སྔོན༵་ཚེ་སྔོན༵་གྱི་བགྲང་བྱ་ཉིས་སྟོང་སྔོན།།
ཡ༵་རབས་ཡ༵་མཚན་མངོན་པའི་ལྟས་དང་བཅས།།
བསྐ༵ལ་བཟང་བསྐལ༵་པ་མཆོག་གི་དུས་ཚིགས་སུ།།
རིག༵ས་བཟང་རིག༵ས་སུ་ཤཱཀྱའི་སྟོན་པ་འཁྲུངས།།
གཞོན་ནུ་ལང་ཚོར་བལྟ་བས་མི་ངོམས་ཞིང་།།
ཞི་དུལ་བག་ཕེབས་སྐུ་ཡི་གཟི་མདངས་ཀྱིས།།
སྲིད་གསུམ་ལྷ་དང་བཅས་པའི་ཕྱག་བྱའི་ཡུལ།།
གཞོན་ནུ་དོན་འགྲུབ་ཅེས་པ་གླིང་འདིར་གྲགས།།
འདོད་རྒུ་ལོངས་སྤྱོད་ཀུན་ལ་དབང་བསྒྱུར་བའི།།
ཟས་གཙང་རྒྱལ་པོའི་ཕ་ཤུལ་མ་འཛིན་པར།།
འཇིག་རྟེན་ལྷ་མི་དག་གི་ཡིད་ཀྱི་མཁར།།
གཞོན་ནུ་དོན་འགྲུབ་ཅེས་པ་ལྷ་ཡི་ལྷ།།
རྣམ་དཀར་ཁྲི་མ་འབུམ་གྱི་ས་བོན་ལས།།
སྲིད་པའི་ནོར་གྱིས་བཅིངས་ཡང་མི་ནུས་ལ།།
སྒེག་མའི་ལང་ཚོས་བསླུ་བྲིད་མི་ཐུབ་པས།།
གཞོན་ནུ་དོན་འགྲུབ་སྐྱེས་བུ་ཀུན་གྱི་མཆོག།།
འཁོར་བའི་འདམ་དུ་སྐྱེ་བ་རབ་བཞེས་ཀྱང་།།
འདམ་ཀྱིས་མ་འགོས་པདྨའི་འདབ་བརྒྱ་གྲོལ།།
རྣམ་ཀུན་བསམ་སྦྱོར་ཐ་མལ་ཡུལ་ལས་འདས།།
གཞོན་ནུ་དོན་འགྲུབ་རྐང་གཉིས་རྣམས་ཀྱི་མཆོག།།
དུག་གསུམ་ཀློང་དུ་ཁོལ་བའི་སྲིད་མཚོའི་ནང་།།
སྒྱུ་རྩལ་རེ་དྲུག་གཡུལ་དུ་གཤམ་པས་ན།།
བློ་རྒོད་གླང་སྨྱོན་ཅན་རྣམས་ང་རྒྱལ་བཅོམ།།
གཞོན་ནུ་དོན་འགྲུབ་རྣམ་དཀར་དགེ་བའི་བསྐོས།།
མཆོག་དམན་ལས་དང་རིགས་རུས་མི་འབྱེད་ཅིང་།།
ཐམས་ཅད་བདེ་བའི་གནས་ལ་འགོད་མཛད་སླད།།
ཐབས་མཁས་ཐུགས་རྗེ་མངའ་བས་ལམ་བཟང་རུ།།
སྟོན་པས་གཞོན་ནུ་དོན་འགྲུབ་མི་ཡི་ཕུད།།
ནག་ཕྱོགས་གཡུལ་ལས་གོ་མཚོན་མ་བསྣུན་ཅིང་།།
སྙིང་རྗེ་ཆེན་པོའི་ཐབས་ཀྱིས་འདུལ་མཛད་པས།།
གཞི་ཡི་གནས་ལུགས་རྟེན་འབྲེལ་བཟང་པོ་ཡིས།།
སྲིད་པའི་རྩ་བ་མ་རིག་དྲུང་ནས་འབྱིན།།
གདོད་ནས་སྦྱངས་རྟོག་ཡོན་ཏན་མི་མངའ་ཡང་།།
གྲངས་མེད་གསུམ་ནས་དཀའ་ཐུབ་རབ་བརྟེན་པས།།
ས་སྟེང་འདི་ན་མཛད་ཆེན་བཅུ་གཉིས་སོགས།།
གསང་གསུམ་ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས།།
ས་ག་ཟླ་བའི་ཚེས་༡༥ཉིན་སྟོན་པ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པོ་སྨྱུག་མིང་པ་གངས་རིན་ཆེན་གྱིས་ཆོས་ཀྱི་སྡེ་ཆེན་མོ་དཔལ་ལྡན་འབྲས་དཀར་སྤུངས་པ་ནས།