འདི་ནི་བོད་ས་ཤོར་ནས་བཙན་བྱོལ་བར་གྱུར་པའི་རྗེས་ཆོལ་གསུམ་ཆོས་བརྒྱུད་རིས་མེད་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ལྷར་བཅས་ཕྱག་ན་པདྨོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་དོན་གྱི་བདག་པོ་མཆོག་ལ་མ་སྐུལ་དང་བླངས་ཀྱིས་ཕུལ་གནང་བ་ཞིག་རེད།
དེ་ཡང་། ཕྱི་ལོ་༡༩༦༠ཟླ་༢་ཚེས་༣ཉིན་གྱི་ཆུ་ཚོད་༡༡ཐོག་སྤྱན་རྒྱ་སྤོས་སྣེ་དང་བཅས་ཏེ་ྋགོང་ས་མཆོག་འདུ་ཁང་དུ་གདན་འདྲེན་ཞུས། བཞུགས་ཁྲིར་ྋཞབས་སོར་འཁོད་པ་དང་ཡོངས་འཛིན་སྐུ་བགྲེས་གླིང་རིན་པོ་ཆེས་མཇལ་དར་རྐྱང་འབུལ་གནང་བར་དབུ་གཏུགས་མཛད། དེ་ནས་ཡོངས་འཛིན་རྣམ་གཉིས་དང༌། རྣམ་གྲྭ་གསུང་ཞབས། གདན་སའི་མཁན་པོ་ལས་ཟུར། རིས་མེད་ཆོས་ལུགས་ཁག་གི་བླ་སྤྲུལ་སོགས་འདུས་ཚོགས་ནས་ཟབ་ལམ་བླ་མ་མཆོད་པའི་ཚོགས་འཁོར་དང་འབྲེལ་བའི་བརྟན་བཞུགས་ཞལ་འདོན་རིམ་པ་བཞིན་གསུང་འདོན་གནང༌། ཞལ་འདོན་ཚིག་མཚམས་དང་བསྟུན་ཏེ་གསོལ་ཇ་བཞེས་འབྲས་བཏེགས། འབྲས་བློ་གླིང་མཁན་པོ་པད་མ་རྒྱལ་མཚན་དང༌། ཨ་འབྲུག་ཛ་སག་མགོན་པོ་བཀྲ་ཤིས་ནས་མཎྜལ་ཚོམ་བུ་འདེགས་བཞིན་ཡོངས་འཛིན་གླིང་རིན་པོ་ཆེས་བརྟན་བཞུགས་གསོལ་འདེབས་མཎྜལ་ལྗགས་བཤད་རྒྱས་པར་མཛད། རྟགས་བརྒྱད་རྫས་བརྒྱད་དང༌། རྒྱལ་སྲིད་སྣ་བདུན། ན་བཟའ་ཉེར་དཔྱད་སོགས་ཞལ་འདོན་དང་སྦྲགས་རིམ་འབུལ་མཛད། དེ་མཇུག་འབུལ་བ་བསྟར་བསྒྲིགས་ཀྱི་སྔོན་དུ་བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་དང༌། ཤར་རྩེ་མཁན་པོ་བློ་བཟང་ཆོས་འཕེལ། རྒྱུད་སྨད་མཁན་ཟུར་ངག་དབང་ལེགས་ལྡན། བཀའ་བརྒྱུད་ཁམས་སྤྲུལ་དོན་རྒྱུད་ཉི་མ། བྱ་རྒོད་ཚང་རྣམ་རྒྱལ་རྡོ་རྗེ། ཀ་སྦུག་ཐར་པ་ཆོས་གླིང་ཀ་བཞི་མའི་ཆོས་མཛད་དང༌། རྡོར་གདན་བོད་དགོན་དར་མདོ་སྤྲུལ་སྐུ་མཁན་པོ་བཅས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། མཇུག་ཏུ་སྐུ་སྲུང་རུ་དཔོན་བསོད་བཀྲ་དང༌། བྲག་གཡབ་ཨ་ཕྲུག་བླ་མ། ཨ་མདོ་ཆོས་གྲགས། ལྷོ་ཁ་བདེ་གྲོང་དབང་འདུས་རྡོ་རྗེ། གཞིས་རྩེ་ལས་དྲུང་སྤེལ་ཟུར་རྡོ་རྗེ་ནོར་བུ། ཆུ་ཤུར་རྐན་གྲོང་ཚེ་སྟོབས། ཀ་སྦུག་པན་ཅ་སྐྱིད་སྡུག་གི་འཐུས་མི་རྨར་ཁམས་ཐོས་བསམ་དང༌། ཡིད་མཐུན་སྐྱིད་སྡུག་གི་འཐུས་མི་བསོད་ནམས་ཚེ་དབང་བཅས་ནས་གཏང་རག་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། བརྟན་བཞུགས་བསྟར་ཕུལ་ཟིན་ཏེ་འདུས་ཚོགས་ནས་ྋགོང་ས་ཆེན་པོའི་བརྟན་བཞུགས་ྋཞབས་བརྟན་གསོལ་འདེབས་འུར་འདོན་ཞུ་བཞིན་པའི་མུར། ཆོས་བརྒྱུད་ཁག་གི་འཐུས་མི་བཀའ་བརྒྱུད་ཁམས་སྤྲུལ་དོན་རྒྱུད་ཉི་མ་དང༌། མདོ་སྟོད་སྨད་ཆུ་བཞི་སྒང་དྲུག་གི་འཐུས་མི་སྡེ་དགེ་བ་བྱ་རྒོད་ཚང་རྣམ་རྒྱལ་རྡོ་རྗེ། དབུས་གཙང་འཐུས་མི་གཞིས་རྩེ་ལས་དྲུང་སྤེལ་ཟུར་བ་རྡོ་རྗེ་ནོར་བུ་བཅས་མཐུན་མོང་ནས། དུས་རབས་བར་སྐབས་ཤིག་ནས་བོད་མི་རིགས་ཐམས་ཅད་ནུས་ཤུགས་གཅིག་སྒྲིལ་མ་ཐུབ་པའི་ཉེར་ལེན་གྱིས་ད་ཆ་གནས་ཚུལ་འདི་འདྲར་གྱར་བ་ཉམས་མྱོང་དུ་འཁུར་ཏེ། ད་ཕྱིན་བོད་རིགས་ནང་ཁུལ་ལུང་ཚན་དང༌། ཆོས་ལུགས་ཀྱི་འཐེན་འཁྱེར་དང༌། སྒེར་འཁོན་ཞེ་འཛིན་གྱི་རིགས་ཡོངས་སུ་སྤངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་ཞུ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཉག་ཅིག་གི་འོག