རྩོད་ལྡན་ཚེ་ལོ་བརྒྱ་པའི་རྣམ་འདྲེན་པ།།
ཀུན་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཉིད།།
༸རྒྱལ་བ་སྟོན་པ་གཤེན་རབ་མི་བོ་རྗེ།།
སྒོ་གསུམ་དྭངས་བར་འདྲེན་པས་གུས་ཕྱག་འཚལ།།
ཐོག་མའི་བོན་གཞུང་དྲི་མེད་ལུང་རིགས་ལས།།
ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞི་པོ་དེ།།
མགྲིན་པའི་དབྱངས་ནས་ཁས་ལེན་གདོད་ནས་འདོད།།
ཡིན་ཡང་གྲུབ་མཐའ་བཞི་དང་ཐེག་པ་གསུམ།།
ཡོད་པའི་ཐ་སྙད་བོན་ངོར་གྲུབ་པར་མེད།།
ཐེག་པའི་དོན་གསལ་ཐབས་ཤེས་ཟུང་གི་འདོད།།
བོན་པའི་གྲུབ་མཐའ་ཤེས་རབ་རིམ་པ་དགུ།
རང་ངོར་རང་གིས་མཐར་གྲུབ་ཡོད་པ་ཞེས།།
བོན་གྱི་གྲུབ་མཐའི་ཐ་སྙད་གདོད་ནས་འདོད།།
གྲུབ་པའི་དོན་ལ་དགུ་རུ་སྨྲ་བ་ལས།།
བཞི་རུ་ཡོད་པ་འདོད་པ་བོན་ལུགས་མེད།།
གཡུང་དྲུང་བོན་གཞུང་གྲུབ་མཐའི་བཞེད་ངོར་ལ།།
ཐེག་དགུ་འཇོག་ལུགས་མི་འདྲ་རྣམ་གསུམ་ཡོད།།
ལྷོ་གཏེར་དབུས་གཏེར་བྱང་གཏེར་ལུགས་གསུམ་ལས།།
དང་པོ་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ནི།།
མུ་ཆོའི་ཐེག་པ་རིམ་དགུ་ཞེས་པ་དང་།།
བྱང་སེམས་གབ་དང་གསང་སྔགས་མ་རྒྱུད་དང་།།
གཤེན་ལུགས་མདོ་ལུགས་དྲི་མེད་གཟི་བརྗིད་དང་།།
གསས་མཁར་སྤྱི་སྤུངས་རྣམ་དག་པདྨ་ཀློང་།།
ཀུན་ཁྱབ་རྩ་བའི་དཀྱིལ་འཁོར་ཐེག་དགུ་ཞེས།།
ཕྱྭ་གཤེན་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་དང་།།
དགེ་བསྙེན་དྲང་སྲོང་ཨ་དཀར་ཡེ་གཤེན་དང་།།
བླ་མེད་ཐེག་པ་རིམ་དགུ་བོན་ལུགས་འདོད།།
དང་པོ་གཉིས་པ་གསུམ་པ་བཞི་པ་འདི།།
བོན་ལུགས་རྒྱུ་ཡི་ཐེག་པ་ཡིན་པར་བཞེད།།
དེ་བཞིན་དང་པོ་གཉིས་ལ་འཇིག་རྟེན་གྱིས།།
སྣོད་བཅུད་སྲུང་དང་འཆམ་མཐུན་བྱ་ཚུལ་ལས།།
མོ་རྩིས་གཏོ་དཔྱད་མདོས་བསྐང་སོགས་སུ་འདོད།།
ཕྱི་མ་གཉིས་ལ་སྲིད་གཤེན་ཐེག་པ་ཟེར།།
དེ་ཡང་མི་ཤི་འདུར་བཅའ་ཟེར་བ་དང་།།
ཚེ་འདས་བླ་ཡིད་སེམས་གསུམ་གསལ་ཡོད་འདོད།།
འཕྲུལ་གཤེན་ཐེག་པ་མཐུ་དང་རྫུ་འཕྲུལ་དང་།།
མནན་གཏད་སྔགས་པའི་དྲག་པའི་ལས་སུ་འདོད།།
དེ་དག་བཞི་ལ་རྒྱུ་ཡི་ཐེག་པ་འདོད།།
རྒྱུ་ཡི་ཐེག་པ་བཞི་ལ་ལྟ་སྤྱོད་ཀྱི།།
དྲན་པའི་གབ་འགྲེལ་སེམས་ལུང་གསལ་བར་ཡོད།།
དེ་བཞིན་ཐེག་པའི་ལྟ་བས་སྒོམ་པ་ལས།།
ཉོན་མོངས་རྩད་གཅོད་གཉེན་པོར་འདོད་པ་དང་།།
གོམས་པའི་ཕྱིན་ན་མྱང་འདས་དག་པའི་ཞིང་།།
འདོད་པ་མ་ཡིན་བོན་ལུགས་གཤིས་སུ་གྲུབ།།
འོན་ཀྱང་མཁའ་ཁྱབ་སེམས་ཅན་ཕན་པ་ལས།།
གནོད་འཚེ་མི་རུང་བོན་ཐེག་གཞུང་ལས་གསུངས།།
ལྷོ་གཏེར་འབྲས་བུའི་ཐེག་པ་ལྔ་པ་ལས།།
དགེ་བསྙེན་ཐེག་པའི་ལྟ་བའི་དོན་གནད་ནི།།
སྔོན་ཚེའི་ལས་དང་ད་ལྟའི་སྒོ་གསུམ་ལས།།
སྒྲུབ་པའི་སེལ་འཇུག་དགེ་བསྙེན་ལྟ་བ་དེས།།
དགེ་སྤྱོད་བཅུ་དང་བཅུ་གསུམ་སྒྲིབ་བྱང་ནས།།
བདེ་འགྲོ་ཐར་པའི་འབྲས་བུ་འདོད་པ་དེ།།
བོན་ལུགས་ཐེག་ལྔ་དགེ་བསྙེན་ལྟ་བ་ཞེས།།
སེམས་ལུང་སྔ་ཕྱི་རྒྱུ་འབྲས་དགེ་བསྙེན་འདོད།།
སྣོད་བཅུད་སྒྱུ་མའི་ཀུན་རྫོབ་ལྟ་བ་དང་།།
སྒོ་གསུམ་སྒྲིབ་པའི་དཀའ་ཐུབ་མྱང་འདས་ལ།།
ཐེག་དྲུག་དྲང་སྲོང་ལྟ་བར་བཞེད་པ་འདོད།།
ཐེག་བདུན་ཨ་དཀར་ཐེག་པ་ཞེས་པ་ནི།།
སྤྱོད་སྒོ་གཙོ་འཛིན་བོན་མཁས་དག་ལས་གསུངས།།
དེ་བཞིན་བོན་ལུགས་གསང་སྔགས་ཕལ་མོ་ཆེ།།
ཐེག་བདུན་ཨ་དཀར་ནང་དུ་འདུས་པར་བཞེད།།
ཁྱད་པར་བོན་ལུགས་ཐུན་མིན་ལྟ་བའི་ཐད།།
ཐེག་བདུན་ཨ་དཀར་ཐེག་པའི་ཡིན་པར་སོམས།།
སེམས་ཉིད་རང་གསལ་ལྟ་བའི་གནད་ལ་བཞེད།།
དེ་ཡང་གཞི་ཡེ་སངས་རྒྱས་བཤད་རྒྱུད་ལས།།
བོན་ལུགས་ཡེ་གཤེན་སྣང་བ་སེམས་ཙམ་སྟེ།།
དག་པའི་སེམས་ནི་སངས་རྒྱས་ཉིད་དུ་འགྱུར།།
གསང་སྔགས་འདི་ཡི་བཞེད་འདི་སེམས་འདི་ནི།།
ཉོན་མོངས་སྐྱེ་སྡུད་ཀུན་གྱི་རུ་མ་ཡིན།།
ངོ་བོ་སྟོང་པར་གནས་ཀྱང་སངས་མི་རྒྱ།།
ལས་ཀྱི་རྟེན་བྱེད་བྱ་སྒྲོ་རླུང་ཁྱེར་འདྲ།།
ཡེ་ཤེས་སེམས་གཉིས་མ་ཕྱེད་ཝ་དང་གལ།།
ཞེས་གསུངས་དག་པའི་ལུང་ཚིག་ཡེ་གཤེན་ཞེས།།
ཐེག་པ་འདི་ཡིས་བོན་ལུགས་སེམས་ཙམ་དང་།།
དག་ལྡན་སེམས་ཀྱི་རང་བཞིན་སྟོང་པར་འདོད།།
གསང་སྔགས་ཨ་དཀར་ཐེག་པས་སེམས་དང་ནི།།
རང་བཞིན་སྟོང་པར་རྟོགས་ཙམ་སངས་རྒྱས་པས།།
འདོད་པ་མ་ཡིན་བོན་མཁས་དག་ལས་གསུངས།།
སེམས་དང་ཡེ་ཤེས་ནང་གསེང་ཡེ་ཤེས་ནི།།
རང་རིག་ཡེ་ཤེས་དག་པའི་རང་བཞིན་འདོད།།
དེ་ཡང་རང་རིག་ཡེ་ཤེས་གསལ་སྟོང་ངམ།།
རིག་སྟོང་རང་གསལ་དག་ངོར་གྲུབ་པར་བཞེད།།
མདོར་ན་གསང་སྔགས་ཨ་དཀར་ལྟ་བ་འདི།།
སྔགས་སེམས་ལྟ་བའི་གནད་ལུགས་ཡན་ཆད་འདོད།།
རྣམ་རྩོད་ཐེག་དང་རང་རྟོགས་ཐེག་པ་ཞེས།།
དབུས་གཏེར་ཐེག་དགུའི་སྐབས་སུ་གསལ་བར་ལྟར།།
སེམས་ཙམ་པ་དང་ཆ་འདྲ་ཐུགས་རྗེ་དཔའ།།
དབུ་མ་པ་དང་ཆ་མཚུངས་བོན་ལུགས་སུ།།
གཡུང་དྲུང་སེམས་དཔའ་སྤྲོས་པ་མེད་པ་སྟེ།།
མདོ་ལུགས་ཕར་ཕྱིན་ཐེག་པའི་ཁྱད་པར་འཕགས།།
དེ་བཞིན་བདེན་གཉིས་དབྱེར་མེད་ཡོད་ན་ཡང་།།
མཐར་ཐུག་སྟོང་ཉིད་སྤྲོས་བྲལ་ཡིན་པ་ལས།།
གཉིས་མེད་ལྷུན་གྲུབ་ཚུལ་ལ་བོན་སྔགས་དང་།།
རྫོགས་ཆེན་ལྟ་བའི་སེམས་ཉིད་མཚུངས་པར་མིན།།
གཡུང་དྲུང་བོན་སྔགས་སེམས་ཀྱི་ལྟ་བ་ནི།།
སེམས་ཉིད་ཉམས་ལེན་ཁོ་ནའི་ངོ་སྤྲོད་དང་།།
ཐབས་ཤེས་བདེན་པའི་གནད་ལུགས་འཕྲོད་པར་བཞེད།།
དེ་ཡང་ཕྱི་རོལ་དོན་གྲུབ་ཡིན་མིན་དང་།།
རང་ངོས་གྲུབ་པས་སྟོང་མིན་སྟོང་པ་ལ།།
བརྟག་དཔྱད་ཞིབ་མོར་ཡོད་མིན་བདེན་པའི་ངོར།།
སེམས་ཉིད་ལག་ལེན་དངོས་སུ་ར་འཕྲོད་འདོད།།
བོན་གཞུང་གནད་ལ་ཅུང་ཙམ་བགྱིས་པར་འདིར།།
བརྡ་དང་ཐ་སྙད་སྦྱོར་ཚུལ་འགལ་འཛོལ་དང་།།
བོན་གྱི་ལྟ་དགོངས་བཞེད་ཚུལ་བཤད་ཡམ་དུ།།
འགལ་འདུ་ལྟག་སྤྲོད་གནས་སུ་སོང་ཡོད་ན།།
བོན་སྟོན་མི་བོ་གཤེན་རབ་སྐྱེས་མཆོག་དང་།།
རྗེས་འཛིན་མཁས་གྲུབ་དག་གིས་དགོངས་བཞེད་མཛད།།
རྗེས་སོར་བོན་སྟོན་གནད་ལ་ཤེས་འདོད་ཚོ།།
དྲི་མེད་བོན་གཞུང་དག་ལ་སྤྱན་གཟིགས་མཛད།།
གདོང་མཁན་ཁོ་བོས་བོན་གཞུང་གསེར་སྡོང་ལས།།
བོན་པོའི་ལྟ་བའི་གནད་ལ་སྣང་ལ་ཙམ།།
རང་ཡུལ་དག་པའི་ངེས་པ་འདྲེན་ནུས་མིན།།
དེའི་ཕྱིར་བོན་པོ་གསར་རྙིང་མཁས་པ་ཚོས།།
ལེགས་བཤད་སྣང་བ་གསར་པའི་ལྟ་བའི་གནད།།
འབད་པ་གནོངས་དང་གདོང་མཁན་ལན་གཅིག་བསྐུལ།།
འདི་འབོད་དགེ་བས་ལེགས་སྦྱོར་རྣམ་དཀར་མཐུས།།
གཡུང་དྲུང་བོན་སྟོན་དར་ཞིང་ཡུན་གནས་དང་།།
གསང་སྔགས་ཨ་དཀར་ཐེག་པའི་དག་པའི་ཞིང་།།
མཁའ་ཁྱབ་སེམས་ཅན་མ་ལུས་འདྲེན་པར་ཤོག།།
འཕགས་ལྗོངས་རྒྱ་གར་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སེར་བྱེས་ཏྲེ་ཧོར་མགྲོན་ཁང་། ཁང་མིག ༣༠༤ ནང་དུ་བོན་གཞུང་ལ་ལྟ་མྱུལ་དང་གང་མཐོང་གང་དྲན། གདོང་མཁན་པས་༢༠༡༨/༡༠/༨ ཉིན་ཤར་མ་བྲིས།