དགའ་སྐྱོ་ཟློས་གར་མང་བའི་ལོ་ཟླའི་གསེབ་ནས།།
བརྩེ་སེམས་ཆུ་ཤེལ་དྭངས་མའི་ནང་ལ་གསལ་བའི།།
དམ་ཚིག་རྡོ་རྗེ་མདུད་པས་དམ་དུ་བཅིངས་པའི།།
ང་ཚོའི་མཛའ་བརྩེ་ཟབ་མོ་འོ་དྲི་འཐུལ་ཡོད།།
བརྩེ་བ་ཟབ་མོ་ཞིག་གིས་སྣེ་མོ་འཇུས་ཏེ།།
གཞུང་ཆེན་པོད་ལྔ་དབྱིངས་སུ་འཕུར་ལྡིང་རྩེན་པའི།།
ཆོས་ཀྱི་བདུད་རྩི་མངར་མོ་མཉམ་དུ་རོལ་ཏེ།།
མཛའ་མཐུན་ཡིད་དུ་འོང་བའི་མེ་ཏོག་ཤར་ཡོད།།
ལས་དང་སྨོན་ལམ་བཟང་པོས་མཚམས་སྦྱར་ཞིག་གིས།།
རྒྱུས་མེད་ས་མཐའ་ཡུལ་ན་ལྷན་ཅིག་འདུས་ཏེ།།
ཕ་གཅིག་རྗེ་བཙུན་དམ་པའི་སློབ་ཚོགས་གཅིག་ཏུ།།
ང་ཚོ་ལས་ཀྱིས་བསྐོས་པའི་མཆེད་གྲོགས་ཡིན་སོང་།།
ཕ་ཡུལ་རིང་དུ་བསྐལ་བའི་ན་ཟུག་ཁྲོད་ན།།
ན་ཟུག་རྗེན་པ་བརྗོད་ས་ཤ་ཉེ་དག་མ།།
ཕ་མ་གཅིག་ལས་མཆེད་པའི་གཅེན་གཅུང་མིན་མོད།།
གཅེན་གཅུང་ངོ་མ་ལས་ལྷག་བརྩེ་སེམས་ལྡན་ཡོད།།
ཚེ་རབས་མུ་ཏིག་ཕྲེང་བའི་རྡོག་པ་རེ་རེ།།
བསོད་ནམས་ཡེ་ཤེས་ཚོགས་ཀྱི་དར་སྐུད་བརྒྱུས་ཏེ།།
ཆོས་ཀྱི་ཞིང་ས་ཆེན་པོ་འབྲས་སྤུངས་གླིང་དུ།།
ང་ཚོས་ཚོགས་རབ་བསགས་པའི་འབྲས་རྟགས་སྨིན་སོང་།།