Tuesday, March 10, 2026
Khampa Writers
No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།
Khampa Writers' Group
No Result
View All Result

འགོག་མེད་སེམས་ཀྱི་འཆར་ཡན།

ཝ་ཎ། གསེར་རྟ་བསོད་ཕུན།

October 16, 2021
in སྙན་ངག
0

སྨུག་པ་ལང་ལོང་གཡོ་བའི་གནམ་མཐའ་འདིར།།

རུས་པའི་གསེབ་ལ་འབྲལ་ཁའི་དུང་བ་མཐུག།།

འཁྲེང་སེམས་ཁམས་ན་མཇུག་མཐའི་མཆི་མ་འཁྲུག།  

འགྱེལ་མ་ལང་གི་རྣམ་ཤེས་རྡིབ་ལ་ཁད།།

 

གདང་ལ་རི་བོའི་རྣམ་ཤེས་རྒྱང་ལ་ཤོར།།

ས་སྲོད་མཚན་ལྗོངས་བུ་ཡུག་འཚུམ་མའི་ཁེངས།། 

ལྷོ་སྤྲིན་བཤུམ་པའི་གདུང་བ་སེམས་ལ་འཇགས།།

སྐེ་དཀྲིས་དམར་པོའི་སྨེ་གླུ་སེམས་ལ་འཁོར།།

 

འཁོར་རྩ་མ་རིག་སྲིད་པའི་མཚོ་ཆེན་ངོགས།། 

ཟག་བཅས་ཚོར་བས་བསླུས་པའི་བུ་ང་འཁྲུལ།།

ངེས་འབྱུང་ཕྱག་བརྒྱའི་མ་བཏབ་ཆགས་སྡང་རླུང་།། 

སྒོ་གསུམ་ལས་ལ་ཞུགས་པའི་བུ་ང་སྐྱོ།།

 

མ་རིག་གཞན་དབང་སོང་བའི་འཆལ་པོ་ང་།། 

ཞི་བྱེད་ཐར་བའི་ལམ་ལ་རྒྱང་དུ་གྱེས།། 

ཆོས་རྣམས་མཐར་ཐུག་གཤིས་ལུགས་མ་རྟོགས་པར།། 

ཐ་སྙད་ཚིག་ཤག་གསེབ་ནས་མགོ་འཁོར་བྱུང་།།

 

 རང་ཉིད་གཅེས་འཛིན་བྱས་པའི་གྲུབ་དོན་དེས།། 

དགའ་སྐྱོའི་ཚོར་བ་ཤ་རུས་གསེབ་ནས་ལུད།།

དོན་དམ་ངེས་པའི་ཐབས་ཚུལ་མ་ཤེས་སོང་།།

ཀུན་རྫོབ་ཁམས་ན་མགོ་བོ་གདུགས་ལྟར་འཁོར།། 

 

སེམས་ཀྱི་ག་བུར་འཁོར་བའི་འདབས་སུ་འཕྱན།། 

གཡར་པོ་ལུས་འདི་ཆོས་མིན་གནས་སུ་བྲེལ།། 

ལོངས་སྤྱོད་བྲལ་བའི་གྲོང་གི་འཆལ་པོ་ང་།། 

སྨྱོན་པའི་བརྟུལ་ཞུགས་སྤྱོད་པའི་ངང་ཚུལ་སྐྱོ།།

 

རྙེད་དཀའི་དལ་འབྱོར་འཁོར་བའི་གྲོང་ན་འགྲུལ།།

ཞི་བའི་ཐར་ལམ་མི་དགེའི་ལམ་ལ་བསྒྱུར།།

དབུགས་ཀྱི་རྒྱུ་བ་ཟིང་ཟིང་འུར་ལ་བརྗེས།། 

རེ་དོགས་སྒྱུ་མའི་ཁམས་འདིར་ཐིམ་ལ་ལྟོས།།

 

འདོད་གདུང་རྔུལ་ཆུའི་རི་མོ་སེམས་ལ་རྔམ།། 

རི་དྭགས་རྨས་མ་བཞིན་དུ་ད་བུར་ལུས།། 

ད་ནི་མི་ཚེ་འདི་ལྟར་རྫོགས་སོང་ན།།  

སྲོག་གི་རྒྱུ་བ་གནས་རུང་དོན་དགོས་ཆུང་།།

 

བཏགས་པའི་ཆོས་དེ་སེམས་ལ་མཐུན་ན་ཡང་།།

ངེས་འབྱུང་ཕོ་ཉའི་མེ་ཏོག་རྒྱང་ནས་འཐོར།།

མན་ངག་ཟབ་མོའི་རང་སེམས་མ་འདུལ་བར།།

དད་པའི་འདུན་པ་རིང་མོ་བོར་དེ་སོང་།།

 

མི་ཡུལ་ཁམས་ན་དུང་བའི་བརྩེ་བ་བསྡེབས།།

བསམ་པའི་རྩིག་སྡེབས་དྲན་གདུང་ཁྲོད་ན་འཚེར།། 

ལྷད་མེད་འཚོལ་སྙེགས་རྟོག་ལྗོངས་ཁམས་ན་བཞེངས།། 

བདག་གི་ལུས་ཁམས་སྟོང་པའི་ཀློང་ན་བརྗིད།། 

 

ཕ་མཐའ་བྲལ་བའི་སེམས་ཚོར་སྨུག་པར་འཁྱུད།།

 མ་བཅོས་བརྩེ་གླུ་གངྒའི་ཀློང་ལ་སྤར།།

དྲི་བསུང་འཐུལ་བའི་བུང་བའི་དགའ་ཚལ་ན།། 

ཚོར་བའི་རླབས་ཕྲེང་སྙིང་ཁམས་གཏིང་ན་འཕྱུར།། 

 

འཛུམ་མདངས་སེམས་པར་ཉེ་བའི་ཚེ་སྲོག་ཁམས།། 

མིག་ཆུའི་སྨུག་པ་ལྷིང་འཇགས་ཞིང་ལ་འཁྲིས།། 

མྱ་ངན་ཁེངས་པའི་བྱེ་མའི་སྒང་གཤོགས་ན།། 

སྟོང་གཟུགས་གྲིབ་མའི་རེ་བ་སེམས་ལ་བརྩེགས།། 

 

ལམ་སྣེ་གྲངས་མེད་བརྩེགས་པའི་ཕ་རོལ་ན།།

འཁྱམ་ཉུལ་མང་བའི་ཉིན་མོ་མཚན་ངོགས་གསལ།། 

རྡོག་སྒྲའི་དུས་ཚོད་ས་གཞིའི་ཁམས་སུ་བྲིས།། 

ཟུངས་ཁྲག་ཕྲ་མོ་གཙང་བོའི་གཞུང་ན་རྩེན།།

 

བསིལ་གྲིབ་སྡུག་པོ་སྒེའུ་ཁུང་གདོང་ལ་ལྷུང་།།

དལ་འཇམ་ཤུགས་གླུ་རྣ་བའི་མགྲོན་དུ་ཆས།།

མེ་ཏོག་འདབ་མ་བདག་གི་པང་ཁར་ཟགས།།

ལྡུམ་རའི་བརྩེ་བ་སླར་ཡང་གཞན་དུ་བསྡུས།།

 

བསམ་གཞིག་ཤིང་ལོ་ལྷོ་མོན་ཕྱོགས་སུ་འཕུར།།

ལྷིང་འཇགས་དཀྲོགས་པའི་ལྗོན་རྩེའི་བྱིས་ཆུང་སྐྱོ།། 

འབྲུག་ལོའི་སྤྱན་ཆབ་ག་ལའི་གཞོང་ལ་འཐོར།།  

སེམས་ཀྱི་ཕམ་ཁ་བྱེ་ཐང་ངོས་ལ་ལྡག །

 

གྱེས་གདུང་ཕྱིར་མིག་ཁྲོད་ཀྱི་མཚན་ལྗོངས་ན།།

རང་སེམས་མེ་རི་འབར་བའི་སེམས་ཁྲལ་འཚུབ།།

མཚོ་ཁའི་བྱིས་ཆུང་ལག་པའི་གནམ་ལ་བཀྱགས།། 

མཚོ་མཐའི་རེ་བ་བདག་གི་སེམས་ལ་འཇགས།། 

 

བསམ་གཞིག་སྦྲང་ཆུང་འཕུར་བའི་ཤུལ་རྗེས་ན།།

རྩྭ་ལོས་ཁེབས་པའི་མེ་ཏོག་སྙིང་ལ་རྗེ།། 

འདོད་སྲིད་འཚང་ཁ་བསྡེབས་པའི་ཤུལ་ལམ་ན།། 

ཁེར་རྐྱང་སྤྲང་པོའི་མི་ཚེ་གཟིམས་ལ་ལྟོས།།

 

གདུང་བའི་དབྱངས་རྟ་སྙིང་ཁམས་ཀློང་ན་གདུས།།

བརྩེ་བའི་མཐོངས་ཀ་ཐོལ་གྱིས་གཤགས་འདི་སྐྱོ།།

མི་མངོན་དབྱིངས་ན་གདུང་བའི་གཟུགས་ཕུང་བཞེངས།། 

ལས་དབང་ལས་ཀྱི་བསྐོས་པ་འདི་ལྟར་ཡིན།།

 

སྨྱུག་པའི་ཡལ་གས་བསིལ་རླུང་ཧོབ་སེ་འཐག།།

ལག་པའི་གདུབ་ཆུང་ས་ལ་ཤོར་འདི་ཐལ།།

སེམས་ཀྱི་རེ་བ་སླར་ཡང་རྨས་མ་བྱས།། 

གདུང་བའི་ཁམས་ལ་སྐྱོ་བའི་ཤུགས་རིང་རྔམ།།

 

ཁེར་རྐྱང་གྲོང་ལམ་ཉུལ་བའི་དྲེད་པོ་ང་།།

གྲིབ་མ་ནག་རིལ་ལྷན་དུ་ངེས་མེད་ལྡོམ།། 

སེམས་དང་ལྷན་དུ་གནས་པའི་གདུང་བ་དེས།། 

མི་ཚེའི་གསང་བ་རྡོལ་བའི་དམ་ཚིག་ཅིག།།

 

ཞོགས་པའི་ཉི་ཟེར་མཐོན་པོའི་རི་ལ་འཁྱུད།། 

ནམ་མཁའི་ཁམས་ལ་དྭངས་བའི་འཇའ་རིས་བཀྲ།། 

ས་གཞིའི་གདོང་ལ་ཧ་ལོའི་མེ་ཏོག་འཛུམ།།

བདག་སེམས་ཁམས་ལ་ཚོར་འདུས་སྤྲིན་ཆེན་འཁྲིགས།། 

 

བརྐོས་པའི་ལོ་རྒྱུས་མི་ཡུལ་ཁམས་ལ་བཞག །

སེམས་ཀྱི་རྟོག་ལྗོངས་རི་བོའི་རྩེ་ལ་བཀོད།། 

ཆུ་མོའི་གཞུང་ལ་རྐང་རྗེས་ནར་མོ་འཐེན།། 

མུན་གསེབ་ཁྲོད་ནས་གདུང་བའི་ཕོ་ཉར་གཏང་།།

 

དུབ་པའི་ལོ་ཟླ་རྒྱ་མཚོའི་རླབས་དང་མཚུངས།། 

ངལ་ཞིང་དུབ་པའི་གདུང་བ་སེམས་ལ་ལུད།།

 གཉིད་དང་བྲལ་བའི་སེམས་པ་ཤི་རྨས་བཏང་།།

སྒྱུ་མའི་མཚོ་འགྲམ་འདི་ནས་གཞན་དུ་གྱེས།། 

 

ཟླ་བའི་འོད་འཇམ་ཞོ་གསར་སྤུངས་པ་མཐོང་།།

འཛུམ་པའི་དུང་བ་ཁྱེད་ཀྱིས་གནང་ཚུལ་དྲན།། 

མངར་ལྡན་དགའ་སྤྲོས་བརྟས་པའི་ཕྱག་ཟུང་དེས།། 

མཁའ་དབྱིངས་ཁམས་སུ་མེ་ཏོག་ཕྲེང་བ་བརྒྱུས།། 

 

སྐྲ་གསེང་མེ་ཏོག་སྐེ་རྒྱན་མཛེས་པ་སོགས།། 

བདག་སེམས་གཟེངས་སུ་བསྡད་པའི་སྙན་དངགས་ཕབ།། 

སེམས་གཏམ་བཞག་ནས་ལྷིང་འཇགས་གསང་བ་ཉུལ།། 

ལག་ཟུང་སྟོང་པའི་དབྱིངས་སུ་བརྡ་ཡིག་གསལ།། 

 

ཁྱེད་ཀྱི་དུང་བརྡ་མི་མངོན་དབྱིངས་ནས་འབུས།། 

གདངས་དབྱངས་གཏན་ཚིགས་ང་ཡི་རྣ་རུ་ལྷུང་།།

སྨྱོས་པར་བཟི་བའི་ལྡེབས་རིས་སྣ་ཚོགས་བསྐྲུན།།

རྒུན་ཆང་འདྲ་བའི་སྒྲུང་རིང་སེམས་ན་ཞིམ།།

 

མ་བཟོས་རྡོ་ཡི་ཕ་བོང་གམ་གྱི་རྩར།།

ཤེས་རབ་ཅན་གྱི་བརྩེ་བའི་ཕྱག་རྗེས་བཞག།།

རླུང་འཚུབ་དྲག་པོ་གཡུག་ན་སྔོན་གྱི་ལས།། 

ཕ་བོང་ཕྱོགས་བཞིར་གཏོར་བའི་སྣང་ཚུལ་མཐོང་།།

 

དགོད་སྒྲའི་བསྒྱུར་བའི་དམ་བཅས་འདུན་མ་སྟོང་།།

དུང་བ་བྱེ་མར་འཐག་པའི་ན་ཟུག་བསླངས།།

བདག་སེམས་དུམ་བུར་གཤགས་པའི་གཏམ་ངན་དེས།།

མི་འདོད་རྒུད་པའི་ཕྱོགས་སུ་ཁད་ཀྱིས་བརྫངས།།

 

མེ་ཏོག་ཚོམས་ཀྱི་བསྡུས་པའི་ལྷོ་ལམ་ན།། 

མིག་ཟུང་མཆི་མར་འཁྱིལ་བའི་དུང་བ་བརྩེགས།། 

བརྩེ་བའི་བསྟི་གནས་མེད་པའི་འཆལ་པོ་ཞིག།

བདག་སེམས་ཆུ་འཁྱག་བླུག་པའི་ཚོར་གདུང་ལྗིད།།

 

 

སེམས་པའི་ཟིན་ཐོ་གནམ་ལ་བཀྱགས་པ་བྱས།།

ཁྱེད་ཀྱི་གནང་བའི་སྦ་སྙུག་དཀར་པོ་ལ།།

འཐམས་དེ་ལག་ཟུང་མཁའ་ལ་བརྐྱངས་པ་ཤོར།།

དུང་བའི་ལྡང་སྐོར་སྐྱོ་བའི་གསོལ་འདེབས་ཕུལ།།

 

འབྲི་ཆུའི་དབྱངས་རྟ་གློ་སྙིང་ཁམས་ན་རྩེན།། 

སྨུག་པོ་རི་ལ་དྲན་བརྡ་ཐེངས་གཅིག་གཏང་།།

ཁྱེད་ལ་མཁོ་བའི་སེར་ཆེན་མེ་ཏོག་དེ།།

གསེར་ཆུའི་ཁ་ནས་ཁྱེད་ལ་བསྐུར་ཡང་ཆོག།།

 

སྒྱུ་མའི་འཁྲུལ་སྣང་ཞིག་པའི་ཕོ་བྲང་ནང་།།

མ་དང་མཁའ་འགྲོའི་བྱིན་རླབས་མཇལ་རྒྱུ་ཡོད།། 

རང་བྱུང་ལྷན་གཅིག་གནས་པའི་བདེ་ཆེན་ལ།།

མ་བཅོས་སོར་བཞག་ངང་ནས་རོལ་བར་ཤོག །

 

མི་ཡུལ་འདི་ནས་འཆལ་ཡན་སྣ་ཚོགས་ཤིག།། 

རང་སེམས་ཀློང་ལས་ཤར་བ་མ་ཤེས་པར།། 

 མ་དག་སྣང་བའི་རང་ཉིད་དོག་པར་བྱས།། 

ཆོས་ཉིད་བདེན་པའི་གནས་ལུགས་ཐག་མི་རིང་།།

 

རྒྱ་གར་གྱི་ཆུ་མོ་གངྒའི་ཉེ་འཁྲིས་དྲང་སྲོང་ལྷུང་བ་ཅན་གྱི་ནགས་ཚལ་དུ་འཆལ་པོ་བསོད་སྨྱོན་ནམ་པུར་མིང་གསེར་འབྲོང་སྲས་སུ་འབོད་པས་ཁ་ཐུག་ཏུ་བགྱིས་སོ།། སྤྱི་ལོ2018  ཕྱི་ཟླ་11  ཚེས9

Share197Tweet123

Related Posts

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

སྐུ་ཞབས་རག་རྡོ་རིན་པོ་ཆེས་བརྩམས་གནང་བའི་སྲོལ་རྒྱུན་སྙན་ངག

April 19, 2022
0

ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས།

His Holiness The 14th Dalai Lama

འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།

April 18, 2022
0

གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།

བདེ་ཐང་།.  མཁན་པོ་འཇམ་དཔལ་བསྟན་འཛིན།

བདེ་ཐང་།. མཁན་པོ་འཇམ་དཔལ་བསྟན་འཛིན།

April 21, 2022
0

ལུས་ཁམས་བདེ་ན་མི་ཚེ་སྐྱིད།། ཁ་ལས་རླུང་རྟ་ཡར་ལ་འཕེལ།། དཔལ་དང་འབྱོར་བ་ཀུན་ནས་འདུ།། ལུས་ཁམས་བདེ་ལ་ཅི་ནས་འབད།།

ལངྐར་གཤེགས་པའི་སྙན་ངག   བེ་རི་འཇིགས་མེད་དབང་རྒྱལ།

ལངྐར་གཤེགས་པའི་སྙན་ངག བེ་རི་འཇིགས་མེད་དབང་རྒྱལ།

April 21, 2022
0

ཀ་ཤིའི་གྲོང་ནས་གནམ་མཐོངས་ཁད་ཀྱིས་གཤགས།། ལྡི་ལི་འབབ་ཚུགས་མཚན་མོའི་གནས་ཚང་བསྟེན།། མོང་བྷེ་རྒྱུད་ནས་ལངྐའི་རྒྱལ་ཁམས་བསྙེགས།། རྒྱལ་སའི་གྲོང་ཁྱེར་ཀོ་ལོ་བྷོ་ལ་བསྡད།།

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ་བཤེར།

No Result
View All Result

ལོ་ཐོ།

March 2026
M T W T F S S
 1
2345678
9101112131415
16171819202122
23242526272829
3031  
« Aug    

Copyright © 2021 khampawriters

ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།

Khampa Writers' Group

Follow Us

No Result
View All Result
  • མདུན་ངོས།
  • ང་ཚོའི་སྐོར།
  • ལོ་རྒྱུས།
    • རྒྱལ་རབས།
  • དགོན་སྡེ།
  • ཡུལ་ལུང་།
  • ཆོས་འབྱུང་།
  • གསུང་འབུམ།
  • རྩོམ་རིག
    • དཔྱད་རྩོམ།
    • བསྒྱུར་རྩོམ།
    • སྒྲུང་རྩོམ།
    • སྙན་ངག
  • མི་སྣ་ངོ་སྤྲོད།
  • རིག་གཞུང་།
  • གསར་གནས།
  • གསལ་བསྒྲགས།
  • འགྲེམས་སྟོན་
    • པར་མཛོད།
    • བརྙན་མཛོད།
    • སྒྲ་མཛོད།
  • འབྲེལ་གཏུགས།
  • རྩོམ་སྒྲིག་པ་ནང་འཛུལ།

Copyright © 2021 khampawriters ཁམས་པའི་སྨྱུག་ཚོགས་སྐབས་༡༤ པའི་རྒྱུན་ལས་ཀྱིས་བཟོས།