Saturday, April 18, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

སེམས་ཀྱི་འདུན་པ།

བསོད་ནམས་ཚེ་རིང་།


October 16, 2021
in སྙན་ངག
0

འཛམ་གླིང་གསེར་གྱི་ཉི་མ། ། གཞན་གླིང་ཕྱོགས་ལ་ཤར་ཡང༌། །
མུན་བསལ་འོད་ཀྱི་ཕུང་པོ། ། མཐོ་སྒང་ལྗོངས་ལ་འཆར་ཡོད། །

གངས་ཅན་བོད་རིགས་སྤུན་ཟླ། ། རྒྱུས་མེད་གཞན་ཡུལ་འགྲིམས་ཀྱང༌། །
མི་འགྱུར་སེམས་ཀྱི་འདུན་པ། ། རང་ཡུལ་ཕྱོགས་ལ་འཁོར་ཡོད། །

བསིལ་ཟེར་ཟླ་བ་དཀར་ཆུང༌། ། ནུབ་རིར་དབང་མེད་བརྒལ་ཀྱང༌། །
མཁའ་དབྱིངས་སྐར་ཚོགས་གདུང་བ། ། མ་བརྗེད་ཡིད་དུ་བཅངས་ཡོད། །

གངས་ཅན་སྐྱབས་མགོན་ཆེན་པོ། །  ནུབ་གླིང་ཆིབས་ཞབས་བསྒྱུར་ཀྱང༌། །
སྙིང་རྗེའི་ཐུགས་ཀྱི་བརྩེ་བས། །  གངས་ལྗོངས་སྐྱེ་འགྲོར་གཟིགས་ཡོད། །

གསུང་སྙན་ལྷ་བྱ་ཁུ་བྱུག །  དགུན་དུས་ལྷོ་ལ་ཕེབས་ཀྱང༌། །
དཔྱིད་ཀྱི་དཔལ་ཡོན་བསུས་ཏེ། ། གངས་ལྗོངས་ཡུལ་ལ་ཕེབས་ཡོང༌། །

ཡི་ཐང་མ་ཆད།

མར་ངོ་ཡི་སྐར་ཚོགས་ཕྲ་མོ། །  མུན་ནག་ཏུ་ཡི་ཐང་མ་ཆད། །
ཡར་ཚེས་ཀྱི་བཅོ་ལྔའི་དུང་ཟླས། །  མུན་བསལ་གྱི་སྐྱ་མདའ་གཏང་ཡོང༌། །

དགུན་དུས་ཀྱི་མཐོ་སྒང་སྐྱེ་འགྲོ། །  གྲང་ངར་ལ་ཞུམ་པ་མ་གནང༌། །
དཔྱིད་འདྲེན་གྱི་ཁུ་བྱུག་སྔོན་མོས། །  དཔྱིད་དཔལ་གྱི་ཕུན་ཚོགས་བསུ་ཡོང༌། །

དབྱར་ཉིན་གྱིས་རྒྱན་གོས་བཅོམ་པའི། ། རང་བཙན་གྱི་ཁ་བ་དཀར་པོ། །
གོས་མེད་ལ་སྐྱེངས་པ་མ་གནང༌། ། དགུན་དཔལ་གྱིས་སླར་ཡང་རྒྱན་ཡོང༌། །

རྫ་ཆུ་ཡི་དྭངས་བསིལ་འགྱུར་དུས། ། རྫ་རི་ལ་ཡིད་ཆད་མ་བརླག །
དབྱར་གནམ་གྱི་སྦྲང་ཆར་སིལ་མས། །  རྫ་ཆུ་ཡི་རང་བཞིན་གསོ་ཡོང༌། །

སྙིང་མེད་ཀྱི་འཚོ་བའི་རང་མདངས།

གངས་དཀར་རི་བོའི་རྩེ་ལ། །  གངས་སེང་དཀར་མོ་སྟོང་ན། །
ཁ་བའི་འདབ་ལོ་བརྩེགས་ཀྱང༌། །  གངས་རིའི་གཟི་བརྗིད་མི་ལྡན། །

རྫ་རི་མཐོན་པོའི་རྩེ་ན། །  རྫ་ཆུ་བསིལ་མ་མེད་ན། །
རྫ་གསེབ་མེ་ཏོག་བཞད་ཀྱང༌། ། རྫ་རིའི་ཁྱད་ཆོས་མི་ཚང༌། །

སྔོ་ལྗང་སྤང་ལྗོངས་ཐོག་ཏུ། །  དྲི་ཞིམ་མེ་ཏོག་མེད་ན། །
ནེའུ་གསེང་གཡུ་མདངས་བཀྲ་ཡང༌། །  སྤང་ལྗོངས་མཛེས་ཉམས་མི་ཐོན། །

ཤང་ཤང་ཆུ་མོའི་གཞུང་དུ། ། གསེར་ཉར་འཁྱུག་རྩལ་མེད་ན། །
རྦ་རླབས་དྲག་ཏུ་འཕྱུར་དུས། ། གསེར་ཉའི་སྐུ་སྲོག་ཤོར་ཡོང༌། །

གངས་ཅན་ཁ་བའི་ལྗོངས་ལ། ། གངས་ཅན་ལྷ་སྐལ་མེད་ན། །
འདོད་ཡོན་ལོངས་སྤྱོད་འཛོམས་ཀྱང༌། ། འཚོ་བའི་རང་མདངས་མི་ཐོན། །

མདོ་ཁམས་ཀྱི་ཕོ་རྒོད་མ་ཡིན།

སྐེད་ཐོགས་ཀྱི་རལ་གྲི་རྣོན་པོ། ། སྙིང་སྟོབས་ཀྱི་གོ་མཚོན་སྤྱད་དེ། །
རིགས་གཅིག་གི་སྤུན་ཟླར་བསྣུན་པ། ། མདོ་ཁམས་ཀྱི་ཕོ་རྒོད་མ་ཡིན། །

ཁ་གང་གི་རྩ་ཆུའི་དོན་ཕྱིར། ། ཤ་ཁྲག་གི་སྤུན་གཉེན་ལྷན་དུ། །
ལུས་སྲོག་གི་རྩེད་མོ་རྩེ་བ། །  མདོ་ཁམས་ཀྱི་དཔའ་བོ་མ་ཡིན། །

གྲུ་བཞི་ཡི་རྒྱ་ལྕོག་སྟེང་དུ། །  སོ་ཕག་གིས་རྩིག་པ་བརྩེགས་ཏེ། །
ཉིན་མཚན་གྱི་འཁོར་ལོ་བསྐོར་བ། །  མདོ་ཁམས་ཀྱི་དུས་ཚོད་མ་ཡིན། །

མཐོ་དམན་གྱི་སྐད་ཆ་ཚིག་འགས། །  སྙིང་ཁམས་ཀྱི་སྲོག་རླུང་དཀྲུགས་ཏེ། །
སྤུན་ཟླ་ཡི་ལུས་སྲོག་བཅོམ་པ། ། མདོ་ཁམས་ཀྱི་ལ་རྒྱ་མ་ཡིན། །

དུས་རབས་ཀྱི་སྲིང་སྐུད་བརྒྱུས་པའི། ། ཕྲེང་རྡོག་གི་རིན་ལྡན་ཁྱད་ནོར། །
ཕྱིར་འདྲེན་གྱི་ཚོང་རིགས་གཉེར་པ། །  མདོ་ཁམས་ཀྱི་ཚོང་དཔོན་མ་ཡིན། །

མི་རིགས་ཀྱི་དཔའ་རྒོད།

གངས་ཅན་ཆོལ་གསུམ་སྤུན་ཟླ། ། གདུང་དྲུག་རིགས་ལས་མཆེད་པ། །
སྤུན་ཟླའི་འདུ་ཤེས་མངའ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གངས་ལྗོངས་བདེན་པའི་ལོ་རྒྱུས། ། འཆི་བའི་སྲོག་ལ་ཐུག་ཀྱང༌། །
སྨྲ་བའི་བློ་སྟོབས་ལྡན་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གངས་ལྗོངས་མི་རིགས་བླ་སྲོག ། ཆོས་དང་རིག་གཞུང་བཟང་པོ། །
མི་ཉམས་རྒྱུན་འཛིན་ཐུབ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གངས་ཅན་སྣོད་བཅུད་ཁྱད་ནོར། །  གཏོར་སྐྱོན་དགྲ་ཇག་ཁ་ལས། །
ཉེན་སྲུང་གཅེས་སྐྱོང་བྱས་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གདུང་དྲུག་རིགས་རྒྱུད་ངག་ལས། ། བྱུང་བའི་སྐད་དང་ཡི་གེ། །
རྒྱུན་སྤྱོད་གཅེས་འཛིན་གནང་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

འགྱོད་གདུང༌།

མུན་ནག་འཇིག་རྟེན་གླིང་དུ། ། དྲིན་ཆེན་ཨ་མ་ཁྱེད་ཀྱིས། །
བྲིས་པའི་སྐྱོ་གདུང་ལོ་རྒྱུས། ། བུ་ངས་དངོས་སུ་མཇལ་བྱུང༌། །

འཚོ་གོས་ཐོན་སྐྱེད་ཞན་པས། །  ལུས་ཀྱི་ཟུངས་ཁྲག་བཅོམ་སྟེ། །
འཇིག་རྟེན་ཕྱི་མར་གཤེགས་པ། །  བུ་ང་འགྱོད་པས་གདུང་བྱུང༌། །

ལུས་ཀྱི་འབྱུང་བཞི་འཁྲུགས་དུས། །  གསོ་རིག་སྨན་བཅོས་མ་འདང༌། །
འཇིག་རྟེན་ཕྱི་མར་གཤེགས་པ། །  བུ་ང་འགྱོད་པས་གདུང་བྱུང༌། །

ཚོགས་བསག་དགེ་སྦྱོང་མ་བྱུང༌། །  སྨོན་ལམ་ཞབས་རིམ་མ་བྱུང༌། །
འཇིག་རྟེན་ཕྱི་མར་གཤེགས་པ། །  བུ་ང་འགྱོད་པས་གདུང་བྱུང༌། །

བྱམས་དང་བརྩེ་བའི་བདག་ཉིད། ། ལུས་རྟེན་ཤ་ཁྲག་སྦྱིན་པོ། །
བདག་གི་ཨ་མ་དྲིན་ཅན། །  ད་གཟོད་གང་དུ་བཞུགས་ཡོད། །

Share198Tweet124

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

April 2026
M T W T F S S
 12345
6789101112
13141516171819
20212223242526
27282930  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།