རི་ཤོར་འབྲོང་རྒན་ཞིག་ལ།།
ལྷས་ར་སེམས་ལ་མེད་ཀྱང་།།
རང་དབང་ས་གཙང་ཆུ་གཙང་།།
ཁམ་གང་ཟ་རྒྱུ་བྱུང་ན།།
སྡོང་རྒན་བསམ་མེད་ཅིག་ལ།།
རེ་དོགས་ཁུར་པོ་མེད་ཀྱང་།།
ཉི་རྒོད་རི་གཟར་རྦབ་རྡོ།།
ཟུར་ཙམ་གཡོལ་རྒྱུ་བྱུང་ན།
དབང་ལྔ་སྡོམ་པའི་བྱ་འཁྱར།།
གཤོག་འགྱུར་བགྲད་སྐལ་མེད་ཀྱང་།།
ཨ་ཅེ་དབྱངས་ཅན་ལྷ་མོར།།
ལྐོག་ལྟའི་གནང་བ་བྱུང་ན།།
ཚེ་ཡི་རིང་ཐུང་བཤད་ན།།
གནམ་ལྕགས་ལྷུང་ཚུལ་ཡིན་པ།།
སྐར་མདའི་དུས་ཡུན་འདི་ལ།།
ཅུང་ཙམ་སྣོག་རྒྱུ་བྱུང་ན།།
2018/1/29