ཆེན་གཉིས་པ་དང་། གསུམ་པས་མགྲོན་འབོད་བྱེད་དགོས་ཡོད། ཁྱིམ་ཆེན་གཉིས་པ་དང་གསུམ་པ་སོགས་ཀྱིས་གོར་བ་གྲོ་གཅེས་སོགས་ཕར་སྐོར་ཚུར་སྐོར་བྱེད་ཆོག་པས་དེ་ཙམ་ངལ་བ་མེད། སྤུན་ཟླ་ཉེ་སྐོར་རུ་ཐག་རིང་སར་ཡོད་ན་ལོ་སར་སྐྱེལ་དགོས། ལོ་སར་འཆར་བ་ལ་ཞ་ཞི་ཚོས་ཡུན་རིང་མོ་ནས་རེ་བསྒུག་བྱེད། ལོ་སར་སྐབས་ཁམ་བུ་སྟར་ཀ་སྒྲིལ་ནས་རྩེ་བ་དང་།ཤོག་སྦག་བཀད་པ་སོགས་ཡོད་ཚད་ཀྱི་རྩེད་མོ་ཆེ་ཤོས་དེ་རིགས་ཡིན། ལོ་སར་ཚེས་གཅིག་ཉིན་ཕར་འགྲོ་དུས་ལག་སྟོང་དུ་འགྲོ་མི་རུང་ཞིང། ཚུར་ཡོང་དུས་ཡང་ལག་སྟོང་ཡོང་མི་རུང་བར་བརྩིས་ཏེ། ནོར་རྫི་ཡིན་ཡང་བུད་ཤིང་སོགས་ཁུར་བ་ལས་ལག་སྟོང་བ་ནང་དུ་མི་འཛུལ། ལོ་སར་ཚེས་བཅུ་གསུམ་ཉིན་ཞ་ཞི་ཚོ་མཉམ་དུ་རྩེད་ཇ་སྐོལ་གྱི་ཡོད། དེ་དུས་ཞ་ཞི་ཚོས་ཟ་མ་བཟོ་དགོས་པ་ལས་ཕ་མ་ཡོང་གི་མེད། མང་ཤོས་ཀྱིས་གྲོ་རྗེན་དང་། ཚེ་རྩམ་ཁུར་ནས་ཡོང་ཞིང་དེ་ནི་ཕོ་ལོག་བཟོ་སླ་བས་ཡིན། འགའ་ཞིག་གིས་ཤ་དང་། ཚལ་ཡང་ཁུར་ཡོད། ཞ་ཞིས་ཚོས་དེ་ཉིན་ཟ་མ་མང་པོ་བཟོ་མི་ཤེས་ལ་བཟོ་བར་དུས་ཚོད་ཀྱང་མེད། དུས་ཁོམ་ཡོད་ཚད་རྩེད་འཇོ་ལ་རོལ་ངེས་ཡིན། ཚེས་༡༣ ཉིན་དགུན་གྲང་ངར་ཆེ་བའི་སྒང་ཡིན་ཡང་ཉིན་མ་དེ་ནི་རང་དབང་གི་ཉི་མ་ཡིན་པས་དེ་ལས་སྐྱིད་ཅིག་དང་དེ་ཉིན་ལས་སྤྲོ་བ་ཞིག་མེད། དེ་ཉིན་ཞ་ཞི་ཚོས་ཁམ་བུ་སྟར་ཀ་སྒྲིལ་བ་དང་། རྩེད་མཆོང་། གླུ་ལེན་སྒྲུང་བཤད། ཤོག་སྦག་བཀད་པ་སོགས་རྩེད་འཇོ་སྣ་ཚོགས་ལ་རོལ་གྱི་ཡོད། སྐབས་སྐབས་རྒྱག་རེས་འཁོན་རེས་བྱེད་ཀྱི་ཡོད་ཀྱང་སྐྱག་འཇའ་སྐྱག་འབོད་ཙམ་ལས་གཞན་ཤུགས་རྐྱེན་ཆེན་པོ་གང་ཡང་མེད།

ལོ་སར་ཚེས་བཅོ་ལྔ་ཉིན་ལོ་སར་སྐྱེལ་ཟེར་ནས་ཕོ་ལོག་དང་། མོག་མོག་སོགས་བཟའ་བཅའ་དམིགས་བསལ་བ་བཟོས་ཏེ་ཁྱིམ་མི་མཉམ་འཛོམས་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ངའི་ཕ་ཡུལ་ན་དམིགས་བསལ་གྱི་ཟ་མ་ཅིག་ཡོད་པ་ནི་བཞོ་ཤས་ཡིན། དེ་ནི་འོ་ཟོམ་གྱི་ནང་དུ་དུང་ཤིང་བཞག་ནས་དེའི་ངོར་འོ་རྩི་ཆགས་པ་དེ་ཡིན། དེ་ཉིད་གཙང་མ་ཡོང་ཕྱིར་འོ་ཟོམ་གྱི་ཁ་རླུང་རས་གསར་བས་བཀབ་ནས་གཙང་མར་བྱེད། དེ་ནི་རླུང་ནད་སོགས་ལ་ཕན་པའི་སྨན་ཆེན་ཞིག་ཀྱང་ཡིན་པར་སྨན་རྒྱུད་ཁག་ན་བཤད་ཡོད་པར་ཐོས་སོ།

དེ་ལྟར་དོན་དངོས་བཤད་ན་ངས་དྲན་སོས་པའི་ལོ་སར་ནི་དུས་རབས་༢༠པའི་ལོ་རབས་བརྒྱད་ཅུ་དང་། དགུ་བཅུ་པའི་ནང་གི་ལོ་སར་དེ་ཚོ་རེད། དེ་དུས་དཔལ་འབྱོར་གྱི་ཡོང་འབབ་དང་། འགྲིམ་འགྲུལ་སྟབས་བདེ་མིན་སོགས་ཁ་སང་དེ་རིང་དང་བསྡུར་ན་སྲོལ་རྒྱུན་ལོ་སར་ལ་འགྲོ་གྲོན་དང་། སྐུ་ཚེགས་ཧ་ཅང་ཆེ་ན་ཡང་གནའ་རབས་མི་རྒན་ཚོས་དེ་ནི་ཡབ་མེས་ཚོས་ཤུལ་བཞག་གི་སྲོལ་རྒྱུན་བཟང་པོ་ཞིག་ཏུ་བརྩིས་ཏེ་སེམས་ངལ་དང་དཀའ་ཚེགས་ལ་རྩ་བ་ནས་བྱེད་མི་སྲིད་ལ། དེ་ནི་ཞབས་རྗེས་དཀར་པོའི་འོད་སྣང་འཚེར་བའི་ཡབ་མེས་ཚོ་རྗེས་དྲན་དང་། མེས་པོ་ཚོའི་ཤུལ་བཞག་རིག་གནས་རྒྱུད་འཛིན་ཆེད་ཡོད་ཚད་ལ་བཟོད་སྒོམ་བྱེད་ཀྱི་ཡོད་པའང་སྨོས་སུ་མེད། འུ་ཚང་གི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་རིམ་བཞིན་ཡལ་འགོ་བཙུགས་ན་ཡང་དེ་དུས་གཞན་དབང་དུ་གྱུར་སོང་བས་བྱ་ཐབས་བྲལ། འོན་ཀྱང་ཉེ་བའི་དུས་རབས་༢༡ པའི་ལོ་རབས་དང་པོ་ནས་སྲོལ་རྒྱུན་རིག་གནས་ཁག་ལ་ཆེས་མྱུར་ཚད་ཆེ་བའི་གོད་ཆག་སྣ་མང་ཞིག་འཕྲད་སོང་བ་ནི་དཔལ་འབྱོར་ཡར་རྒྱས་དང་། བརྡ་འཕྲིན་དུས་རབས་ཀྱི་བསླུས་སོང་ཞིང་མི་རྣམས་ཀྱི་མགོ་བོ་ཡོངས་སུ་རྨོངས་ནས་ཕྲག་སྟེང་གི་ཡོད་ཚད་ས་ལ་ཤོར་སོང་བའི་ལོ་རྒྱུས་ནག་པོའི་ལེའུ་གསར་བ་ཞིག་བསྐྲུན་སོང་བར་འདོད། ཁ་ནས་ལ་རྒྱ་ཅན་དང་། རིགས་ཞེན་པ། བསམ་བློ་བ། རྟོགས་སད་པ། གངས་བུ་རྣལ་མ་སོགས་ཇི་ལྟར་བཏགས་ནས་མཛུབ་མོ་ཡོད་ཚད་ཕྱི་ལ་བཙུགས་ནས་མི་ཚེ་མ་སྐྱེལ་བར། དེ་རིང་ནས་བཟུང་ཡོད་ཚད་རང་ངོས་ནས་མགོ་བཙུགས་ཏེ། རང་ངོས་ནས་འཐུས་ཤོར་གང་སོང་བ་དེ། རང་ཕྲག་ཏུ་ལེན་དགོས་ཤིང་། ལྗིད་ཏིག་ཏིག་གི་ཁུར་བོ་འདི་ནི་བུ་རབས་ཚ་རྒྱུད་ནས་གཅིག་རྗེས་གཉིས་སུ་བརྒྱུད་སྤྲོད་བྱེད་ཐབས་སུ་སྒོ་གང་ནས་ཀྱང་འབད་དགོས་པར་སེམས་སོ།།

སྤྱི་ལོ་༢༠༡༨ ཟླ ༡༡ ཚེས་ ༡༠ ཉིན།

Share197Tweet123

Related Posts

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་དྲན་དུ་ཕུལ།

December 7, 2023
0

རྩ་ཤེའི་འགྲེལ་ཆེན་བཞི་ཡི་གོ་རིམ་ལ་དཔྱད་པ། རྩོམ་པ་པོ། དགེ་བཤེས་སྐལ་བཟང་བསྟན་སྐྱོང་།  སྨྱུག་མིང་། དར་ལྕེ་ཟད་པོ། ནང་དོན་གནད་བསྡུས་འགོད་པ། རྒྱ་གར་དུ་རྩ་ཤེའི་འགྲེལ་བྱེད་མཁན་པོ་དབུ་སེམས་ཀྱི་སློབ་དཔོན་བྱུང་རིམ་ལ་དཔྱད་པ་དང་། ཐལ་ཪང་གི་ཐ་སྙད་བྱུང་རིམ་སོགས་དཔྱད་པ།  <<ལེགས་བཤད་སྙིང་པོ་ལས།>>  ‘’དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ་དང་། གུ་ན་མ་ཏི་དང་།གུ་ན་ཤྲིདང་། སྠི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་།’’ ཞེས་མཚན་རྒྱ་སྐད་རང་འཇགས་བཞག་པ་བཞི་བོད་སྐད་དུ་མ་འགྱུར། ལྷག་མ་བཞི་བོད་སྐད་དུ་འགྱུར་ཡོད། དེ་བ་ཤར་མ་ནི་སློབ་དཔོན་དགེ་བའི་ལྷས་མཛད། གུ་ན་མ་ཏི་ནི་སློབ་དཔོན་ཡོན་ཏན་བློ་གྲོས།  གུ་ན་ཤྲི་ནི་སློབ་དཔོན་ཡོན་ཏན་དཔལ། སྠི་ར་མ་ཏི་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་འདི་དབྱིག་གཉེན་གྱི་དངོས་སློབ་ཡིན་པས་རྩ་ཤེའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་ཚུལ་དུས་རབས་བཞི་པ་ཙམ་ལ་བྱུང་བར་མངོན།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>>‘’སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས།’’  ཞེས་དེ་བ་ཤར་མས་ཟླ་བ་གྲགས་པ་འགོག་པར་བསམས་ནས་དཀར་པོ་རྣམ་པ་འཆར་བ་བརྩམས་པ་ཡིན་ན་ཟླ་གྲགས་ཀྱི་རྗེས་སུ་བྱོན་དགོས་པར་གྲུབ་པ་ཡིན་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་འཐད་པར་མ་མཐོང་སྟེ།  ལེགས་ལྡན་འབྱེད་དེ་བ་ཤར་མའི་རྗེས་སུ་འབྲངས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པས་དེ་བ་ཤར་མ་ལེགས་ལྡན་གྱི་སྔར་བྱོན་པར་གྲུབ་པར་ཟླ་གྲགས་འགོག་པར་བསམས་མི་སྲིད་པ་དང་གཅིག་དང་།  སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ན་རྣམ་རིག་པའི་གྲུབ་མཐའ་འཛིན་མཁན་ཡིན་དགོས་པས་ལེགས་ལྡན་འབྱེད་རྣམ་རིག་ཙམ་དུ་འགྲེལ་པའི་སློབ་དཔོན་གྱི་རྗེས་སུ་འབྲངས་ནས་རྩ་ཤེའི་འགྲེལ་པ་བརྩམས་མི་སྲིད་པས་དེ་བ་ཤར་མ་སློབ་དཔོན་ལེགས་ལྡན་གྱི་སྔར་བྱོན་པའི་དབུ་མ་པ་ཡིན་པར་གྲུབ་ཀྱང་དེ་བ་ཤར་མ་བློ་གྲོས་བརྟན་པ་དང་སངས་རྒྱས་བསྐྱངས་སོགས་སྔོན་ལ་སུ་བྱོན་གསལ་ཁ་མེད་པས་ཁ་ཚོན་ཆོད་པར་དཀའོ།།   ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་རང་གི་མཇུག་བྱང་ལས་བྱུང་ཡང་ལོ་ཙཱ་བ་ཉི་མ་གྲགས་པ་དང་ཁོང་གི་སློབ་མ་རྨ་བྱ་བྱང་བརྩོན་གཉིས་ཀས་རང་འགྲེལ་དུ་ཚད་མར་མི་བཟུང་བ་དང་།  རྗེ་ཙོང་ཁ་པས་རང་འགྲེལ་མིན་པར་སྒྲུབ་པའི་རིགས་པ་དེ་དག་ལ་བསམས་ན་རང་འགྲེལ་མིན་པ་ཐག་ཆོད་ཟིན་ཅིང་། ག་ལས་འཇིགས་མེད་ནི་རབ་བྱེད་ཉེར་གསུམ་པའི་མཐའ་ནས་བཟུང་བུད་དྷ་པཱ་ལི་ཏ་དང་བཤད་ཚུལ་གཅིག་པར་མ་ཟད་ཚིག་ཀྱང་ཕལ་ཆེ་བ་འདྲ་བར་སྣང་བས་ཕན་ཚུན་གཅིག་གིས་དཔེར་བླངས་པ་ཐག་གཅོད་ཆོག་པ་ལྟ་བུར་སྣང་བས། སློབ་དཔོན་སངས་རྒྱས་བསྐྱངས་ནི་ལེགས་ལྡན་འབྱེད།  ཟླ་བ་གྲགས་པ།  སྤྱན་རས་གཟིགས་བརྟུལ་ཞུགས་བཅས་ཀྱིས་དགག་སྒྲུབ་བྱེད་ཡུལ་ཡོངས་གྲགས་ཀྱི་པཎྜི་ཏ་ཞིག་ཡིན་པ་དང་གསང་སྔགས་ཀྱི་རྟོགས་པ་ཡང་མཐོན་པོར་གཤེགས་པའི་གྲུབ་ཐོབ་ཅིག་ཡིན་པར་བཤད་འདུག་པས།  ཆོས་རྐུ་ནས་བསྟན་བཅོས་རྩོམ་དགོས་པའི་མཁས་པ་ཐབས་རྡུགས་ཤིག་ལར་ནས་མིན་པས་ག་ལས་འཇིགས་མེད་ཀྱིས་དཔེར་བླངས་པར་སེམས་པས།  འགྲེལ་ཆེན་བཞི་ཡི་དང་པོ་བུད་དྷ་པཱ་ལི་ཏ་ཡིན་པར་གྲུབ་བོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མ་དང་། གསུམ་པ་ཟླ་བ་གྲགས་པའི་འགྲེལ་པ་ཚིག་གསལ་དང་། ག་ལས་འཇིགས་མེད་རྩོམ་པ་པོ་ནི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་བྱུང་བའི་མཁས་པ་ཞིག་མིན་ནམ་སྙམ་སྟེ། རྒྱུད་རིམ་འདི་ལ་ཞིབ་ཏུ་བསམས་ན་ག་ལས་འཇིགས་མེད་རང་འགྲེལ་ལ་ཁ་གཡར་ནས་དྲང་བདེན་གྱི་ལམ་ལ་མི་སྐྱོད་པའི་རྩོམ་པ་པོ་ཞིག་འབྱུང་འདུག་པས།  ག་ལས་འཇིགས་མེད་མཇུག་བྱང་ལ་སློབ་དཔོན་གྱིས་བརྩམས་ཞེས་སྦྱར་མཁན་རང་གིས་སྤྱན་རས་གཟིགས་བརྟུལ་ལ་སློབ་དཔོན་གྱིས་བརྩམས་ཞེས་བཅུག་ན་རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་བ་བདེན་པའི་ཤེས་བྱེད་དུ་ཕྱི་རབས་མཁས་པ་རྣམས་ཀྱིས་ལུང་འདྲེན་པར་ངེས་པས་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ག་ལས་འཇིགས་མེད་རྩོམ་པ་པོས་བཅུག་པའི་དོགས་པ་འདུག་པས་ག་ལས་འཇིགས་མེད་ནི་དུས་རབས་བདུན་པའི་སྨད་ཙམ་ལ་བྱོན་པའི་མཁས་པ་ཞིག་གིས་བརྩམས་པ་མིན་ནམ་སྙམ་པའི་དོགས་པ་ཞིག་བདག་ལ་མཆིས་སོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་གཙོ་བོ་སློབ་དཔོན་འཕགས་པ་ལྷ་ཡིན་ཞིང་།  འཁྲུངས་ཡུལ་ནི་སིངྒ་ལའི་གླིང་ཞེས་པ་དེང་སང་ཤྲཱི་ལངྐ་ཞེས་འབོད་ས་ནས་ཡིན། <<བུ་སྟོན་ཆོས་འབྱུང་ལས།>> ‘’སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས།’’ ཞེས་རྫུསསྐྱེས་ཡིན་པར་བཤད་ཀྱང་།  <<བཞི་བརྒྱ་པའི་ཟླ་འགྲེལ་ལས།>> ‘’འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་རབ་ཏུ་བྱུང་ཞིང་།’’  ཞེས་རྒྱལ་པོའི་སྲས་ཡིན་པར་གསལ་བར་གསུངས་པ་དང་།  སློབ་དཔོན་འདི་ནི་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་ཐོབ་པར་བཤད་པས་བླ་མེད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་དགོས་པས་སློབ་དཔོན་འདི་མངལ་སྐྱེས་ཡིན་པར་གྲུབ་བོ། །སློབ་དཔོན་འདི་གཉིས་ཀའི་གཞུང་ལས་དངོས་པོ་བདེན་གྲུབ་བཀག་པ་གསལ་བར་གསུངས་པ་ཙམ་ལས་རང་མཚན་གྱིས་ཡོད་མེད་གསལ་བར་མ་བཤད་པས་ཕྱོགས་ཡོངས་སུ་བྲལ་བའི་དབུ་མ་པའམ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཐལ་རང་གི་སློབ་དཔོན་ཀུན་གྱི་རང་ཕྱོགས་དང་མཐུན་པར་ཁས་ལེན་པ་མ་ཟད།  འཕགས་པའི་དགོངས་པ་རྣམ་རིག་ཙམ་དུ་འགྲེལ་མཁན་ཚོས་ཀྱང་རྣམ་རིག་པའི་ཕྱོགས་སུ་འཐེན་པ་ཡིན།  སློབ་དཔོན་འདིས་མཛད་པ་ལྟ་སྤྱོད་གཉིས་ཆ་མཉམ་དུ་བསྟན་པ་དབུ་མ་བཞི་བརྒྱ་པས་སྤྱིར་འཕགས་པའི་དགོངས་པ་འགྲེལ་པ་ཙམ་ལས་རྩ་ཤེའིི་སྒེར་འགྲེལ་ནི་མ་ཡིན་ནོ། ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཁྲུངས་ཡུལ་ནི་རྒྱ་གར་བྱང་ཕྱོགས་སྐྱེས་བུའི་གྲོང་ཞེས་པ་དེང་སང་པེཤཱཝར་ཞེས་འབོད་ས་པ་ཀི་སི་ཏན་གྱི་ཁོངས་སུ་ཡོད་པར་བཤད། དུས་རབས་གསུམ་པའི་སྨད་ལ་བྱོན། སློབ་དཔོན་ཐོགས་མེད་མ་བྱོན་པའི་སྔོན་རྣམ་རིག་པ་མེད་དམ་ཞེ་ན། རྩ་ཤེ་ལས་དངོས་པོ་བདེན་གྲུབ་འགོག་པའི་ཕྱོགས་སྔ་ཕྱི་རོལ་གྲངས་ཅན་པ། གཅེར་བུ། རྒྱང་འཕེན་པ།  བརྡ་སྤྲོད་པ་སོགས་དང་།  རང་སྡེ་བྱེ་མདོ་གཉིས་ཡོད་པ་རྩ་བ་ཤེས་རབ་དང་རྒྱ་འགྲེལ་དག་ལས་གསལ་ཡང་རྣམ་རིག་པ་མེད་པར་བཤད་དེ། <<ཊཱིཀ་ཆེན་ལས། >> ‘’རྣལ་འབྱོར་སྤྱོད་པ་པས་དངོས་པོོ་བདེན་པར་སྨྲ་བའི་བསྟན་བཅོས་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ།’’ ཞེས་ཐོགས་མེད་སྐུ་མཆེད་ཀྱིས་རྣལ་འབྱོར་སྤྱོད་པ་བའི་བསྟན་བཅོས་བྱས་པ་ནི་རྩ་བ་རྩོམ་མཁན་གྱི་རྗེས་སུ་བྱུང་བས་ཕྱོགས་སྔ་རྣམ་རིག་པ་མེད་པར་གསུངས།<<ཀུན་མཁྱེན་དབུ་མ་ལས།>> འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་གསུམ་བསྒྲགས་པའི་གཉིས་པ་རྩ་ཤེ་སོགས་སྟོང་ཉིད་ཀྱི་གཏམ་སྒྲོག་དུས་སྟོན་པ་འདས་ནས་ལོ་བཞི་བརྒྱ་རྫོགས་པའི་རྗེས་ཙམ་ཡིན་པས་སེམས་ཙམ་མ་བྱུང་ལ། ཞེས་སངས་རྒྱས་བྱོན་དུས་མདོ་སྡེ་དགོངས་འགྲེལ་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམ་རིག་པ་ཡོད་ཀྱང་ཀླུ་སྒྲུབ་བྱོན་པའི་སྔོན་ཙམ་ལ་བྱེ་མདོ་གཉིས་འབའ་ཞིག་གནས་པས་ཉན་ཐོས་སྡེ་གཉིས་བཀག་པའི་ཞར་ལ་རྣམ་རིག་པའི་ལུགས་ཁེགས་ཀྱང་ཕྱོགས་སྔར་རྣམ་རིག་པ་མེད་པའི་རྒྱུ་མཚན་རྣམ་རིག་པ་མ་བྱུང་བ་གསལ་བར་གསུངས་སོ།།  <<ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས།>> ‘’དེ་ཙམ་ན་བཙུན་པ་དགའ་བོ་དང་། བཙུན་པ་དམ་པའི་སྡེ་དང་། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་། བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པ་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་གཉིས་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་བར་འཇོག་པས་དེའི་རྗེས་འབྲངས་མ་ཡིན་པར་གསལ་བར་སྟོན་པའི་ཚིག་གོ’’ །ཞེས་ཀླུ་སྒྲུབ་བྱོན་དུས་བཙུན་པ་ཡང་དག་བདེན་སོགས་གསུམ་བྱུང་བས། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་དང་། ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་ཟེར་བས་ཀླུ་སྒྲུབ་བྱོན་དུས་རྣམ་རིག་པ་ཡོད་པ་དང་།  དེ་དག་གིས་བསྟན་བཅོས་ཀྱང་བྱས་པར་གསུངས་པས། ཡང་དག་བདེན་པས་མཛད་པའི་རྣམ་པར་ངེས་པའི་མཛོད་སོགས་ཡོད་དགོས་ཤིང་། ཡང་དག་བདེན་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་དགུར་བཤད་པ་སོགས་འཕགས་པ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་དགག་པ་མཛད་དགོས་པར་སྣང་ཡང་རྩ་ཤེ་དང་བཞི་བརྒྱ་པ་ལས་མ་དགག་པ་དང་།སློབ་དཔོན་ཡང་དག་བདེན་པས་ཐེག་བསྡུས་ཀྱི་འགྲེལ་པ་ཞིག་ཀྱང་རྒྱ་སྐད་དུ་བསྒྱུར་འདུག་པས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་བྱོན་པར་ཚད་མས་གྲུབ་པས།  ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས་གསུངས་པ་མིང་མཐུན་པ་ཡིན་ན་མ་གཏོགས་ཡོངས་གྲགས་ཀྱི་སློབ་དཔོན་ཡང་དག་བདེན་པ་ལ་གསུངས་ན་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཐབས་མེད་པ་ཡིན།། སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་མཛད་པའི་<<བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་ལས།>> བྱང་ཆུབ་སེམས་འགྲེལ་གྱི་རྩ་བ། ‘’རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས།། རང་གི་སེམས་ཀྱི་དབང་བྱས་ཏེ།།’’ ཞེས་སོགས་ཀྱི་འགྲེལ་པ་ལས་དེ་ལྟར་རྣམ་པ་དང་བཅས་པ་སུན་ཕྱུང་ནས་ད་ནི་རྣམ་པ་མེད་པ་མི་འཐད་པར་བསྟན་པ་ལས། ཞེས་བྱང་ཆུབ་སེམས་འགྲེལ་ལས་རྣམ་བདེན་རྫུན་ལ་དགག་པར་གསུངས་པས། རྣམ་བདེན་རྫུན་གྱི་གྲུབ་མཐའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་མ་བྱུང་ཞིང་། ཕྱིས་སུ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་འབྱུང་བས་སློབ་དཔོན་དྲན་པའི་ཡེ་ཤེས་ཀྱིས་འདོད་ཕྱོགས་སུ་བཀྲལ་བ་ཙམ་ལས་བྱང་ཆུབ་སེམས་འགྲེལ་ལས་དེ་ལྟར་དངོས་ཤུགས་གང་ལས་རྣམ་བདེན་རྫུན་བསྟན་པ་གོ་མི་ཐུབ་པས་གལ་ཆེ་བའི་གནད་འགག་ཅིག་ལ་མ་མཐོང་།...

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།

October 28, 2023
0

རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག།                              ...

The three most famous Greek Philosophers

འཇིག་རྟེན་ཡོངས་ལ་ཆེས་འོད་དུ་འཚེར་བཞིན་པའི་ནུབ་(Greece)ཡི་རླབས་ཆེན་གྱི་མཚན་ཉིད་རིགས་པ་སྨྲ་བ་གསུམ་གྱི་ལོ་རྒྱུས་སྐོར་ལ་མདོ་ཙམ་དཔྱད་པ།

April 18, 2022
0

སྤྱི་ལོ་སྔོན་གྱི་ལོ་(༥༠༧BC)ལོར་Athenian Cleisthenesཡིས་ཆབ་སྲིད་ཀྱི་ལུགས་ཀ་(Political system)ཞིག་གསར་དུ་ངོས་སྦྱོར་གནང་བ་

༈སྐུའི་འཁྲུངས་སྐར་ཉིན་མིག་ཆུས་བྲིས་པའི་ཚོར་བ་ཟུག་པོ། 

His Holiness The 14th Dalai Lama

April 5, 2022
0

Dalai Lama (UK: /ˈdælaɪ ˈlɑːmə/, US: /ˈdɑːlaɪ ˈlɑːmə/; Tibetan: ཏཱ་ལའི་བླ་མ་, Wylie: Tā la'i bla ma ) is a title given by the Tibetan people to the foremost spiritual leader...

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།